༄༅།།མཚོ་བོད་མཐོ་སྒང་ནི་མིའི་རིགས་བྱུང་ཁུངས་ཀྱི་ཡ་གྱལ་ཞིག་ཡིན་པའི་སྐོར་རགས་ཙམ་གླེང་བ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-19



 ནོར་བུ་ཚེ་རིང་།
[ནང་དོན་གནད་བསྡུས།]རྩོམ་འདིར་མིའི་རིགས་བྱུང་ཁུངས་ཐད་ཀྱི་བཤད་ཚུལ་མི་མཐུན་པ་སྣ་ཚོགས་མཚམས་སྦྱོར་དང་བཅས་ཚན་རིག་པའི་དཔྱད་འབྲས་སྤྱད་ནས་མཚོ་བོད་མཐོ་སྒང་ནི་མིའི་རིགས་ཀྱི་བྱུང་ཁུངས་ཀྱི་ཡ་གྱལ་ཡིན་ཚུལ་གླེང་ཡོད།།
[བརྡ་ཆད་གཙོ་བོ།]མཚོ་བོད་མཐོ་སྒང་།  མིའི་རིགས།  བྱུང་ཁུངས།།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K281
[ཡིག་ཚང་མཚན་བྱང་།]A
 [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)03-0059- 17  
        མིའི་རིགས་ཀྱིས་གནའ་ནས་བཟུང་རང་རིགས་མགོ་ནག་མི་འདི་ཐོག་མར་གང་ནས་བྱུང་བའི་ཐད་ལ་བསམ་གཞིག་དང་བརྟག་དཔྱད་ཀྱི་རྒྱུན་ཆད་མ་མྱོང་བ་ནི་འཛམ་གླིང་གི་མི་རིགས་མང་པོའི་ཁྲོད་ན་མིའི་རིགས་ཇི་ལྟར་བྱུང་བའི་ལྷ་སྒྲུང་ཤིན་ཏུ་མང་པས་མཚོན་ནོ།། ཡིན་ནའང་དེ་དག་ནི་མིའི་རིགས་ལོ་ན་ཕྲ་ཞིང་ཤེས་རིག་གི་ཆུ་ཚད་དམའ་བའི་དུས་སྐབས་སུ་བརྒྱབ་པའི་འགྲེལ་ཏེ་“ལྷ་སྒྲུང་”རང་ཡིན་པས་ཟུར་ལྟ་ཙམ་ལས་བདེན་པའི་རང་བཞིན་གྱི་ཕྱོགས་ནས་བཤད་ཐབས་མེད་པ་ཞིག་རེད།  དེར་བརྟེན་ངས་འདི་ནས་ལྷ་སྒྲུང་ཕུད་ད་ལྟ་ཚན་རིག་པ་རྣམས་ལ་མིའི་རིགས་ཀྱི་བྱུང་ཁོངས་ཐད་ལ་ལྟ་བ་གང་དག་ཡོད་པ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ནས་རང་རེ་མཚོ་བོད་མཐོ་སྒང་འདི་མིའི་རིགས་ཀྱི་ཕ་སའི་ཡ་གྱལ་ཡིན་ཚུལ་ཞུ་ན།
        དང་པོ།  མིའི་རིགས་འབྱུང་ཁུངས་ཐད་ཀྱི་བཤད་ཚུལ་མི་མཐུན་པའི་ལྟ་བ།
        སྤྱིར་མིའི་རིགས་བྱུང་ཁུངས་ཀྱི་ཐད་ལ་རྒྱལ་སྤྱིའི་རིག་གཞུང་སྡེ་ཁག་ནས་མཁས་པ་རྣམས་དུས་ད་ལྟའི་བར་རྩོད་པ་ཆེན་པོ་བྱུང་སྟེ་གཅིག་ཐོག་ཏུ་བཞག་མེད་ནའང་། མིའི་རིགས་ནི་སྤྲ་ནས་མཆེད་ཡོང་བའི་ཐད་ལ་ཚན་རིག་པ་མང་ཤས་ཞལ་མཐུན་བྱུང་ཡོད།  དེའི་རྒྱུ་མཚན་ནི་སྐྱེ་དངོས་རིག་པའི་སྟེང་ནས་བཤད་ན་དངོས་རིགས་མི་མཐུན་པའི་བར་གཉེན་བསྡེབ་བྱས་ཆོག་ཀྱང་རྒྱུད་སྤེལ་མི་ཐུབ་པ་རེད།   དེར་བརྟེན་མིའི་རིགས་ཀྱང་སྐྱེ་དངོས་ཀྱི་རིགས་ཤིག་ཡིན་པའི་ཆ་ནས་མེས་པོ་གཅིག་ལས་མེས་པོ་མང་པོ་ཡོད་པར་སྨྲ་བ་ནི་ཚན་རིག་དང་རྒྱབ་འགལ་དུ་སོང་ཡོད་པས་རེད།   ཚན་རིག་པ་རྣམས་གནའ་སྤྲ་སྐོར་ཞིག་ཐོག་མར་གནས་གང་ནས་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་རིམ་བཞིན་མིར་གྱུར་པའི་བཤད་ཚུལ་ཐད་ལ་རྒྱུགས་ཆེ་བ་གཤམ་གྱི་འདི་དག་ཡོད།  
        གཅིག གླིང་ཆེན་ཡོ་རོབ་ཡིན་པའི་བཤད་ཚུལ།
        དེང་རབས་མིའི་རིགས་ནི་ཐོག་མར་གནས་གང་ནས་བྱུང་བའི་འདྲི་གཞི་འདི་བྱུང་མ་ཐག་མིའི་རིགས་རིག་པ་བ་དང་གནའ་དཔྱད་རིག་པ་བ་རྣམས་ཀྱིས་གཅིག་མཐུན་དུ་མིའི་རིགས་ཀྱི་བྱུང་ཁུངས་ནི་གླིང་ཆེན་ཡོ་རོབ་ཡིན་པར་འདོད། དེའི་ལུང་གི་རྒྱབ་རྟེན་ནི་སྤྱི་ལོ་1856ལོར་བཟོ་བ་སྐོར་ཞིག་གིས་འཇར་མན་གྱི་ཉེ་ཨན་ཏེ་གྲོག་རོང་ནས་ཐོག་མར་གནའ་སྤྲའི་འགྱུར་རྡོ་རྙེད་པ་①ནས་བཟུང་སྟེ་གླིང་ཆེན་ཡོ་རོབ་ཀྱི་ས་གནས་ཁག་ནས་གནའ་བོའི་མིའི་རིགས་ཀྱི་ཤུལ་རྗེས་མི་ཉུང་བ་ཞིག་རྙེད་པ་རེད། དཔེར་ན། སྤྱི་ལོ་1823ལོ་ནས་སྤྱི་ལོ་1925ལོར་ཡོ་རོབ་གླིང་ནས་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་བྱེ་བྲག་ཅན་16རྙེད་པ་དང་། རྡོ་ཆས་གསར་མའི་དུས་རབས་ཀྱི་མིའི་རུས་པ་236རྙེད་པ་རེད།②   སྐབས་དེར་གླིང་ཆེན་གཞན་པའི་སྐམ་ས་ནས་ད་དུང་མིའི་རིགས་ཀྱི་འགྱུར་རྡོ་རྙེད་སོན་བྱུང་མེད་པ་རེད། ཡིན་ནའང་དུས་རྗེས་ནས་གླིང་ཆེན་ཨ་ཤེ་ཡ་དང་ཨ་ཧྥེ་རི་ཁ་ནས་གོང་གི་འགྱུར་རྡོ་དེ་ལས་ཀྱང་དུས་ཡུན་ཤིན་ཏུ་སྔ་བའི་མིའི་རིགས་ཀྱི་འགྱུར་རྡོ་རྙེད་པ་ནས་བཟུང་མིའི་རིགས་ཀྱི་བྱུང་ཁུངས་གླིང་ཆེན་ཡོ་རོབ་ཡིན་པའི་ལྟ་ཚུལ་དེ་བག་ལ་ཞ་བ་རེད།    སླར་ཡང་ལོ་རབས་དགུ་བཅུའི་ནང་ཧྥ་རན་སིའི་གནའ་བོའི་མིའི་རིགས་རིག་པ་བ་པའོ་ནི་སི་(Bonis,L.de)ཞེས་པས་ཀེ་རི་སེའི་བྱང་རྒྱུད་མཱ་ཆི་ཏུང་གི་ས་ཁུལ་ཞིག་ནས་ཝུ་ལིང་ནོ་ཞེས་པའི་གནའ་སྤྲའི་འགྱུར་རྡོ་ཞིག་རྙེད་ཅིང་། འགྱུར་རྡོ་འདུས་པའི་ས་རིམ་གྱི་ལོ་རབས་ལ་བརྟགས་ན་ལོ་ས་ཡ་དགུ་ནས་ས་ཡ་གཅིག་གི་ལོའི་སྔོན་དང་དུས་རབས་ནི་བར་གསར་བསྐལ་བའི་དུས་མཇུག་(中新世晚期)ཡིན་པ་རེད། དེར་བརྟེན་པའོ་ནི་སི་དང་ཁོང་གིས་ལས་གྲོགས་རྣམས་ཀྱིས་དཔེ་ཆ་གང་མང་བརྩམས་ནས་གནའ་སྤྲ་འདི་ནི་མིའི་རིགས་ཀྱི་མེས་པོ་ཡིན་པ་དང་གླིང་ཆེན་ཡོ་རོབ་ནི་མིའི་རིགས་ཀྱི་བྱུང་ཁུངས་ཡིན་པར་བསྒྲུབས་ཀྱང་མཁས་པ་མང་པོ་དེ་ལ་དོགས་པ་ཟོས་ཡོད།③ སྤྱི་ལོ་2001ལོར་མིའི་རིགས་རིག་པ་བ་David  Begunདང་ཁོང་གི་ལས་གྲོགས་རྣམས་ཀྱིས་འཇར་མན་དང་ཧང་ག་རི་ནས་རྙེད་པའི་མིའི་རིགས་ཀྱི་འགྱུར་རྡོ་གཉིས་ལ་དཔྱད་དེ་“འདིའི་སྟེང་ནས་སྤྲ་རིགས་དང་མིའི་རིགས་ཀྱི་རྒྱུད་རབས་ནི་ཐོག་མར་གླིང་ཆེན་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ནས་བྱུང་བ་ཡིན་པ་ལས་གླིང་ཆེན་ཨ་ཧྥེ་རི་ཁ་ནས་བྱུང་བ་ཞིག་མིན”④ཞེས་ཨ་མེ་རི་ཁའི་《མིའི་རིགས་འཕེལ་འགྱུར་གྱི་དུས་དེབ་》(journal  of    Human    Evolution)སྟེང་རྩོམ་ཡིག་རབས་དང་རིམ་པ་ཞིག་བྲིས་ཏེ་མིའི་རིགས་འཕེལ་འགྱུར་གྱི་ལོ་རྒྱུས་གསར་བ་ཞིག་འབྲི་བཞིན་ཡོད།   
        གཉིས།  གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པའི་བཤད་ཚུལ།
        གླིང་ཆེན་ཨ་ཧྥེ་རི་ཁ་ནི་མིའི་རིགས་ཀྱི་བྱུང་ས་ཡིན་པའི་ལྟ་བ་ནི་ཐོག་མར་ཏཱར་ཝུན་གྱིས་བཏོན་པ་ཡིན་ཏེ།  ལྟ་བ་དེ་ནི་སྤྱི་ལོ་1871ལོར་པར་དུ་བསྐྲུན་པའི་ཁོང་གིས་བརྩམས་གནང་མཛད་པའི་《མིའི་རིགས་ཀྱི་བྱུང་ཁུངས་དང་ཕོ་མོའི་སྡེབ་ཡུལ་བདམས་པ་》ཞེས་པའི་ནང་བཏོན་པ་རེད། ཡིན་ནའང་སྐབས་དེར་གླིང་ཆེན་ཨ་ཧྥེ་རི་ཁ་ནས་མིའི་རིགས་ཀྱི་འགྱུར་རྡོ་གང་ཡང་མ་རྙེད་པས་ལྟ་བ་དེར་སྒྲུབ་བྱེད་སྟོང་བ་རེད།  སྤྱི་ལོ་1924ལོར་ལོ་ན་ཕྲ་བའི་སྤྲ་མིའི་མགོ་སྐོགས་ཤིག་རྙེད་པ་ནས་དེའི་རྗེས་ཀྱི་ལོ་ངོ་70ནང་“ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་ས་གནས་ཉི་ཤུའི་ཡན་ཆད་དུ་ཆེས་སྔ་བའི་དུས་རིམ་གྱི་མིའི་རིགས་ཀྱི་འགྱུར་རྡོ་རྙེད་པ་རེད། ལྷག་པར་དུ་སྤྱི་ལོ་1974ལོར་ཨ་ཧྥེ་རི་ཁའི་ཤར་ཕྱོགས་སུ་གྲོག་རོང་ཆེན་པོ་ཡོད་སའི་གནས་ཨེ་སེ་ཨའོ་པའེ་ཡཱ་ན་40%ཆ་ཚང་བའི་རུས་སྒྲོམ་སྟེ་‘སྨན་ཆུང་ལུའོ་ཞི་'⑤ཞེས་པ་དེའི་ཀེང་རུས་རྙེད་ཅིང་།  དེ་ད་ལ་ཐུག་གི་བར་ལོ་ངོ་ས་ཡ་གསུམ་ལྷག་ཕྱིན་ཡོད་པ་རེད།    དེའི་སྟེང་དུ་ཨ་ཧྥེ་རི་ཁའི་ས་འོག་ནས་དུས་སྔ་མིའི་འགྱུར་རྡོ་འབོར་ཆེན་བུད་པ་དེ་དག་གིས་མིའི་རིགས་འཕེལ་འགྱུར་མ་ལག་ཆ་ཚང་ཞིག་གྲུབ་ཡོད་པར་བརྟེན།  འཛམ་གླིང་ཡོངས་ཀྱི་མིའི་རིགས་ནི་‘ཨ་ཧྥེ་རི་ཁ་ནས་མཆེད་པའི་'བཤད་ཚུལ་དེ་ཡོངས་ཁྱབ་ཏུ་དར་བ་རེད།”⑥  སྤྱིར་ནུས་པའི་མི་ནི་ཕལ་ཆེར་ད་ལ་ཐུག་གི་བར་དུ་ལོ་ས་ཡ་གཉིས་ནས་ས་ཡ་གཅིག་དང་འབུམ་བརྒྱད་ཞིག་ནས་གླིང་ཆེན་ཨ་ཧྥེ་རི་ཁ་ནས་བུད་དེ།  རིམ་བཞིན་བྱང་དུ་སྤར་ཞིང་རྒྱ་ཆེར་སོང་ནས་དབུས་ཤར་ས་རྒྱུད་དང་གླིང་ཆེན་ཡོ་རོབ།  གླིང་ཆེན་ཨ་ཤེ་ཡར་མཆེད་པར་འདོད་ལ། མིའི་རིགས་རིག་པ་བ་མང་ཆེ་པས་ཕྱོགས་ཡོངས་ནས་སྒྲུབ་བྱེད་གང་མང་ལ་གཞིགས་རྗེས་དེང་རབས་མི་ནི་ས་ཧ་ལའི་ལྷོ་ཕྱོགས་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁ་ནས་བྱུང་བ་དེར་ཕྱོགས་པ་རེད།  དེའི་རྒྱུ་མཚན་ནི་གླིང་ཆེན་ཨ་ཤེ་ཡ་དང་ཡང་ན་གླིང་ཆེན་ཡོ་རོབ་ཀྱི་ས་གནས་གང་རུང་ནས་དུས་རབས་འདི་འདྲ་ཞིག་སྔ་བའི་དེང་རབས་མིའི་འགྱུར་རྡོ་ཞིག་རྙེད་སོན་མ་བྱུང་བས་རེད་སྤྱི་ལོ་2005ལོའི་ཟླ་3པའི་ཚེས་7ཉིན་གྱི་ཨ་མེ་རི་ཁའི་《ཚན་རིག་》དུས་དེབ་སྟེང་དུ་ཅེན་ཆོ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་མི་གསུམ་གྱིས་དེང་རབས་མིའི་རིགས་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་ནས་འཛམ་གླིང་གི་གླིང་ཆེན་གཞན་པ་སོ་སོར་གནས་སྤོ་བྱས་པའི་ས་ཁམས་སྟེང་གི་གནས་དང་དེ་དང་མཐུན་པའི་མི་གྲངས་ཀྱི་གཞི་རྒྱུད་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཞིག་གསལ་བསྒྲགས་བྱས་ཡོད་པ་རེད།  རྩོམ་ཡིག་དེས་གོམ་གང་མདུན་སྤོས་ཀྱིས་དེང་རབས་མི་ནི་“གླིང་ཆེན་ཨ་ཧྥེ་རི་ཁ་ནས་བྱུང་བའི་བཤད་ཚུལ་”དེ་བདེན་པ་ར་སྤྲོད་བྱས་ཡོད།⑧གཞན་ཡང་། སྤྱི་ལོ་2010ལོའི་ཟླ་12པའི་ཚེས་29ཉིན་གྱི་《ཀྲུང་གོའི་གསར་འགྱུར་དྲ་བའི་》སྟེང་བཀོད་པ་ལྟར་ན།“ཨ་མེ་རི་ཁའི་གཞི་རྒྱུད་ཚོད་ལྟ་གཉིས་ལས་ར་སྤྲོད་བྱས་པ་ལྟར་ན།  དེང་རབས་ཀྱི་མིའི་རིགས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པ་དང་།  དུས་རྗེས་ནས་ད་གཟོད་གླིང་ཆེན་ཡོ་རོབ་དང་ཨ་ཤེ་ཡར་སྤོ་སྡོད་བྱུང་བ་དང་། དེ་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དང་གླིང་ཆེན་ཨ་མེ་རི་ཁར་སླེབས་པ་རེད། ཚོད་ལྟ་དེ་གཉིས་ནི་ཉིའུ་ཡོ་ཁང་ནེར་སློབ་གྲྭ་ཆེན་མོ་( cornell   universitg)དང་སྨི་ཞེ་ཀིན་སློབ་གྲྭ་ཆེན་མོ།(universitg  of  michigan)ཨ་མེ་རི་ཁའི་རྒས་འཁོགས་ཞིབ་འཇུག་ཚོགས་པ་བཅས་ནས་སོ་སོར་སྤེལ་བ་ཞིག་ཡིན་པ་མ་ཟད་དུས་མཉམ་དུ་གཟའ་ལྷག་པར་དཔར་སྐྲུན་བྱས་པའི་《རང་བྱུང》དུས་དེབ་སྟེང་བཀོད་ཡོད། ”⑨ སྤྱིར་མིའི་རིགས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པའི་བཤད་ཚུལ་འདི་མཁས་པ་མང་པོ་མོས་མཐུན་བྱུང་ཡོད་ནའང་འཛམ་གླིང་གི་མཁས་པ་ཐམས་ཅད་ཞལ་མཚུངས་པར་མགྲིན་དབྱངས་གཅིག་གིས་ཁས་ལེན་པ་ཞིག་ནི་གཏན་ནས་མ་ཡིན་པར་ལྷག་པར་དུ་ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་བསྟུན་ནས་ཕྱོགས་སོ་སོ་ནས་དེ་ལ་དགག་ལན་ནན་མོ་ཐེབས་ཡོང་ཡོད་ཚུལ་གཤམ་ནས་ཞིབ་ཏུ་གླེང་རྒྱུ་ཡིན།   
        གསུམ།  གླིང་ཆེར་ཨ་ཤེ་ཡ་ཡིན་པའི་བཤད་ཚུལ།
        མིའི་རིགས་ནི་གླིང་ཆེན་ཨ་ཤེ་ཡ་ནས་མཆེད་པར་སྨྲ་བ་དེ་ཐོག་མར་སྤྱིལོ་1890ལོར་ཧིན་རྡུ་ཉི་ཞི་ཡ་ནས་“བཀྲ་བཱ་མིའི་”རུས་པ་རྙེད་པའི་སྟེང་ནས་མིའི་རིགས་ནི་གླིང་ཆེན་ཨ་ཤེ་ཡའི་ལྷོ་རྒྱུད་ནས་བྱུང་བ་ཡིན་ཞེས་པའི་ལྟ་བ་དེ་བྱུང་ཡང་། གཙོ་བོ་ཀྲུང་གོ་ནས་རྙེད་པའི་མིའི་རིགས་ཀྱི་འགྱུར་རྡོ་རྣམས་གཞིར་བཟུང་ནས་མིའི་རིགས་རིག་པ་བ་རྣམས་ཀྱིས་“གླིང་ཆེན་ཨ་ཤེ་ཡ་ནི་མིའི་རིགས་འཕེལ་འགྱུར་བྱུང་བའི་འཁྲབ་སྟེགས་ཆེན་པོ་ཞིག་ཡིན་”ཞེས་བཤད་ཚུལ་འདི་བྱུང་བ་ཡིན། དེ་ཡང་སྤྱིལོ་1927ལོར་ཀྲུང་གོས་སུའེ་ཏེན་དང་ཨོ་སི་ཁྲུ་རུ་ཡ་ནས་ས་རྒྱུས་རིག་པ་བ་དང་གནའ་བོའི་སྐྱེ་དངོས་རིག་པ་བ་རྣམས་གདན་དྲངས་ནས་རང་རྒྱལ་གྱི་ས་རྒྱུས་རིག་པའི་ཆེད་མཁས་པ་དང་མཉམ་དུ་པེ་ཅིན་གྱི་ཀྲིག་ཁུ་ཏན་(周口店)ཤུལ་རྗེས་ལ་བརྟག་དཔྱད་སྔོག་འདོན་བྱས་པས། “སྤྲ་མིའི་བྲག་ཕུག་ཅིག་ཏུ་པེ་ཅིན་མིའི་མགོ་སྐོགས་ཁ་ཚང་ཞིག་རྙེད་པ་(སྤྱི་ལོ་1929ལོར་)མ་ཟད། “པེ་ཅིན་མིས་”བཟོས་པའི་རྡོའི་ལག་ཆ་དང་མེ་བཀོལ་སྤྱོད་བྱས་པའི་ཤུལ་རྗེས་སོགས་ཀྱང་རྙེད་པ་རེད། དེ་འཚོ་བའི་ལོ་རབས་ལ་བརྟགས་ཚེ་ད་ལ་ཐུག་གི་བར་དུ་མི་ལོ་འབུམ་ཕྲག་བདུན་ནས་ཧ་ལམ་ལོ་འབུམ་ཕྲག་བཞི་ཡོད་པས་འཛམ་གླིང་ནའང་ཅུང་དཀོན་པ་ཞིག་རེད།   ཡིན་ནའང་གླིང་ཆེན་ཨ་ཤེ་ཡ་ནས་རྙེད་སོན་བྱུང་བའི་མིའི་རིགས་ཀྱི་འགྱུར་རྡོ་དེ་རྣམས་གླིང་ཆེན་ཨ་ཧྥེ་རི་ཁ་ནས་རྙེད་པའི་མིའི་རིགས་ཀྱི་འགྱུར་རྡོ་སྟེ་ད་ལ་ཐུག་གི་བར་དུ་མི་ལོ་ས་ཡ་གཉིས་ནས་ས་ཡ་བཞི་ཡོད་པ་རྣམས་དང་བསྡུར་ཚེ་ལོ་རབས་སྟེང་ནས་གནམ་ས་ལྟ་བུའི་ཁྱད་པར་ཤོར་བས་བཤད་ཚུལ་འདིའི་སྨྲ་བའི་མགྲིན་པ་ནང་དུ་འཁུམས་ཏེ་བག་ལ་ཞ་བར་གྱུར།   
        སྤྱི་ལོ་2006ལོའི་ཟླ་7ཚེས་4ཉིན་གྱི་《པེ་ཅིན་ཚན་རྩལ་ཚགས་པར་》སྟེང་དུ་བཀོད་པའི་རྩོམ་ཡིག་ཏུ་“རང་རྒྱལ་གྱི་མཁས་པ་ཚོས་སྔོན་ཆད་‘གླིང་ཆེན་ཨ་ཤེ་ཡ་ཡང་མིའི་རིགས་ཀྱི་བྱུང་ས་ཞིག་ཡིན་སྲིད་'ཅེས་པའི་ལྟ་ཚུལ་བཏོན་མྱོང་མོད། འོན་ཀྱང་ལྟ་ཚུལ་དེར་མི་ལོ་ས་ཡ་གཉིས་ནས་ས་ཡ་བཞིའི་སྔོན་གྱི་མིའི་རིགས་ཀྱི་འགྱུར་རྡོ་རྒྱུ་ཆའི་སྟེང་གི་བདེན་དཔང་མེད་པ་རེད།   ཡིན་ནའང་ཉེ་ཆར་ནུབ་ཕྱོགས་ཀྱི་ཚན་རིག་པས་མིའི་རིགས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ནས་མཆེད་པའི་བཤད་ཚུལ་དེར་དོགས་འདྲི་བྱུང་བ་མ་ཟད།  མིའི་རིགས་ཀྱི་བྱུང་ཁུངས་གླིང་ཆེན་ཨ་ཤེ་ཡ་ཡིན་པའི་ལྟ་ཚུལ་གསར་བ་བཏོན།”ཞེས་བྲིས་ཡོད་ཅིང་། དེ་ལྟར་བཤད་པའི་གཞི་རྩ་ནི་རྩོམ་ཡིག་ནང་བཀོད་པ་ལྟར་ན་ཚན་རིག་པས་གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨ་ཤེ་ཡ་གཉིས་འཕྲེད་དུ་བརྒལ་བའི་ཀི་རོའུ་ཅི་ཡ་སྤྱི་མཐུན་རྒྱལ་ཁབ་(格鲁吉亚共和国)ནས་མིའི་རིགས་ཀྱི་འགྱུར་རྡོ་ཞིག་གསར་དུ་རྙེད་པས་རེད།  དེའི་ལོ་རབས་ནི་ད་ལ་ཐུག་གི་བར་དུ་མི་ལོ་ས་ཡ་གཅིག་དང་འབུམ་བདུན་ཁྲི་བདུན་ཡིན་པས་དེ་ནི་གླིང་ཆེན་ཨ་ཧྥེ་རི་ཁར་མི་གཏོགས་པའི་ས་ཆ་གཞན་ནའང་དུས་སྔ་མོ་ནས་མིའི་རིགས་གནས་པའི་གནའ་དཔྱད་རིག་པའི་ཕྱོགས་ཀྱི་བདེན་དཔང་ཞིག་ཡིན་ཞེས་བྲིས་ཡོད།  
        གཞན་ཡང་སྤྱི་ལོ་2010ལོའི་ཟླ་12ཚེས་29ཉིན་གྱི་《ཁྲིམས་ལུགས་དགོང་མོའི་ཚགས་པར》སྟེང་། “ཉེ་ཆར། ཧོ་པེ་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་སུའོ་ཡིས་ཆིན་ཅང་(清江)ཆུ་བོ་འབབ་རྒྱུད་དུ་གནའ་དཔྱད་སྔོག་འདོན་ཁྲོད་ཀྱི་གསར་རྙེད་བྱུང་བ་རབས་དང་རིམ་པ་གལ་ཆེན་རྣམས་ཕྱིར་བསྒྲགས་བྱས་པ་རེད། དེའི་ཁྲོད་ཀྱི་ཅན་ཧྲི་མི་’(建始人)ཡི་འགྱུར་རྡོ་དང་མིའི་རིགས་ཀྱིས་མེ་སྤྱད་པའི་ཤུལ་རྗེས། ལན་ཡོའུ་ཧྲན་(鲢鱼山)རི་བོའི་རྡོ་ཆས་རྙིང་མའི་ཤུལ་གནས་སོགས་ཀྱིས་ཆིན་ཅང་ཆུ་བོ་འབབ་རྒྱུད་ནི་མིའི་རིགས་བྱུང་ས་ཞིག་ཡིན་པ་ར་སྤྲོད་བྱས་པ་མ་ཟད། ལྷག་པར་དུ་དུས་ཡུན་རིང་པོར་མཁས་པ་མང་ཤས་ཀྱིས་ཁས་ལེན་པའི་མིའི་རིགས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པའི་བཤད་ཚུལ་དེར་འགྲན་ཆེན་པོ་ཞིག་བསླངས་པ་རེད།”ཅེས་བསྒྲགས་པ་དང་།  རྩོམ་དེའི་ནང་ཞིབ་ཏུ་བཀོད་པ་ལྟར་ན་“ཅན་ཧྲི་མི་”འཚོ་བའི་དུས་རབས་ནི་ད་ལ་ཐུག་གི་བར་དུ་མི་ལོ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་ནས་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཉིས་ཡོད་པར་བཤད།  དེས་ན་ངས་གཤམ་ནས་བཤད་འགྱུར་གྱི་གཏམ་དེ་དག་ཡང་གླིང་ཆེན་ཨ་ཤེ་ཡའི་བཤད་ཚུལ་དུ་གཏོགས་པ་ནི་སྨྲས་ཅི་དགོས།     
        བཞི། བཤད་ཚུལ་གཞན་དག
        མིའི་རིགས་ཀྱི་འབྱུང་གནས་གང་ཡིན་པའི་བཤད་ཚུལ་ཐད་ལ་རྒྱུགས་ཆེ་བ་གོང་གི་དེ་རྣམས་ཡིན་ཡང་དེར་མ་གཏོགས་པའི་བཤད་ཚུལ་གཞན་ཡང་སྣ་ཚོགས་ཤིག་ཡོད་པ་ཞིབ་ཏུ་བཤད་ན་མང་འགྲོ་བས་གཤམ་ནས་ངོ་སྤྲོད་རགས་བསྡུས་ཤིག་བྱས་ཏེ་འཐུས་པར་བྱའོ།།  
འབྱུང་ཡུལ་གནས་གཅིག་གི་བཤད་ཚུལ། བཤད་ཚུལ་འདིས་མིའི་རིགས་ནི་ས་གནས་གཅིག་ནས་རྒྱུད་པ་གཅིག་ལས་གྲོལ་ཚུལ་བཤད་པ་རེད། གོང་གི་གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པ་དང་གླིང་ཆེན་ཡོ་རོབ་ཡོན་པའི་བཤད་ཚུལ་ཡང་འདིའི་ཁོངས་སུ་འདུས་པ་ཡིན། བཤད་ཚུལ་འདི་ལས་ཆེས་ངོ་མཚར་བ་ཞིག་ནི། སྤྱི་ལོ་1987ལོར་ཨ་མེ་རི་ཁའི་ཚན་རིག་པ་ཧྭ་ལེ་ཧྲི་དང་ཝེར་ཞོན་ཞེས་པས་ཕྲ་ཕུང་སྟེང་གི་རྒྱུད་བརྒྱུད་སྐོར་ལ་ཞིབ་འཇུག་གནང་ནས་དེ་ཚད་ལེན་བྱས་པའི་གནས་ཚུལ་ཡོངས་སུ་བསྒྲགས་པ་ལྟར་ན།  དེང་རབས་མི་ཇི་ལྟར་བྱུང་བའི་ཁུངས་དེད་ཚེ་དེའི་མེས་པོ་ནི་ལོ་འབུམ་ཕྲག་གཅིག་དང་ཁྲི་ལྔའི་དུས་ནས་གླིང་ཆེན་ཨ་ཧྥེ་རི་ཁའི་བུད་མེད་ཅིག་ལ་ཐུག་ཡོད་ཚུལ་བཤད་པ་རེད།⑩  
        འབྱུང་ཡུལ་གནས་མང་གི་བཤད་ཚུལ།  བཤད་ཚུལ་འདིས་སྤྲ་ནས་མིར་འགྱུར་པའི་འཕེལ་འགྱུར་གྱི་གོ་རིམ་ནི་དུས་ཡུན་ཤིན་ཏུ་རིང་ཞིང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་ལས་འགྱུར་ཐེངས་གཅིག་གིས་གྱུར་པ་ཞིག་མ་ཡིན་པ་དང་།  ས་ཁུལ་གཅིག་ནས་སྤྲ་དེ་དག་མིར་ཡོངས་སུ་གྱུར་ཚར་རྗེས་ཕྱོགས་བཞིར་མཆེད་པ་ཞིག་ཀྱང་མིན་པས།  སྤྲ་མིའི་རྒྱུད་པ་གཅིག་འཛམ་གླིང་གི་གནས་སོ་སོར་མཆེད་ཅིང་གནས་དེ་ག་ནས་མིར་གྱུར་པར་བཤད་པ་རེད།  ལྟ་ཚུལ་འདི་ནི་འཇར་མན་གྱི་མིའི་རིགས་རིག་པ་བ་ཝེ་ཏིན་རོས་(F.eidenreich)ཞེས་པས་བཏོན་པ་རེད།  དཔེར་ན་རྒྱའི་མཁས་པ་ཚོས་སྒྲུབ་བྱེད་སྣ་ཚོགས་བཀོད་ནས་རྒྱ་མིའི་འབྱུང་ཁུངས་ནི་ས་ཆ་གཞན་ནས་མཆེད་ཡོང་བ་ཞིག་མ་ཡིན་པར་རང་ས་ནས་འཕེལ་འགྱུར་བྱས་ནས་ཡོང་བ་ཡིན་ཚུལ་བཤད་པ་⑾ནི་འདིར་གཏོགས་པ་རེད།   
        གཞན་ཡང་མིའི་རིགས་ནི་འཇིག་རྟེན་གཞན་པའི་མིའི་གཞི་རྒྱུ་དང་སྤྲ་གཉིས་བསྡེབས་པ་ལས་བྱུང་བར་འདོད་པའི་རྒྱུད་འདྲེས་སྨྲ་བ་དང་། ཡང་གཏུམ་འབྲུག་ཅུང་ཆུང་བ་ཞིག་མིའི་རིགས་ཀྱི་མེས་པོར་བཤད་པའི་གཏུམ་འབྲུག་ལས་མཆེད་པའི་སྨྲ་བ།  རྒྱ་མཚོའི་སྐྱེ་དངོས་ལས་བྱུང་བར་འདོད་པའི་མཚོ་སྐྱེས་སྨྲ་བ། མིའི་རིགས་ནི་དུས་བཞི་འགྱུར་བ་དང་བསྟུན་ནས་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་དེར་མཐུན་ཐབས་བྱས་ཏེ་རིམ་བཞིན་སྐམ་སའི་སྲོག་ཆགས་ནས་ཆུ་སྐྱེའི་སྲོག་ཆགས་སུ་གྱུར་པ་དང་། དེ་ནས་སླར་ཡང་ཆུ་སྐྱེ་ནས་སྐམ་སའི་སྲོག་ཆགས་སུ་གྱུར་ཏེ་བྱུང་པས་མིའི་རིགས་ལ་རྒྱ་མཚོའི་སྐྱེ་དངོས་ཀྱི་ཁྱད་ཆོས་ཡོད་པར་འདོད་པ་སྟེ“དུས་བཞི་ཆེན་པོའི་”སྨྲ་བ་སོགས་བཤད་ཚུལ་མང་པོ་ཡོད་ཀྱང་འདི་དག་ནི་ཚན་རིག་པ་རེ་འགའི་ལྟ་ཚུལ་ཡིན་ཞིང་ཡོངས་ཁྱབ་ཀྱི་རང་བཞིན་མ་གྲུབ་པ་དང་ལྷག་པར་དུ་འདི་དག་ནི་ས་ཁམས་སྟེང་ནས་མིའི་རིགས་ཀྱི་འབྱུང་ཡུལ་འཚོལ་བ་ལ་འབྲེལ་བ་དེ་འདྲ་མེད་པས་ཞིབ་ཏུ་གླེང་བའི་དགོས་པ་མ་མཆིས་སོ།།
        གཉིས་པ། དེང་དུས་ཚན་རིག་པའི་བཤད་ཚུལ་གསར་བ།
        ང་ཚོས་གོང་དུ་ངོ་སྤྲོད་བྱས་པའི་ལྟ་ཚུལ་གང་ཡིན་ཀྱང་ལ་ལ་ཚན་རིག་གི་ཕྱོགས་ནས་དཔང་རྟགས་བཙན་པ་དང་ལ་ལ་རྒྱབ་རྟེན་གྱི་དཔུང་ཞན་པ་སོགས་གང་ཡིན་ཀྱང་དོན་དུ་དེ་དག་ཐམས་ཅད་ཆ་བཞག་གི་བཤད་ཚུལ་ཙམ་ལས་མ་འདས་སོ།།    དེས་ན་“ལྟ་ཚུལ་འདི་དག་ཐམས་ཅད་ཀྱི་མདུན་ནས་ང་ཚོས་ཡིད་ཆས་རུང་བ་ནི་གང་ཞིག་ཡིན་ཞེ་ན། ཆ་འཕྲིན་དེ་འདྲ་འབོར་ཆེན་ཞིག་ལ་ཞིབ་འཇུག་བྱས་ནའང་དེང་རབས་མིའི་འབྱུང་ཡུལ་གང་ཡིན་པའི་རྩོད་གཞི་གལ་ཆེན་འདི་སྔར་བཞིན་ཐག་གཅོད་བྱེད་ཐུབ་མེད་པ་རེད།”⑿  ཅེས་འཛམ་གླིང་ན་མིང་གྲགས་ཆེ་བའི་གནའ་བོའི་མིའི་རིགས་རིག་པ་བ་ལའེ་ཚ་ཏེ.ལེ་ཅིས་མཚོན་པའི་མིའི་རིགས་རིག་པ་བ་རྣམས་སྡུག་ཐུག་ཅིང་མགོ་འཐོམས་པ་དང་།    ཡང་དེའི་ངང་ནས་འདུག་མ་བཟོད་པར་རང་རང་གི་ལྟ་བ་མཁྲེགས་བཟུང་བས་ནས་རྩོད་པ་དྲག་པོ་བྱེད་པའི་སྐབས་འདིར་ཚན་རྩལ་གྱི་དཔྱད་འབྲས་གསར་བ་སྔ་གཞིག་ཏུ་ཐོན་པ་དག་གིས་མིའི་རིགས་རིག་པ་བ་རྣམས་ཀྱི་བློ་སྒོ་ཕྱེས་ཤིང་།  དཔྱད་འབྲས་གསར་བ་དེ་རིགས་ཀྱི་སྔུན་ནས་ཁོང་ཚོས་རང་བློར་འཐད་ལྡན་དུ་བཞག་པའི་ལྟ་བ་དོར་ནས་རིགས་ལམ་གསར་བ་ཞིག་གིས་རྟོག་དཔྱོད་མི་བྱེད་ཐབས་མེད་དུ་གྱུར། ཁོང་ཚོའི་བསམ་གཞིག་གསར་བ་དེ་རིགས་པའེ་ཅེན་(白剑)བྱ་བས་བརྩམས་པའི་《མིའི་རིགས་ནི་མཚོ་བོད་མཐོ་སྒང་ནས་བྱུང་བ་ཡིན།  ལོ་རྒྱུས་སྔོན་གྱི་ལོ་རྒྱུས་འཚོལ་རྟོག་བྱེད་པའི་རིགས་ལམ་གསར་བ་》⒀ཞེས་པའི་རྩོམ་དུ་ཡོངས་སུ་མཚོན་འདུག    འདིར་བདག་གིས་རྩོམ་དེའི་བརྗོད་སྙིང་དང་འབྲེལ་ནས་རྒྱུ་ཆ་གཞན་དག་གིས་ཟུར་བརྒྱན་ནས་ངོ་སྤྲོད་བྱས་ན།   
        གཅིག   མིའི་རིགས་ཀྱི་འགྱུར་རྡོས་བཞེངས་པའི་མིའི་རིགས་ཀྱི་བྱུང་ཁུངས་སྨྲ་བའི་ཁུངས་བརྡིབས་པ།
        འཕེལ་འགྱུར་སྨྲ་བའི་ལྟ་ཚུལ་ལྟར་ན། མིའི་རིགས་ནི་སྤྲ་ནས་འཕེལ་འགྱུར་བྱུང་བ་ལ་མ་མཐའ་ཡང་ལོ་ས་ཡ་གཉིས་ནས་ས་ཡ་གསུམ་གྱི་རིང་གི་དུས་ཡུན་བརྒྱུད་དགོས་པ་དང་། ལོ་ས་ཡ་གཉིས་དང་འབུམ་ལྔའི་སྔོན་(མཁས་པ་ལ་ལས་ལོ་ས་ཡ་དྲུག་ནས་ས་ཡ་ལྔའི་སྔོན་ནས་ཡིན་པར་འདོད།)ནས་སྤྲ་ཚོགས་སྐོར་ཞིག་མིར་འགྱུར་པའི་དུས་རབས་ཀྱི་འགོ་ཚུགས་པ་རེད། དུས་མཚུངས་སུ་འཁྱགས་རོམ་དང་ཆུ་ལོག་གི་ཆག་སྒོ་ཐེངས་བཅུ་ཕྲག་ཅིག་མྱོང་དགོས་པ་རེད། ཚན་རིག་པ་རྣམས་ཀྱིས་དཔྱད་པ་ལྟར་ན། སྤྲ་ནས་མིར་འཕེལ་འགྱུར་བྱུང་བ་ལ་ཁོར་ཡུག་གི་ཆ་རྐྱེན་གསུམ་ཚང་དགོས་ཏེ།   
        ཆ་རྐྱེན་དང་པོ་ནི་གཞི་རྒྱ་ཆེ་བའི་མཚོ་ངོས་ལས་མཐོ་ཚད་དམའ་བའི་མཐོ་སྒང་ཞིག་དགོས་པ་རེད། དེའི་རྒྱུ་མཚན་ནི་ས་རྒྱུས་དང་གནམ་གཤིས་ལ་ཞིབ་འཇུག་བྱས་པ་ལྟར་ན། ས་རྒྱུས་ལོ་རྒྱུས་ཀྱི་ལོ་ཐེར་འབུམ་འགའི་ནང་དུ་སའི་གོ་ལའི་སྟེང་དུ་ཆེས་ཉུང་ནའང་འཁྱགས་རོམ་ཆེན་པོའི་དུས་སྐབས་ཐེངས་གསུམ་ལ་བྱུང་མྱོང་བ་དང་། སྡོམ་རྩིས་བྱས་པའི་རྒྱུ་ཆ་ལྟར་ན་འཁྱགས་རོམ་ཆེན་པོའི་དུས་སྐབས་བྱུང་བ་ལ་ལོ་དུང་ཕྱུར་གཅིག་དང་བྱེ་བ་ལྔའི་རིང་གི་དུས་འཁོར་ཡོད་པ་རེད། འདིའི་སྐོར་ནི་ས་རྒྱུས་ཆེད་ལས་ཕྱོགས་ཀྱི་ཤེས་བྱ་ཅུང་གཏིང་ཟབ་པས་མང་དུ་མི་སྤྲོ། གང་ལྟར་ཀྱང་འཁྱགས་རོམ་ཆེན་པོའི་དུས་སྐབས་སུ་སའི་གོ་ལའི་སྟེང་གི་ནམ་ཟླ་ཤིན་ཏུ་འཁྱགས་པ་དང་དེ་ནས་རིམ་བཞིན་འཁྱགས་རོམ་དུས་སྐབས་དང་འཁྱགས་རོམ་བར་མའི་དུས་སྐབས་སོགས་བརྒྱུད་པ་རེད། དེས་ན་འཁྱགས་རོམ་ཆེན་པོའི་དུས་སྐབས་སུ་སྐྱེ་དངོས་དང་སྲོག་ཆགས་མང་པོ་འཆི་བ་དང་སྲོག་ཆགས་སྐོར་ཞིག་དམའ་རིམ་ས་ཁུལ་དུ་མི་སྤོ་ཐབས་མེད་བྱུང་། དེ་ནས་འཁྱགས་རོམ་བར་མའི་དུས་སྐབས་སུ་སླེབས་ཚེ། སའི་གོ་ལའི་དྲོད་ཚད་ཇེ་མཐོར་སོང་ནས་སྐམ་ས་ཆེན་མོ་སྟེ་ལྷག་པར་དུ་རི་མཐོན་པོ་དང་མཐོ་སྒང་གི་ཆབ་རོམ་ཐམས་ཅད་བཞུས་ནས་གང་ས་གང་དུ་ཆུ་ལོག་འབྱུང་བ་རེད།  ཆུ་ལོག་དེ་ནི་ད་ལྟ་རྒྱུན་དུ་མཐོང་བའི་ཆུ་ལོག་ལས་ལྡེབ་བརྒྱ་ཕྲག་གིས་ཆེ་ཞིང་དྲག་པར་བཤད།“ཐག་གཅོད་ཐུབ་པ་ཞིག་ནི། འཁྱགས་རོམ་སྐབས་སུ་མཚོ་ངོས་ལས་མཐོ་ཚད་འབྲིང་དང་མཐོ་བའི་ས་ཁུལ་དང་།  ཆུ་ལོག་སྐབས་སུ་རྒྱ་མཚོའི་འགྲམ་དང་ཆུ་བོའི་འགྲམ་རྒྱུད་ཀྱི་བདེ་ཐང་དུ་འཚོ་བའི་སྲོག་ཆགས90%ཕལ་ཆེར་ལྔ་ལམ་དུ་བརྫངས་ཤིང་། སྒང་ཕྱེད་ས་རྒྱུད་དུ་འཚོ་བའི་སྲོག་ཆགས་རྣམས་ད་གཟོད་ཆགས་འཇིག་དེ་ལས་ཐར་ཏེ་ཡང་བསྐྱར་རང་རྒྱུད་སྤེལ་བའི་འགན་འཁུར་བ་རེད།”⒁  
        རང་བྱུང་ཁམས་ཀྱི་འཇིགས་པ་དེས་དེད་ནས་སྤྲ་སོགས་འདུས་པའི་སྲོག་ཆགས་མང་པོ་ཞིག་མཚོ་ངོས་ལས་མཐོ་ཚད་དམའ་བའི་མཐོ་སྒང་དུ་སླེབས་ན་ཆུ་ལོག་དང་འཁྱགས་རོམ་གྱིས་རྒོལ་བ་ལས་ཐར་ཐུབ་པ་རེད། དེའི་ཤེས་བྱེད་ནི་གནའ་ནས་ད་ལྟའི་བར་དུ་སའི་གོ་ལའི་སྟེང་གི་བློ་ལྡན་སྲོག་ཆགས་རིགས་ནི་ཕལ་ཆེར་མཚོ་ངོས་ལས་མཐོ་ཚད་ལ་སྨི་1000ནས་སྨི་2000ཡོད་པའི་ས་རྒྱུད་དུ་འཚོ་བའི་སྟེང་ནས་ར་སྤྲོད་བྱེད་ཐུབ།   
        ཆ་རྐྱེན་གཉིས་པ་ནི་མཚོ་ངོས་ལས་མཐོ་ཚད་དམའ་བའི་མཐོ་སྒང་ཡིན་པ་ཙམ་གྱིས་ཀྱང་མི་ཆོག་པར་གནས་དེ་ན་མིའི་རིགས་འཚོ་ཐུབ་པའི་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་ཏེ། ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་དང་ཚྭ། གཞི་རྒྱ་ཆེ་བའི་ནགས་ཚལ་སྟུག་པོ། ནགས་ཁྲོད་ན་ཆུང་བྱ་བྱའུ་འབའ་འབུ་དང་ཆེ་གཅན་གཟན་སོགས་རི་དྭགས་མང་ཞིང་མ་ལག་ལྡན་པའི་ཟས་རིགས་ཀྱི་མུ་ཐག་ལྡན་པ། ད་དུང་ཕུན་སུམ་ཚོགས་པའི་ཤིང་འབྲས་སྣ་ཚོགས་ཐོགས་པ། འདི་ལྟ་བུའི་མཚོ་ངོས་ལས་མཐོ་ཚད་དམའ་བའི་མཐོ་སྒང་གི་གནས་འདི་ས་རྒྱུས་སྟེང་ནས་འཕྲེད་ཚད་འབྲིང་བའི་ས་ཁུལ་ལས་བརྒལ་མི་འོས་པ་ཞིག་ཡིན་དགོས།   
        ཆ་རྐྱེན་གསུམ་པ་ནི་མཐོ་སྒང་དེའི་ས་བབས་ནི་བདེ་ཐང་ཡིན་དགོས་ཤིང་།  གྲོག་རོང་མང་ཞིང་ས་བཙན་པ་དང་རྩིབ་པ་ཡིན་མི་རུང་བ་ནི་མིའམ་སྤྲ་རིགས་ཀྱིས་ས་བབ་བདེ་ཐང་ནས་ད་གཟོད་ཐུན་མོང་གི་སྟོབས་ཤུགས་ཕུལ་ཐུབ་པ་དང་། དབྱུ་གུ་དང་རྡོ་ཆས་བཟུང་ནས་གཅན་གཟན་ལ་འགོག་རྒོལ་བྱེད་ཐུབ་པ་རེད། ཁོར་ཡུག་དེ་ནས་སྤྲ་ཚོགས་ཀྱིས་ད་གཟོད་ཐོག་མའི་ཁྱུ་ཚོགས་ཀྱི་སྤྱི་ཚོགས་བཙུགས་པ་མ་ཟད། ལོ་ས་ཡ་གཅིག་གི་རིང་གི་དུས་ཚོད་ནང་དུ་མིའི་བློ་རིག་དང་ཚོགས་སྤྱིའི་འཚོ་ཐབས་སོགས་སུ་འཕེལ་འགྱུར་བྱུང་སྟེ་མཐར་རང་ཉིད་མིའི་རིགས་སུ་འཕེལ་འགྱུར་བྱུང་བ་རེད།   
        ཆ་རྐྱེན་དེ་དག་གི་དབང་གིས་སྤྲ་ནས་མིར་གྱུར་པའི་རྗེས་ནས་ཀྱང་ཡུན་རིང་དུ་གནས་དེ་ནས་གཅིག་འདུས་སུ་འཚོ་ཐབས་བྱས་ཏེ་རིམ་བཞིན་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་གཞི་ནས་ས་ཁུལ་གཞན་དང་གཞན་ལ་གནས་སྤོ་བྱེད་པའི་མགོ་བརྩམས་པ་རེད། དེས་ན་ལོ་ས་ཡ་ལྷག་གི་རིང་འཚོ་སྡོད་བྱས་མྱོང་བའི་གནས་དེ་མིའི་རིགས་ཀྱི་ཕ་ས་ལྟ་བུ་ཡིན་པས་ང་ཚོས་ཤུལ་དེ་ནས་ངེས་པར་དུ་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་སྤྱད་མྱོང་བའི་རྡོ་ཆས་ཀྱི་ལག་ཆ་སྣ་ཚོགས་དང་།  ལོ་རྒྱུས་སྔོན་གྱི་བྲག་བརྐོས་རི་མོ་དང་ཤུལ་རྗེས་སོགས་དེང་གི་མི་དང་རྒྱུད་ཁུངས་གཅིག་ཡིན་པའི་མེས་པོའི་རིག་གནས་རྙེད་ཐུབ་དགོས་པ་རེད།   
        སྤྱིར་སྤྲ་ནས་མིར་འཕེལ་འགྱུར་བྱུང་བའི་གནས་ཕ་ས་དེ་ལྟ་བུ་ཞིག་འཛམ་བུ་གླིང་ལ་བལྟས་ན་གླིང་ཆེན་ཨ་ཧྥེ་རི་ཁའི་ཨེ་སེ་ཨོ་པའེ་ཡ་མཐོ་སྒང་དང་གླིང་ཆེན་ཨ་ཤེ་ཡའི་མཚོ་བོད་མཐོ་སྒང་གཉིས་ལས་འཚམས་པར་སྣང་བ་མེད་ཅིང་། དེ་ལ་ཚན་རིག་པ་རྣམས་ཀྱིས་ཕྱོགས་གང་ཐད་ནས་ཞིབ་ཏུ་བརྟགས་ཚེ་སྔར་གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་ན་འཚོ་བའི་སྤྲ་རིགས་དེ་རྣམས་དེང་གི་མིའི་མེས་པོ་མ་ཡིན་པའི་ངེས་ཤེས་ཐོབ། དེ་ལ་རྒྱུ་མཚན་གཙོ་བོ་འདི་དག་ཡོད་དེ།   
        གཅིག་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་དེའི་སའི་རྒྱ་ཁྱོན་མི་ཆེ་སྟེ། གནས་དེར་སྤྲ་རིགས་རྣམས་འགུལ་སྐྱོད་བྱེད་པའི་མཐོ་སྒང་གི་ངོས་ནི་ས་གྲུ་བཞི་མ་སྟོང་སྨི་འབུམ་ཕྲག་གཅིག་དང་ཁྲི་ཚོ་བཅུ་ཁ་ཙམ་ལས་མེད་ཅིང་། ཨ་ཧྥེ་རི་ཁའི་ཤར་མའི་གྲོག་རོང་ཆེན་པོ་དེ་མཐོ་སྒང་དེའི་ཁྱོན་ཡོངས་སུ་བརྒྱུད་ཡོད་པས་ས་དབྱིབས་དེ་ནི་སྤྲ་རིགས་རྣམས་འགུལ་སྐྱོད་བྱེད་པའི་གེགས་སུ་གྱུར་ཡོད།   
        གཉིས་ནི་མཐོ་སྒང་དེ་ན་མཚེའུ་སོགས་ཆུ་བོ་དཀོན། ཆེས་ཆེ་བའི་མཚེའུ་ནི་ལྷོ་ཕྱོགས་ཀྱི་ཐོར་ཁ་ནཱ་ཞེས་པའི་མཚེའུ་དེ་ཡིན་ཞིང་། གཞན་པའི་གཙང་བོ་སོགས་ཆུའི་མ་ལག་མང་ཆེ་བ་རྣམས་མཐོ་སྒང་གི་གནས་དེ་མ་ཡིན་པར་མཚོ་ངོས་ལས་མཐོ་ཚད་དམའ་བའི་ས་ཁུལ་དུ་འབབ་ཀྱིན་ཡོད། ཆུ་ཁུངས་རྣམས་གནས་གཅིག་ཏུ་འདུ་དྲག་པ་དེས་དོན་དངོས་སུ་སྤྲ་རིགས་འཚོ་བའི་ས་རྒྱ་ཇེ་ཆུང་དུ་བཏང་ཡོད།   
        གསུམ་ནི་མཐོ་སྒང་དེ་མིའི་རིགས་ཀྱི་ཕ་ས་ཡིན་ན་གནས་དེར་གནའ་ནས་དེང་གི་བར་ཆ་ཚང་ཞིང་རྒྱུད་རིམ་ལྡན་པའི་མིའི་རིགས་རིག་གནས་ཀྱི་ཤུལ་བཞག་སྟེ། མིའི་རིགས་ཀྱིས་དུས་རིམ་མི་འདྲ་བའི་ནང་སྤྱད་མྱོང་བའི་རྡོ་ཆས་ལག་ཆ་དང་དེང་གི་མི་དང་འབྲེལ་མཐུད་དམ་པོ་ཡོད་པའི་ལོ་རྒྱུས་སྔོན་གྱི་རིག་གནས་ཀྱི་ཤུལ་རྗེས་བཞག་དགོས་ཀྱང་། གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་དེར་སྤྲ་རིགས་ཀྱི་འགྱུར་རྡོ་དང་གདོད་མའི་རྡོ་ཆས་རྩིང་བོ་ཙམ་རྙེད་པ་ལས།  ལོ་ཁྲི་ཕྲག་འགའ་དང་ཡང་ན་འབུམ་ཕྲག་འགའི་སྔོན་གྱི་མིའི་རིགས་ཤེས་རིག་དང་འབྲེལ་བ་དམ་ཟབ་ལྡན་པའི་རིག་གནས་ཤུལ་བཞག་གང་ཡང་མ་རྙེད་པ་རེད།   
        བཞི་ནི་དེང་རབས་སྐྱེ་དངོས་རྒྱུད་བརྒྱུད་རིག་པའི་ཕྱོགས་ནས་ཞིབ་འཇུག་བྱས་པ་ལྟར་ན། ད་ལྟ་གླིང་ཆེན་ཨ་ཧྥེ་རི་ཁར་འཚོ་བའི་མིའི་རིགས་ནི་གནས་དེར་ཡོད་པའི་སྤྲ་རིགས་རྣམས་ཐད་ཀར་འཕེལ་འགྱུར་ཡོང་བ་ཞིག་མ་ཡིན་པར། གླིང་ཆེན་ཨ་ཧྥེ་རི་ཁའི་མི་དང་གནས་དེའི་སྤྲ་རིགས་རྣམས་རྒྱུད་བརྒྱུད་རིག་པའི་ཕྱོགས་ནས་འབྲེལ་བ་ཅི་ཡང་མེད་པ་རེད། རྒྱུ་མཚན་འདི་དག་གི་སྟེང་ནས་དེང་འདིར་གྲགས་སྐད་ཆེ་བའི་གླིང་ཆེན་ཨ་ཧྥེ་རི་ཁ་ནི་མིའི་རིགས་ཀྱི་བྱུང་ཁུངས་ཡིན་པར་སྨྲ་བའི་ཁུངས་དེ་ཡོངས་སུ་བརྡིབས་པ་རེད།   
        གཉིས།  མཚོ་བོད་མཐོ་སྒང་ནི་མིའི་རིགས་ཀྱི་བྱུང་ཁུངས་ཀྱི་ཡ་གྱལ་ཞིག་ཡིན།   
        སྔོན་ཆད་མི་ཚང་མས་མཚོ་བོད་མཐོ་སྒང་ནི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་4.500ཡོད་པ་དང་། ལྷག་པར་དུ་བྱང་ཐང་ནི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་5000ཡན་དང་། སྙོམས་དྲོད་ཚད་ནི་0℃མན་ཆད་ཡིན་པས་“འཛམ་གླིང་གི་ཡང་རྩེར་”གྲགས་ཤིང་། ཚེ་སྲོག་གི་མཐའ་ཁུལ་ཞིག་ཏུ་བསམས་པས་གནས་དེ་མིའི་རིགས་ཀྱི་བྱུང་ཁུངས་ཞིག་ཡིན་པ་སུས་ཀྱང་མི་འདོད་མོད། ཡིན་ནའང་མིའི་བསམ་ཚུལ་ཐམས་ཅད་བདེན་པར་གྲུབ་པ་མ་ངེས་ཤིང་ཚན་རིག་པའི་དཔྱད་འབྲས་ནི་ཀུན་གྱིས་བསམ་ཡིད་ལས་འདས་པ་ཞིག་རེད།   
        ཀ  ས་རྒྱུས་རིག་པའི་ཕྱོགས་ཀྱི་འགྲེལ་བཤད། 
        སྤྱིར་མཚོ་བོད་མཐོ་སྒང་ལ་སྤྱི་ལེ་གྲུབ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ཡོད་པ་དང་འཛམ་གླིང་ན་ཆེས་མཐོ་བའི་མཐོ་སྒང་ཡིན། ཉེ་བའི་ལོར་ས་རྒྱུས་རིག་པས་གསར་དུ་རྟོགས་པའི་གནས་ཚུལ་ལྟར་ན། མཚོ་བོད་མཐོ་སྒང་ནི་གསར་སྐྱེས་ཀྱི་མཐོ་སྒང་ཞིག་སྟེ། གནས་འདི་ལོ་བྱེ་བ་འགའི་རིང་ལ་ཇེ་མཐོར་སོང་སྟེ་གཞི་ནས་ད་ལྟའི་མཐོ་-ཚད་འདི་ལ་སླེབས་པ་རེད། ཚན་རིག་པ་རྣམས་ཀྱིས་བརྟགས་པ་ལྟར་ན་ལོ་བྱེ་བ་འགའི་སྔོན་ཏེ་སྤྲ་རིགས་རྣམས་གོང་དུ་བརྗོད་པའི་ཆུ་འཇིགས་སོགས་ཀྱིས་དེད་དེ་མཐོ་སྒང་འདིར་སླེབས་སྐབས་གནས་འདིའི་སའི་མཐོ་དམའ་ནི་མཚོ་ངོས་ལས་མཐོ་ཚད་སྨི་1000-- 2000ཡིན་པས་སྤྲ་རིགས་འཚོ་བའི་གནས་མཆོག་ཏུ་གྱུར་པ་ཞིག་རེད། དེ་འདྲའི་ས་རྒྱ་ཆེ་བའི་(གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་གི་ལྡབ་བཅུ་ཕྲག་ཡས་མས་ཙམ་ཡིན།)མཐོ་སྒང་འདི་ན་ཚྭ་ལྡན་མཚེའུ་དང་ཚྭ་མེད་མཚེའུ་སོགས་གྲངས་འབོར་མང་བའི་མཚེའུ་ས་གཞི་ཀུན་ཏུ་ཁྱབ་འདུག་པ་མ་ཟད།   སྤྲ་རིགས་དེ་རྣམས་ཁྱུ་ཚོགས་བྱས་ནས་ཐུན་མོང་གི་སྟོབས་ཤུགས་ཕུལ་ཐུབ་པའི་ས་དབྱིབས་སོགས་སྤྲ་རིགས་འཚོ་བ་ལ་ཕན་པའི་ཆ་རྐྱེན་གང་མང་ཡོད།   
        དེ་ཡང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་བོའི་སྒལ་རུས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧོང་བན་པའོ་(黄万波)ཡིས་ལོ་བཅུ་ཕྲག་དུ་མར་བྱེས་སུ་རྟོག་ཞིབ་གནང་བ་བརྒྱུད་ཁོང་གིས་ཐོག་མར་ས་རྒྱུས་དང་ས་ཁམས་ཀྱི་རྒྱབ་ལྗོངས་ནས་འགྲེང་མི་(直立人)འབྱུང་སྲིད་པར་དབྱེ་ཞིབ་གནང་བ་རེད། “ཁོང་གི་ལྟ་ཚུལ་ལྟར་ན། ཀྲུང་གོའི་ས་རྒྱུས་མངའ་ཁོངས་ལ་བལྟས་ཚེ། ནུབ་བྱང་མཐོ་ལ་ཤར་ལྷོ་དམའ།  ས་དབྱིབས་འདི་ནི་མཚོ་བོད་མཐོ་སྒང་འབུར་ཐོན་བྱུང་ནས་གྲུབ་པ་རེད།  ས་རྒྱུས་རྒྱུ་ཆ་ལས་མཚོན་པ་ལྟར་ན།   ལོ་བྱེ་བ་བཞིའི་སྔོན་དུ་ཧིན་རྡུ་རྒྱ་མཚོའི་དུམ་ལེབ་དེ་བྱང་ཕྱོགས་སུ་ཐུར་དུ་བབས་ཏེ་གླིང་ཆེན་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེན་མོ་དང་གཅིག་ཏུ་འབྲེལ།  ལོ་བྱེ་བ་གསུམ་དང་ས་ཡ་དྲུག་ནས་ལོ་བྱེ་བ་གསུམ་དང་ས་ཡ་གཉིས་ཀྱི་སྔོན་དུ་མཚོ་བོད་མཐོ་སྒང་འབུར་བ་ཅུང་མཐོ་ཞིང་དེའི་མཚོ་ངོས་ལས་མཐོ་ཚད་སྨི2000ལ་ཉེ་བ་དང་། ལོ་བྱེ་བ་གཉིས་དང་ས་ཡ་བརྒྱད་ནས་ལོ་བྱེ་བ་གཉིས་དང་ས་ཡ་གཉིས་ཀྱི་སྔོན་དུ་མཚོ་བོད་མཐོ་སྒང་མར་བབས་པས། དུས་དེར་མཐོ་ཚད་ཕྱིར་སྨི་1000མན་དུ་ལྷུང་། ལོ་བྱེ་བ་གཉིས་ནས་ལོ་བྱེ་བ་གཅིག་དང་ས་ཡ་གཉིས་ཀྱི་སྔོན་དུ་མཚོ་བོད་མཐོ་སྒང་ཡང་བསྐྱར་འབུར་དུ་ཐོན་ཏེ་མཐོ་ཚད་ལོ་བྱེ་བ་གསུམ་དང་ས་ཡ་དྲུག་ནས་ལོ་བྱེ་བ་གསུམ་དང་ས་ཡ་གཉིས་ཀྱི་སྔོན་དང་ཉེ་བ་རེད།  ལོ་ས་ཡ་བརྒྱད་ནས་ལོ་ས་ཡ་བཞིའི་སྔོན་དུ་མཚོ་བོད་མཐོ་སྒང་དང་དེའི་ཤར་གྱི་ས་ཁུལ་བལྟོས་བཅས་སུ་གཏན་འཇགས་སུ་བབས་པ་དང་། མཚོ་ངོས་ལས་མཐོ་ཚད་ཀྱང་མི་མཐོ་བ(སྨི་1000ཡས་མས་ཡིན)དང་ནམ་ཟླ་སྐམ་པའི་ཕྱོགས་སུ་གྱུར་པ་རེད།  མི་ཚན་གྱི་གཟུགས་དབྱིབས་ཡོད་པའི་ཏེན་ཀྲུང་ལོའུ་ཧྥིན་གནའ་སྤྲ་དང་ཡོན་མུ་གནའ་སྤྲ་ནི་ཁོར་ཡུག་གི་འགྱུར་ལྡོག་འདི་ལྟ་བུའི་འོག་ཏུ་རིམ་འགྱུར་འཕེལ་རྒྱས་བྱུང་བ་རེད། ལོ་ས་ཡ་གཉིས་དང་འབུམ་ཕྲག་བཞི་ནས་ལོ་འབུམ་ཕྲག་ལྔའི་སྔོན་དུ་མཚོ་བོད་མཐོ་སྒང་དྲག་ཏུ་འབུར་བ་དེས་ས་ཤུན་དང་སྟེང་གི་ས་གུར་གྱི་དངོས་པོའི་འགུལ་སྐྱོད་ལ་ཤན་ཤུགས་དྲག་པོ་ཐེབས་ཏེ་གཏིང་རིམ་དང་ངོས་རིམ་གྱི་ས་རྒྱུས་ནུས་པ་དྲག་པོ་བྱུང་བ་རེད།  མཐར་དེའི་ས་ཤུན་གྱི་རིམ་པ་མྱུར་དུ་ཇེ་ཐུག་ཏུ་སོང་སྟེ་ས་ངོས་ཚད་མཐོན་པོར་འབུར་ཐོན་བྱུང་བས་མཚོ་བོད་མཐོ་སྒང་དང་ཀྲུང་གོའི་ནུབ་རྒྱུད་ཀྱི་རི་རྒྱུད་ཆེན་པོ་སོ་སོ་དང་ཤར་རྒྱུད་ས་ཁུལ་གྱི་རིམ་པ་གསུམ་གྱི་ས་དབྱིབས་སྐས་རིམ་རྣམས་ཆགས་པ་རེད།  དེ་ལྟར་མཐོ་སྒང་ཆགས་པས་ཧིན་རྡུ་རྒྱ་མཚོའི་དྲོད་རླུང་བྱང་དུ་རྒྱུ་མ་ཐུབ་པས་མཚོ་བོད་མཐོ་སྒང་ནི་སྐམ་ས་ཆེན་མོའི་རང་བཞིན་གྱི་གནམ་གཤིས་སུ་གྱུར།”⒂  ས་རྒྱུས་རིག་པའི་ངོས་ནས་བཤད་ན་འདི་ནི་མཚོ་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་འབྱུང་ཐུབ་པའི་མཐུན་རྐྱེན་དུ་གྱུར་པ་རེད།   
        ཁ།  གནའ་བོའི་རྟོག་ཞིབ་རིག་པའི་ཕྱོགས་ཀྱི་བདེན་དཔང་།   
        གོང་གི་ས་རྒྱུས་སྟེང་ནས་མིའི་རིགས་འཕེལ་འགྱུར་ཐུབ་པའི་ཆ་རྐྱེན་འཛོམས་པ་ཙམ་གྱིས་བསྒྲུབ་བྱ་གང་དེ་སྒྲུབ་མི་ཐུབ་པ་སུས་ཀྱང་ཤེས་ཏེ།  འོ་ན་གནའ་བོའི་རྟོག་ཞིབ་རིག་པའི་ཕྱོགས་ནས་སྒྲུབ་བྱེད་ཅི་ཡོད་ཟེར་ན། ང་ཚོས་གོང་ནས་བསྟན་པ་ལྟར་གལ་ཏེ་མིའི་རིགས་ནི་མཚོ་བོད་མཐོ་སྒང་ནས་འཕེལ་འགྱུར་བྱུང་བ་ཞིག་ཡིན་ན་མིའི་རིགས་དུས་རྗེས་ནས་ས་ཁུལ་གཞན་དང་ཐ་ན་གླིང་ཆེན་གཞན་པར་གནས་སྤོ་བྱས་ཀྱང་དུས་ཡུན་ཆེས་རིང་བོར་འཚོ་གནས་བྱས་མྱོང་བའི་ཕ་ས་ནི་འདི་ཡིན་པས། གནས་འདི་ནས་མིའི་རིགས་རིག་གནས་ཀྱི་ཤུལ་བཞག་འབོར་ཆེན་རྙེད་ཐུབ་དགོས་པ་མ་ཟད། “ཤུལ་བཞག་འདི་དག་གི་ཆེས་མཐའ་མཇུག་གི་དུས་རིམ་དེ་ལོ་རྒྱུས་སྔོན་གྱི་རིག་གནས་དང་རྒྱུད་འཛིན་རྗེས་སྤེལ་བྱས་ཡོང་པའི་ཐོག་མའི་མེས་པོའི་རིག་གནས་དང་འབྲེལ་མཐུད་བྱེད་ཐུབ་དགོས་པ་རེད།  དེ་ལྟར་ན་མི་རྣམས་ད་གཟོད་སྒྲུབ་བྱེད་དེར་ཡིད་ཆེས་འབྱུང་ངེས་རེད།”⒃ འོ་ན་དེ་ལྟ་བུའི་མིའི་རིགས་རིག་གནས་ཀྱི་ཤུལ་བཞག་ཅིག་ཡོད་དམ་མེད་ཅེ་ན་ཡོད་དེ།  མི་རྣམས་ཀྱིས་བྱང་ཐང་གི་བས་མཐའ་ནས་རྡོ་ཆས་རྙིང་མ་འབོར་ཆེན་རྙེད་པ་རེད། དཔེར་ན་མཚེའུ་གཉིས་དང་ཤན་རྩ་ཁོ་ན་ནས་རྡོ་ཆས་རྙིང་མའི་གནས་15རྙེད་པ་དང་། རྡོ་ཆས་རྙིང་མའི་ཤུལ་བཞག་གི་ས་འདི་དག་ནི་མཚོ་ངོས་ལས་མཐོ་ཚད་སྨི་4500-5200མཐོ་ཚད་ཡོད་པ་རེད།  ལྷག་པར་དུ་མངའ་རིས་ས་ཁུལ་ནས་རྡོའི་རྟ་རེས་9རྙེད་པ་རེད།  རྡོའི་རྟ་རེས་ནི་འཛམ་གླིང་གི་གནའ་དཔྱད་སྡེ་ནས་ཡོངས་ཁྱབ་ཏུ་ད་ལ་ཐུག་གི་བར་དུ་ལོ་འབུམ་ཕྲག་ལྔ་ནས་ས་ཡ་གཅིག་གི་སྔོན་གྱི་གནའ་མིའི་ལག་ཆ་ཡིན་པར་ཁས་ལེན་པ་རེད། ཉེ་བའི་ལོར་བོད་ལྗོངས་ལ་ལྕགས་ལམ་འདིང་བའི་དུས་སུ་སླར་ཡང་རྡོ་ཆས་རྙིང་མ་དང་རྡོ་ཆས་ཕྲ་ཞིབ་རིགས།  མཆོད་གནས་ཀྱི་ཤུལ་བཅུ་ཕྲག་འགའ་རྙེད་པ་དང་། བོད་ལྗོངས་ཀྱི་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་མངའ་རིས།  ལྷོ་ཕྱོགས་ཀྱི་ལུག་ར་ནས་དྲང་ཐིག་གི་བར་ཐག་ལ་སྨི་སྟོང་ལ་ཉེ་བའི་ས་ན་དུས་མཉམ་དུ་རྡོ་ཆས་གསར་མའི་ཤུལ་བཞག་གསུམ་རྙེད་པ་དང་།   ས་དེའི་མཐོ་ཚད་ལ་མཚོ་ངོས་ལས་མཐོ་ཚད་སྨི་5200ཡོད་པ་རེད།   
        གཞན་ཡང་མཚོ་ངོས་ལས་མཐོ་ཚད་སྨི་4200--4600ཡོད་པའི་མཐོ་ཚད་ནས་བྲག་བརྐོས་རི་མོ་300ལྷག་དང་མཆོད་གནས་ཀྱི་ཤུལ།  རྡོ་འབུམ་སོགས་འབོར་ཆེན་རྙེད་པ་རེད། རིག་གནས་འདི་དག་གི་སྐོར་བདག་གིས་གཞན་ནས་ཀྱང་ངོ་སྤྲོད་བྱས་ཡོད⒄པས་ཡི་གེར་འཇིགས་ནས་མང་པོ་མ་བྲིས།  “མིག་སྔར་མཚོ་བོད་མཐོ་སྒང་ན་རྙེད་པའི་མིའི་རིགས་རིག་གནས་ཤུལ་བཞག་དེའི་གནའ་བོའི་དུས་ཚད་ལ་བལྟས་ན། གནའ་བོའི་མིའི་རིགས་ནི་མ་མཐའ་ཡང་ལོ་ས་ཡ་གཅིག་གི་ཡན་ཡིན་པའི་དུས་ཚོད་ནང་མཚོ་བོད་མཐོ་སྒང་འདི་ནས་འཚོ་བ་རོལ་མྱོང་བ་དང་། དེའི་རིག་གནས་ཤུལ་བཞག་ནི་མཐོ་སྒང་གི་ས་ཁྱོན་ཡོངས་ལ་ཁེབས་འདུག་པ་རེད།”⒅   
        ག  སྐྱེས་དངོས་རིག་པའི་ཕྱོགས་ཀྱི་ར་སྤྲོད།  
        སྤྱིར་ཁ་བ་རི་བོའི་རང་བྱུང་ཁམས་ཀྱི་འཚོ་བ་དངོས་ལས་ཐོབ་པའི་ཉམས་མྱོང་ལྟར་ན། ང་ཆོ་མིའི་རིགས་ཀྱིས་མཚོ་ངོས་ལས་མཐོ་ཚད་སྨི་3600ཡས་མས་སུ་འཚོ་བ་རོལ་བར་དཀའ་སྡུག་ཤིན་ཏུ་ཆེ་ན།  གོང་གི་རིག་གནས་དེ་དག་ནི་མཚོ་ངོས་ལས་མཐོ་ཚད་སྨི་4200ནས་5200ལྷག་གི་མཐོ་ཚད་ནས་བུད་པས་སྐབས་དེའི་མིའི་རིགས་ལ་ལྭ་བ་གྱོན་པ་སོགས་དེང་གི་ཆ་རྐྱེན་ལྟ་བུ་མེད་པ་ལགས་ན། མཐོ་ཚད་དེ་ནས་སྤྲ་རིགས་བྱུང་བ་མ་ཟད་རིམ་བཞིན་མིར་འཕེལ་འགྱུར་བྱུང་སྟེ་ཡུན་རིང་གི་འཚོ་བའི་ནང་དུ་རིག་གནས་དེ་དག་བསྐྲུན་ཞེ་ན་རྣར་འགྲོའམ། མ་གཞི་མཚོ་བོད་མཐོ་སྒང་ནི་གོང་ནས་བཤད་པ་ལྟར་གསར་སྐྱེས་ཀྱི་མཐོ་སྒང་ཞིག་ཡིན་པས་རེད། ཆེས་“ནུས་ལྡན་གྱི་དཔང་རྟགས་ཤིག་ཡོད་པ་ནི།  ས་རྒྱུས་རིག་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤི་ཤ་སྦང་མའི་བྱང་ཕྱོགས་ཀྱི་ལ་སྟེ། མཚོ་ངོས་ལས་མཐོ་ཚད་སྨི་5900ཡོད་པའི་བྲག་རྡོ་ཞིག་གི་སྟེང་དུ་མིང་ལ་‘བེ་ཤིང་’ཟེར་བའི་སྐྱེ་དངོས་ཀྱི་འགྱུར་རྡོ་ཞིག་རྙེད།  སྐྱེ་དངོས་རིགས་འདི་སྤྱིར་བཏང་དུ་སྨི་2200--3600ཡོད་པའི་མཚོ་ངོས་ལས་མཐོ་ཚད་འབྲིང་ཡིན་པའི་ས་ཁུལ་དུ་སྐྱེས་ཤིང་།    དེར་ཁྱད་ཆོས་ཤིག་ཡོད་པ་ནི། མཚོ་ངོས་ལས་མཐོ་ཚད་སྨི་3000མན་དུ་སྐྱེ་སྐབས་རྒྱུན་ལྡན་གྱི་ཤིང་རིགས་ཀྱི་དབྱིབས་སུ་ཡོད་པ་དང་། གལ་ཏེ་མཚོ་ངོས་ལས་མཐོ་ཚད་སྨི་3000ཡན་ལ་བརྒལ་ཚེ་གཟུགས་དམའ་བའི་ཤིང་ཕྲན་ལྗོན་ཤིང་དུ་འགྱུར་བ་རེད། སྣང་ཚུལ་འདི་ནི་ད་ལྟ་ད་དུང་མཚོ་བོད་མཐོ་སྒང་གི་མཚོ་ངོས་ལས་མཐོ་ཚད་འདྲ་བའི་ས་ཁུལ་དུ་མཐོང་ཐུབ་པ་རེད།   གོང་གི་བེ་ཤིང་གི་འགྱུར་རྡོ་དེ་ནི་ཤིང་རིགས་ལོ་མའི་དབྱིབས་སུ་ཡོད་པས་དེས་ཤིང་འདི་སྐབས་དེར་མཚོ་ངོས་ལས་མཐོ་ཚད་སྨི་3000མན་ཆད་དུ་སྐྱེས་ཡོད་པ་གསལ་བཤད་བྱས། ཡང་འགྱུར་རྡོ་དེའི་རྟེན་གཞིར་གྱུར་པའི་བྲག་རྡོ་དེའི་དུས་ཡུན་ནི་ད་ལ་ཐུག་གི་བར་དུ་ལོ་ས་ཡ་གསུམ་སྔོན་གྱི་སྟོད་གསར་བསྐལ་བའི⒆(ལོ་ས་ཡ་གཉིས་བཤད་པ་ཞིག་ཀྱང་ཡོད)ཡིན་པས་སྡོམ་ཚིག་འདི་ཐོབ་སྟེ། མཚོ་བོད་མཐོ་སྒང་ནི་ལོ་ས་ཡ་གསུམ་(ཡང་ན་བྱེ་བ་གཉིས་)གྱི་སྔོན་ད་ལྟ་དང་བསྡུར་ན་སྨི་3000ཡས་མས་ཤིག་གིས་དམའ་བ་རེད། གསལ་བོར་བཤད་ན། ད་ལྟའི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་5000ཡིན་པའི་མཚོ་བོད་མཐོ་སྒང་ནི་ལོ་ས་ཡ་གསུམ་གྱི་སྔོན་དུ་ད་དུང་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་2000ཡས་མས་ཤིག་རེད།”⒇  
        དེས་ན་མཚོ་བོད་མཐོ་སྒང་དུ་སྤྲ་རིགས་རྣམས་ཁྱུ་ཚོགས་སུ་གནས་ཏེ་ཤིང་འབྲས་སྣ་ཚོགས་ཅི་དགར་ལོངས་སུ་སྤྱོད་ཅིང་ད་དུང་མིར་འཕེལ་འགྱུར་མ་བྱུང་བའི་སྔོན་དུ་མཚོ་ངོས་ལས་མཐོ་ཚད་ནི་དེ་ལས་ཀྱང་དམའ་བ་ནི་རིགས་པས་ཀྱང་དཔོག་ཐུབ་པ་རེད།  མཁས་པ་དག་གིས་ས་རྒྱུས་རིག་པས་མཁོ་འདོན་བྱས་པའི་མཐོ་སྒང་ཡར་སྐྱེས་ཀྱི་གཞི་གྲངས་དང་སྐྱེ་དངོས་ཁུལ་ཁྱབ་ཚད་ཀྱི་ཆོས་ཉིད། སྤྲ་རིགས་ཀྱི་འཚོ་སྟངས་གོམས་སྲོལ་སོགས་ཕྱོགས་བསྡུས་བྱས་ནས་དཔྱད་ན།  ད་ནས་ཡར་རྩིས་ན་ལོ་ས་ཡ་བརྒྱད་ནས་ས་ཡ་དྲུག་གི་སྔོན་དུ་མཚོ་བོད་མཐོ་སྒང་ནི་མཚོ་ངོས་ལས་མཐོ་ཚད་སྨི་1000-1500ཡིན་པ་ཆ་བཞག་བྱས་པ་རེད། སའི་མཐོ་དམན་འདི་ལྟ་བུའི་ས་ཁུལ་ལ་སྐྱེ་དངོས་རིག་པས་“རི་ཁུལ་གྱི་ཚ་ཁུལ་ཕལ་བའི་རྒྱུན་ལྗང་ལོ་ལེབ་ནགས་ཁུལ”ཅེས་ཟེར་ཞིང་། དེའི་ཁྱབ་ཁོངས་སྤྱིར་བཏང་དུ་མཚོ་ངོས་ལས་མཐོ་ཚད་སྨི་1000ནས་2000ཡིན་ཞིང་། ས་ཁུལ་རེ་འགའ་མཚོ་ངོས་ལས་མཐོ་ཚད་སྨི་2400ཡིན་པས་མཚོ་བོད་མཐོ་སྒང་ཡང་ཁྱབ་ཁོངས་འདིའི་ཁྲོད་དུ་ཡོད་པ་རེད། ཁུལ་རྒྱུད་འདིའི་ནང་དུ་ཉི་འོད་དྲོ་ཞིང་མཁའ་དབུགས་འགུལ་རྒྱུགས་ཆེ་བས་འཛམ་གླིང་གི་སྐྱེ་དངོས་90%ཡན་ཆད་འདིར་སྐྱེས་པས་སྐྱེ་དངོས་ཀྱི་རྒྱལ་ཁམས་ཤིག་ཡིན་པ་མ་ཟད། སྲོག་ཆགས་ཀྱི་འཇིག་རྟེན་ཞིག་ཀྱང་ཡིན་པས་སྤྲ་རིགས་ནི་ཡོད་ཤ་སྟག་རེད།   
        ཁ།  གནམ་གཤིས་རིག་པའི་ཕྱོགས་ཀྱི་དཔྱད་འགྲེལ། 
        སྤྱིར་སྤྲ་རིགས་ནས་འགྲོ་བ་མིའི་རིགས་སུ་འཕེལ་འགྱུར་བྱུང་བར་གནམ་གཤིས་རིག་པའི་ཕྱོགས་ནས་འདི་ལྟར་བཤད་དེ། ས་རིམ་ཇེ་མཐོར་སོང་ནས་“མཐོ་སྒང་གྲུབ་པ་དེས་ཧིམ་རྡུ་རྒྱ་མཚོ་ཆེན་པོའི་དྲོད་གཤེར་གྱི་རླུང་རྒྱུན་བྱང་དུ་རྒྱུ་པ་བཀག་འགོག་ཐེབས་ཤིང་། མཚོ་བོད་མཐོ་སྒང་གི་ནམ་ཟླ་ཡང་དེའི་དབང་གིས་སྐམ་ས་ཆེན་མོའི་རང་བཞིན་གྱི་ནམ་ཟླར་གྱུར་པ་དང་། དེའི་སྐབས་སུ་བྱུང་བའི་དབྱར་དུས་རླུང་གིས་ཤར་རྒྱུད་དུ་བརླན་གཤེར་གྱི་ས་ཁུལ་ཆགས་པ་དང་། དགུན་དུས་རླུང་གིས་བྱེ་ཐང་དང་ས་སེར་མཐོ་སྒང་བསྐྲུན་པ་དང་། མཚོ་བོད་མཐོ་སྒང་འབུར་བ་དེའི་ཤུགས་རྐྱེན་ཐེབས་ཏེ་འཕྲེད་རྒྱུག་རི་རྒྱུད་ཤར་གྱི་བཞུར་ཆུའི་འགྲམ་གྱི་ཆགས་སྟངས་ཀྱི་ཐིག་རིས་མྱུར་དུ་མར་དྲག་ཏུ་འབབ་ཅིང་། དུས་སྔ་མོའི་སྙོམས་ངོས་གཤག་གཟུགས་ནི་རི་མཐོན་པོ་དང་གྲོག་རོང་ཟབ་མོར་གྲུབ།  འབྲུ་ཆུ་ནི་ཝུའུ་ཧྲན་རི་བོ་(巫山)བརྒྱུད་དེ་སྨད་རྒྱུད་དང་འབྲེལ། ཧིམ་རྡུའི་ནུབ་ལྷོའི་དུས་རླུང་དང་ཨ་ཤེ་ཡའི་ཤར་རྒྱུད་ཀྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་ཏེ་གྲོག་རོང་གི་ཞབས་ནས་རི་མཐོན་པོའི་རྩེ་བར་ཚ་ཁུལ་ནས་མཐོ་རིའི་གྲང་ཐན་གྱི་དྲང་འཕང་གི་ནམ་ཟླའི་ཁུལ་རྒྱུད་བྱུང་བ་རེད། རང་བྱུང་ཁོར་ཡུག་གི་རྣམ་པར་འཕོ་འགྱུར་བྱུང་བ་དེས་འགྲེང་བའི་མི་(直立人)འབྱུང་བའི་མཐུན་རྐྱེན་བསྐྲུན་པ་རེད”(21)   
        འོ་ན་གོང་དུ་བརྗོད་པ་ལྟར་སྤྲ་རིགས་རྣམས་ཆུ་འཇིགས་ཀྱིས་དེད་ནས་ཐོག་མར་མཐོ་སྒང་གི་རྩེ་ཁུལ་ལ་སླེབས་པའི་དུས་དེར་མཐོ་སྒང་གི་རྩེ་ཁུལ་ནི་མཚོ་ངོས་ལས་མཐོ་ཚད་ཅི་འདྲ་ཡིན་ཞེ་ན།  ས་རྒྱུས་རིག་པས་མཐོ་སྒང་ཡར་སྐྱེས་ཀྱི་གཞི་གྲངས་བྱིན་པ་སོགས་གཞིར་བཟུང་ནས་བརྟག་དཔྱད་བཏང་ན། མཚོ་ངོས་ལས་མཐོ་ཚད་སྨི་1000-1500ཡིན་པར་འདོད་ཅིང་། དེ་ནས་མཐོ་སྒང་མུ་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས་གནམ་གཤིས་ལའང་འགྱུར་ལྡོག་བྱུང་ཞིང་།  མཐར་མཚོ་ངོས་ལས་མཐོ་ཚད་སྨི་2400ཡན་དུ་བརྒལ་བ་ན་སྤྲ་རིགས་རྣམས་འཁྱག་གྲང་གི་གནམ་གཤིས་མ་བཟོད་པར་དམའ་སར་གནས་སྤོ་མི་བྱེད་ཐབས་མེད་དུ་གྱུར།  དེ་ལྟར་མཐོ་སྒང་གི་ས་གཞི་ཇེ་མཐོ་ནས་ཇེ་མཐོར་སོང་བ་དང་བསྟུན་ནས་སྤྲ་རིགས་རྣམས་ཇེ་དམའ་ནས་ཇེ་དམའ་རུ་འབབ་པ་རེད།  གནམ་གཤིས་རིག་པ་བས་རང་བྱུང་གི་ཆོས་ཉིད་ཅིག་རྟོགས་ཡོད་པ་ལྟར་ན།  མཚོ་ངོས་ལས་མཐོ་ཚད་སྨི་1000རེ་ཇེ་མཐོར་སོང་ཚེ་ལྟོས་བཅོས་སུ་གནམ་གཤིས་དྲོད་ཚད་ཀྱང་6OCརེ་ཇེ་དམའ་རུ་འགྲོ་ངེས་རེད།  དེ་ལྟར་ས་རྒྱུས་རིག་པ་བས་རྩིས་བརྒྱབ་པ་ལྟར་ན་མཚོ་བོད་མཐོ་སྒང་སྨི2000ཇེ་མཐོར་སོང་བའི་དུས་ཡུན་ནི་མ་མཐའ་ཡང་ལོ་འབུམ་ཕྲག་གཉིས་ནས་གསུམ་དགོས་པ་རེད།   
        གཞན་ཡང་ཀྲུང་གོའི་ས་རྒྱུས་རིག་པ་བས་གླིང་ཆེན་ཨ་ཤེ་ཡའི་ཤར་རྒྱུད་ཀྱི་དུས་རླུངས་ས་ཁུལ་དང་ཧིམ་རྡུའི་དུས་རླུང་ས་ཁུལ། གླིང་ཆེན་ཨ་ཧྥེ་རི་ཁའི་ནུབ་རྒྱུད་ཀྱི་དུས་རླུང་ས་ཁུལ་བཅས་ཀྱིས་གྲུབ་པའི་སའི་གོ་ལའི་བྱང་ཕྱེད་ཀྱི་འཕྲེད་ཚད་འབྲིང་དང་དམའ་བའི་ས་ཁུལ་གྱི་དུས་རླུང་ཁུལ་གྱི་གནའ་བསྐལ་བའི་གནམ་གཤིས་ཀྱི་རྒྱུ་ཆ་སྐོར་ལ་དབྱེ་ཞིབ་བྱས་རྗེས། གོང་གི་ས་གནས་གསུམ་གྱི་ཉེ་བའི་ལོ་ས་ཡ་གསུམ་རིང་གི་གནམ་གཤིས་འཕོ་འགྱུར་གྱི་དུས་འཁོར་ནི་དུས་ཀྱི་སྟེང་ནས་ཕལ་ཆེར་མཉམ་པ་དང་། སྤྱིའི་འཕེལ་ཕྱོགས་ནི་སྐམ་ཚད་རིམ་བཞིན་ཇེ་མཐོར་འགྲོ་བ་དང་དུས་ཚིགས་ཀྱི་རང་བཞིན་སྔར་ལས་མངོན་གསལ་དུ་འགྲོ་བ་རྟོགས། དོན་དངོས་དེའི་སྟེང་ནས་གླིང་ཆེན་ཨ་ཤེ་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁ་གཉིས་ཀྱི་དུས་རླུང་གི་འབྱུང་ཁུངས་དང་རྒྱབ་ལྗོངས་ཕལ་ཆེར་གཅིག་འདྲ་ཡིན་སྲིད་པ་དེ་མཚོན་ཞིང་། འདིས་ས་ཁུལ་དེ་གཉིས་གང་ཡིན་ཡང་མིའི་རིགས་ཀྱི་བྱུང་ཁུངས་ཡིན་སྲིད་པ་དེ་ར་སྤྲོད་བྱེད་ཐུབ།(22)  
        མཚོ་བོད་མཐོ་སྒང་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་གཉིས་བསྡུར་ན་སྤྲ་ནས་མིར་འགྱུར་བའི་དུས་སྐབས་དེར་གནམ་གཤིས་ཀྱི་ཕྱོགས་ནས་ས་ཆ་གཉིས་ཕལ་ཆེར་འདྲ་བ་ཡིན་ན། འོ་ན་དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ་གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་ནས་མིའི་རིགས་ཀྱི་འགྱུར་རྡོ་མང་པོ་རྙེད་པ་དང་མཚོ་བོད་མཐོ་སྒང་ནས་མ་རྙེད་པ་དང་།  ཡང་ཁྱོད་ལྟར་ན་མཚོ་བོད་མཐོ་སྒང་གི་སྤྲ་རིགས་རྣམས་མིར་འཕེལ་འགྱུར་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ཞེ་ན། དང་པོ་ནི་རང་རྒྱལ་གྱི་གནའ་བོའི་མིའི་རིགས་རིག་པ་བ་རྟོང་བན་པའོ་(黄万波)ཡི་འདོད་པ་ལྟར་ན(23)རྒྱུ་རྐྱེན་གཉིས་ཡོད་དེ།  གཅིག་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་འཕྲེད་ཚད་ནི་ལྷོར་ཕྱོགས་ཡོད་པས་ནམ་ཟླ་ལྟོས་བཅོས་སུ་སྐམ་པ་དང་མེ་རིའི་ནུས་པ་རྒྱུན་དུ་འབྱུང་བས་དེས་མིའི་རིགས་ཀྱི་རུས་ཀྲང་ཉར་ཚགས་བྱེད་པར་རང་བྱུང་གི་ཆ་རྐྱེན་བཟང་བོ་ཞིག་མཁོ་འདོན་བྱས་ལ། འོན་ཏེ་མཚོ་བོད་མཐོ་སྒང་གི་འཕྲེད་ཚད་བྱང་དུ་ཕྱོགས་ཤིང་བརླན་ཆེ་བས་མིའི་རིགས་ཀྱི་རུས་ཀྲང་རླུང་གིས་ཟོས་ཏེ་ཉར་ཚགས་བྱེད་དཀའ་བ་རེད། གཉིས་ནི་མཚོ་བོད་མཐོ་སྒང་ནི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་གནས་དེར་དངོས་སུ་རྟོག་ཞིབ་ཏུ་སླེབས་དཀའ་བ་དང་མི་ཤུགས་དངོས་ཤུགས་ལ་ཚད་ཡོད་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་གང་མང་དབང་གིས་གླིང་ཆེན་ཨ་ཧྥེ་རི་ཁ་ལྟ་བུར་རྟོག་ཞིབ་བྱེད་མ་ཐུབ་པས་རེད།   
        ང་། མིའི་རིགས་རིག་པའི་ཕྱོགས་ཀྱི་སྡོམ་ཚིག
        ང་ཚོས་གོང་གི་ས་རྒྱུས་རིག་པ་དང་སྐྱེ་དངོས་རིག་པ། གནམ་གཤིས་རིག་པ་སོགས་ཀྱི་དཔང་རྟགས་གཞིར་བཟུང་ཞིང་ལྷག་པར་དུ་མིའི་རིགས་རིག་པ་བས་ཕྱོགས་གང་ཐད་ཀྱི་རྒྱུ་ཆའི་སྟེང་ནས་དབྱེ་ཞིབ་གནང་བ་ལྟར་ན། གླིང་ཆེན་ཨ་ཧྥེ་རི་ཁའི་མཐོ་སྒང་དང་བསྡུར་ན་མཚོ་བོད་མཐོ་སྒང་ནི་མིའི་རིགས་ཀྱི་འབྱུང་གནས་ཡིན་པ་ལ་ལྷག་པར་དུ་ཡིད་ཆེས་བཞིན་ཡོད། དེའི་རྒྱུ་མཚན་མདོར་བསྡུས་ན་གཙོ་བོ་ནི་མཚོ་བོད་མཐོ་སྒང་ནི་འབུར་དུ་ཐོན་པའི་དབང་གིས་ཁོར་ཡུག་འགྱུར་བ་དང་དེས་སྤྲ་རིགས་ལ་“ཟུག་གཟེར་”ཐེབས་ཏེ་འཚོ་བ་རོལ་སྟངས་མི་བསྒྱུར་ཐབས་མེད་བྱུང་ཞིང་རྐྱེན་ངན་དེ་གྲོགས་སུ་གྱུར་ཏེ་མིར་འཕེལ་འགྱུར་བྱུང་བར་འདོད་ལ།   དེ་ལྟར་མིན་ན་གླིང་ཆེན་ཨ་ཧྥེ་རི་ཁར་ཡོད་པའི་སྤྲ་རིགས་རྣམས་མིར་འགྱུར་མ་ཐུབ་པར་དེང་སང་ཡང་དེ་བཞིན་ནགས་ཁྲོད་ན་བག་ཡངས་སུ་རོལ་བཞིན་ཡོད་པ་འདིས་བདེན་དཔང་བྱེད་ཐུབ། ལྟ་ཚུལ་འདི་ཅུང་ཞིབ་ཏུ་གླེང་ན། གོང་ནས་ས་རྒྱུས་རིག་པའི་སྟེང་ནས་བཤད་པ་ལྟར་སྤྲ་རིགས་རྣམས་མཐོ་སྒང་ཇེ་མཐོར་སོང་ནས་སྐབས་དེར་མཐོ་སྒང་གི་ཡང་རྩེ་སྟེ་མཚོ་ངོས་ལས་མཐོ་ཚད་སྨི་2400ལ་ཐོན་པས་(ད་ལྟ་མཚོ་ངོས་ལས་མཐོ་ཚད་སྨི་5200ཡིན་)ཁོར་ཡུག་འགྱུར་ཏེ་འཚོ་བ་རོལ་ཐབས་བྲལ་ཏེ་རིམ་བཞིན་མར་བབས་ཤིང་མཐར་མཐོ་སྒང་གི་ཞབས་ངོས་ཏེ་བང་རིམ་གསུམ་པ་མཚོ་ངོས་ལས་མཐོ་ཚད་སྨི་2000ཡས་མས་དང་འཚོ་བ་རོལ་ཐུབ་པའི་ནགས་ཚལ་ས་ཁུལ་སྨི་400ཙམ་ལས་མེད་པའི་གནས་སུ་ཚུད།  ཡིན་ནའང་མཐོ་སྒང་ནི་མུ་མཐུད་དུ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་པས་མཇུག་མཐར་ནགས་ཚལ་དེ་ཙམ་ཡང་ཤོར་ནས་རྩྭ་ཐང་དུ་གྱུར་ཅིང་རང་བྱུང་གི་ཤིང་འབྲས་སོགས་ཟས་རིགས་དཀོན་པར་གྱུར་པས་སྤྲ་རིགས་རྣམས་འཚོ་བའི་དཀའ་ཁག་གིས་དེད་ནས་ལག་ཏུ་མཚོན་ཆ་ཐོགས་ནས་སྲོག་ལ་རྒོལ་པའི་གཅན་གཟན་སོགས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་ཏེ་འཚོ་བ་རོལ་པས་རིམ་བཞིན་མིར་གྱུར་པ་རེད།    ཨ་མེ་རི་ཁའི་སྙན་གྲགས་ཆེ་བའི་ས་རྒྱུས་རིག་པ་བ་ཀུར་ཕུའི་(A་W་  Grabau)《ང་ཚོའི་འཚོ་བ་དང་སའི་གོ་ལ་》ཞེས་པའི་དཔེ་ཆའི་ནང་དུའང་།  ལོ་བྱེ་བ་འགའི་སྔོན་དུ་ཧི་མ་ལ་ཡའི་རི་རྒྱུད་དེ་བར་མཚམས་སོར་གནས་རང་བཞིན་གྱིས་འདེགས་འཕར་བྱུང་བས་མཚོ་བོད་མཐོ་སྒང་དང་དེའི་བྱང་ཕྱོགས་ཀྱི་གླིང་ཆེན་ཨ་ཤེ་ཡའི་དབུས་རྒྱུད་ཀྱི་གནམ་གཤིས་རིམ་བཞིན་ཇེ་འཁྱག་ཇེ་སྐམ་དུ་གྱུར་ཏེ་ནགས་ཚལ་རིམ་བཞིན་ཇེ་ཆུང་དུ་གྱུར་པའི་མོད་ལ་རྩྭ་ཐང་མུ་མཐུད་དུ་ཇེ་ཆེར་སོང་། ཁོར་ཡུག་མགྱོགས་མྱུར་དུ་འགྱུར་ལྡོག་བྱུང་བ་དེས་སྔར་ནགས་ཚལ་དུ་འཚོ་བའི་གནའ་སྤྲ་དེ་རིགས་ཀྱི་གོམས་སྲོལ་བསྒྱུར་ཏེ་ཐང་ནས་འགྲོ་བ་དང་རིམ་བཞིན་ཡངས་ཤིང་རྒྱ་ཆེ་བའི་ས་རྒྱུད་དུ་འཚོ་བར་གོམས་པས་མཐར་དེ་རྣམས་མིའི་རིགས་སུ་གྱུར་པ་རེད།   ཡིན་ནའང་རི་བོ་ཧི་མ་ལ་ཡའི་ལྷོ་ཁུལ་གྱི་གནམ་གཤིས་ཁོར་ཡུག་ལ་དེ་དང་འདྲ་བའི་འགྱུར་ལྡོག་གང་ཡང་མ་བྱུང་བས་དེར་འཚོ་བའི་སྤྲ་རིགས་ནི་སྔར་བཞིན་ནགས་ཚལ་དུ་འཚོ་བ་རོལ་བས་རང་གི་འཚོ་སྟངས་བསྒྱུར་དགོས་པའི་གལ་ལ་མ་ཐུག ཁོང་གིས་ས་རྒྱུས་རིག་པ་དང་གནམ་གཤིས་རིག་པ་སོགས་ཀྱི་ཕྱོགས་ནས་དབྱེ་ཞིབ་བྱས་ཏེ་བོད་ལྗོངས་ནི་མིའི་རིགས་ཀྱི་འབྱུང་གནས་ཀྱི་ཡ་གྱལ་ཡིན་ཞེས་ནན་གྱིས་བསྟན་འདུག(24)  
        དེ་བཞིན་དུ་སྤྱི་ལོ་1911ལོར་གནའ་བོའི་སྐྱེ་དངོས་རིག་པ་བ་མཱ་ཞིག་(马修)གིས་ཀྱང་《གནམ་གཤིས་དང་རིམ་འགྱུར་》ཞེས་པའི་དཔེ་ཆའི་ནང་དུ། གླིང་ཆེན་ཨ་ཤེ་ཡའི་དབུས་རྒྱུད་ཀྱི་མཐོ་སྒང་ནི་མིའི་རིགས་ཀྱི་བྱུང་ས་ཡིན་ཞེས་གསུངས་ཡོད།  ཁོང་གིས་དེ་ལྟར་གསུངས་པའི་རྒྱུ་མཚན་ནི་གཅིག་ནས་གླིང་ཆེན་ཨ་ཤེ་ཡའི་དབུས་རྒྱུད་ནི་རི་བོ་ཧི་མ་ལ་ཡ་འབུར་དུ་ཐོན་པས་དེའི་རང་བྱུང་ཁོར་ཡུག་ཏུ་འཚོ་དཀའ་མོད།    འོན་ཀྱང་སྲོག་ཆགས་རིམ་འགྱུར་བྱེད་པའི་ཕྱོགས་ནས་བཤད་ན། ཟུག་གཟེར་ཐེབས་ནས་བྱུང་བའི་ཚུར་སྣང་དེ་ནི་ཕན་པ་ཤིན་ཏུ་ཆེ་སྟབས་ཕྱི་ནས་ཐེབས་པའི་ལྡོག་རྐྱེན་དེས་སྤྲ་རིགས་རྣམས་མིའི་རིགས་སུ་འཕེལ་འགྱུར་བྱེད་པར་སྐུལ་འདེད་བཏང་བ་རེད། གཉིས་ནས་འོ་གསོའི་སྲོག་ཆགས་གནས་སྤོ་བྱེད་པའི་ཆོས་ཉིད་ལྟར་ན་ཆེས་སྔོན་ཐོན་མིན་པའི་རིགས་རྣམས་སྲོག་ཆགས་དེ་ཁྱབ་པའི་དཀྱིལ་སྙིང་གི་མཐའ་ལ་འདེད་པ་དང་། ཆེས་དར་ལ་བབས་ཤིང་སྟོབས་དང་ལྡན་པའི་རིགས་རྣམས་ཕ་ས་དེའི་ཉེ་འདབས་ནས་མུ་མཐུད་དུ་དར་སྤེལ་བྱེད་པ་རེད། དེར་བརྟེན། ཕ་ས་དང་ཅུང་རིང་བའི་ས་ཁུལ་ནས་དེ་ལས་ལྡོག་སྟེ་ཆེས་གདོད་མའི་མིའི་རིགས་རྙེད་པ་རེད། སྐབས་དེར་རྙེད་པའི་དུས་སྔ་མོའི་མིའི་རིགས་ཀྱི་འགྱུར་རྡོ་སྟེ་དཔེར་ན་ཧེ་ཏེ་པའོ་མི(25)དང་བཀྲ་བཱ(26)སྤྲ་མི་ནི་བཤད་ཚུལ་འདིའི་སྒྲུབ་བྱེད་དུ་གྱུར་ཡོད་པར་བཤད།(27)  
        འཇར་མན་གྱི་མིའི་རིགས་རིག་པ་ཨ་མཱ་དོ་ཀར་པུ་(Amadon   Gradan)ཡིས་གསུང་རྒྱུར་“དུས་རབས་གསུམ་པའི་མཇུག་ཏུ་ཧི་མ་ལ་ཡའི་རི་རྒྱུད་འབར་དུ་ཐོན་ཏེ་སོག་བོད་ས་ཁུལ་གྱི་ནགས་ཚལ་ཡལ་བར་གྱུར་པས་མིའི་རིགས་ཀྱི་གནའ་བོའི་མེས་པོ་སྟེ་གནའ་སྤྲ་རྣམས་ནགས་ཚལ་ནས་ཐོན་ཏེ་ས་ངོས་སུ་འཚོ་བ་མི་རོལ་ཐབས་མེད་དུ་གྱུར་ཏེ་རིམ་བཞིན་དེང་རབས་ཀྱི་མིའི་རིགས་སུ་འཕེལ་འགྱུར་བྱུང་བ་རེད།”(28)ཅེས་གསུངས།   རང་རྒྱལ་གྱི་མཁས་པ་དག་གིས་ཀྱང་ས་རྒྱུས་རིག་པའི་ཕྱོགས་ནས་བརྟགས་པས།“དེང་གི་ལྷོ་ཁ་ས་ཁུལ་གྱི་མེ་ཏོག་དང་རྫ་ཡུལ་གྱི་ལྡེབས་སར་རྩི་ཤིང་ཁྱབ་ཚད་ལ་བལྟས་ན།  མཚོ་ངོས་ལས་མཐོ་ཚད་གལ་ཏེ་སྨི་3000ཡན་ལ་བརྒལ་ཚེ་རྣམ་པ་གཞན་ཞིག་ཏུ་གྱུར་ཡོད་དེ། སྔོ་ཁེབས་ས་རྒྱུད་དེའི་རྣམ་པ་ནི་ལོ་མ་ཕྲ་རིགས་ཀྱི་ཤིང་དང་མཐོ་རིའི་སྤང་དུ་ཤར་ཡོད། སྐྱེ་དངོས་ནི་རྟག་ཏུ་ཁོར་ཡུག་དེ་དང་འཚམས་པར་སྐྱེས་ཡོད་པས་རྩྭ་ཐང་འདི་བྱུང་བ་ཉིད་ནས་རྩྭ་གཟན་རི་དྭགས་ཀྱང་དེ་བཞིན་བྱུང་ཡོད་པ་དཔེར་ན། རྟ་ནོར་ལུག་གསུམ་དང་ཤ་བ།  དྲེའུ།  རི་བོང་སོགས་རི་དྭགས་འདི་དག་ནི་གནམ་རྒན་མས་ཆེས་དཀའ་སྡུག་གི་དུས་སུ་མིའི་རིགས་ལ་ཟས་སྐལ་དུ་གནང་བ་རེད། གལ་ཏེ་སྐབས་དེར་མཐོ་སྒང་གི་རྩེ་ངོས་དེ་སྨི་3000ཡན་ལ་འབུར་ཐོན་མ་བྱུང་ཚེ་མཐོ་རིའི་སྤང་དེ་འབྱུང་མི་སྲིད་ལ་རྩྭ་གཟན་རི་དྭགས་ཀྱང་འབྱུང་མི་སྲིད་པས་འདི་ནི་གནམ་རྒན་མའི་བཀོད་སྒྲིག་ཅིག་མིན་ཞེས་སུ་ཞིག་འདོད།”(29) ཅེས་གསུངས།   
        འདི་ལ་གནའ་དཔྱད་རིག་པའི་ཕྱོགས་ནས་ཀྱང་ར་སྤྲོད་བྱས་ཡོད་དེ། “ཞིན་ཧྭ་དྲ་རྒྱ་པེ་ཅིན་གྱི་ཟླ་9པའི་ཚེས་2ཉིན་གློག་ཡིག་ལྟར་ན།  (གསར་འགོད་པ།  ཝུའུ་ཅིན་ཅིན། 吴晶晶)གསར་འགོད་པས་ཚེས་2ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་བོའི་སྒལ་རུས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་ནས་རྟོགས་པ་ལྟར་ན། ཚན་རིག་པས་བོད་ལྗོངས་ཀྱི་རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་མཚོ་ངོས་ལས་མཐོ་ཚད་མཐོ་བའི་རྩ་མདའ་གཤོངས་ས་ནས་སྟོད་གསར་བསྐལ་བའི་འོ་གསོའི་སྲོག་ཆགས་ཀྱི་འགྱུར་རྡོ་སྒྲིག་མ་ཞིག་རྙེད།   དེའི་ཁྲོད་དུ་སྔོན་ཆད་རྟོགས་ཟིན་པའི་ཆེས་གདོད་མའི་བསེ་རུ་སྤུ་རིང་ཡང་ནང་དུ་འདུས།  འགྱུར་རྡོ་གསར་བའི་རྒྱུ་ཆ་འདི་དག་གིས་འཁྱགས་རོམ་དུས་སྐབས་ཀྱི་སྲོག་ཆགས་ཀྱི་ཁྱུ་ནས་སྐོར་ཞིག་དུས་རབས་བཞི་བའི་སྔོན་ཞིག་ནས་མཚོ་བོད་མཐོ་སྒང་ནས་རིམ་འགྱུར་བྱས་ནས་འཕེལ་རྒྱས་བྱུང་ཡོད་པ་ར་སྤྲོད་བྱས། དེའི་སྟེང་ནས་འཁྱགས་རོམ་དུས་སྐབས་ཀྱི་སྲོག་ཆགས་དེ་དག་བྱང་སྣེ་མུ་ཁྱུད་(北极圈)ནས་བྱུང་བའི་ཆ་བཞག་གི་བཤད་ཚུལ་དེ་རྩིས་མེད་དུ་བཏང་བ་དང་། མཚོ་བོད་མཐོ་སྒང་ནི་ད་གཟོད་དེ་རིགས་ཀྱི་ཆེས་ཐོག་མའི་རིམ་འགྱུར་ལྟེ་བ་ཡིན་པ་བདེན་དཔང་བྱས་”(30)པ་མ་ཟད།  སྡོམ་ཚིག་འདིར་ཆ་རྡུལ་སྐྱེ་དངོས་རིག་པའི་ཕྱོགས་ནས་བདེན་དཔང་བྱས་ཡོད་དེ།  “ད་ལྟ། རྒྱུན་དུ་མཐོང་བའི་མཚོ་བོད་མཐོ་སྒང་གི་ད་སྐྱེས་སྲོག་ཆགས་ཆེན་པོ་དྲུག་གི་འགྱུར་རྡོ་རྙེད་ཡོད་པའམ་ཆ་རྡུལ་གྱི་དཔང་རྟགས་སྟེང་ནས་དེ་དག་གི་བྱུང་ཁུངས་མཚོ་བོད་མཐོ་སྒང་ཡིན་པ་ར་སྤྲོད་བྱས།  རྣ་དང་དགོ་བ།  གསའ་རྣམས་ནི་བར་གསར་བསྐལ་བའི་མཇུག་གམ་སྟོད་གསར་བསྐལ་བའི་མཚོ་བོད་མཐོ་སྒང་གི་འགྱུར་རྡོའི་ཟིན་བྲིས་སུ་ཡར་ཁུངས་འདེད་བྱས་ཆོག་པ་རེད།  གཞན་པའི་རྨིག་པ་ཅན་གྱི་སྲོག་ཆགས་ཆེ་གྲས་རིགས་ཏེ་འབྲི་གཡག་དང་རྐྱང་། གཉན་གསུམ་ནི་ཆ་རྡུལ་སྐྱེ་དངོས་རིག་པའི་ཕྱོགས་ཀྱི་དཔང་རྟགས་ནུས་ལྡན་དང་ཡང་ན་འགྱུར་རྡོའི་བདེན་དཔང་ལས་མངོན་པ་ལྟར་ན། དེའི་མཚོ་བོད་མཐོ་སྒང་གི་མེས་པོའི་རིགས་ལས་ཆེས་གསར་བསྐལ་བའི་མཇུག་ཏུ་གླིང་ཆེན་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེན་མོའི་བྱང་རྒྱུད་ཀྱི་‘གླང་རྒོད་རྩྭ་ཐང་’(猛犸草原)ལ་མཆེད་པའི་རྒྱུད་པ་རྣམས་འབྱུང་ཐུབ་པ་རེད།   དེའི་ཁྲོད་དུ་གཉན་དང་འབྲི་གཡག་གི་གཉེན་དུ་གྱུར་པའི་འབྲོང་ནི་པའེ་ལིན་སྐམ་སའི་ཟམ་ལམ་བརྒྱུད་དེ་མེ་གླིང་བྱང་མར་གནས་སྤོ་བྱས་པ་རེད།  དེར་བརྟེན།  མ་མཐའ་ཡང་འཕྲེད་ཚད་མཐོ་བའི་བྱང་མཚམས་ཡོངས་ཀྱི་འཁྱགས་རོམ་དུས་སྐབས་ཀྱི་སྲོག་ཆགས་ཀྱི་འབྱུང་ཁུངས་ནི་མཚོ་བོད་མཐོ་སྒང་ཡིན་པ་ཤིན་ཏུ་གསལ་ཐག་ཆོད་པ་རེད།” (31)  
        འདིའི་སྟེང་ནས་ང་ཚོས་ཤེས་རྒྱུ་ཞིག་ཡོད་པ་ནི་སྲོག་ཆགས་ཀྱི་རིགས་དེ་རྣམས་ཀྱང་ཐོག་མར་མཚོ་བོད་མཐོ་སྒང་ནས་བྱུང་ཞིང་རིམ་འགྱུར་འཕེལ་རྒྱས་སུ་སོང་ནས་མཐར་མེ་གླིང་བྱང་མར་མཆེད་ཐུབ་པ་བྱུང་ན།  ང་ཚོ་བློ་རིག་དང་ལྡན་པའི་འགྲོ་བ་མིའི་རིགས་ཀྱང་དེ་བཞིན་ཐོག་མར་མཚོ་བོད་མཐོ་སྒང་འདི་ནས་འཕེལ་འགྱུར་བྱུང་སྟེ་མཐར་འཛམ་གླིང་གི་ས་གནས་ཐམས་ཅད་དུ་ཁྱབ་པར་སྨྲ་བ་འདི་ལྷག་ཏུ་ཡིད་རྟོན་རུང་བ་ཞིག་མ་ཡིན་ནམ།  ལྷག་པར་དུ་“བསེ་རུ་སྤུ་རིང་འདི་སྔོན་ཆད་མིའི་རིགས་ཀྱི་མེས་པོ་དང་མཉམ་དུ་འཚོ་མྱོང་ཞིང་། གདོད་མའི་མིའི་རིགས་ཀྱིས་བསེ་རུ་སྤུ་རིང་འདིའི་རི་མོ་བྲག་ཕུག་དང་བྲག་ངོས་སུ་འབྲི་བརྐོ་བྱས་ཡོད་པ་དང་།   གང་ཡིན་མི་ཤེས་པའི་རྒྱུ་རྐྱེན་དབང་གིས་བསེ་རུ་སྤུ་རིང་འདི་པའེ་ལིན་སྐམ་སའི་ཟམ་ལམ་བརྒལ་མ་ཐུབ་པར་མངོན་ཡང་།  དེ་དང་མཉམ་དུ་འཚོ་མྱོང་བའི་གླང་རྒོད་(猛犸草原)དང་འབྲོང་། གཙོད་(赛加羚羊)།  མིའི་རིགས་སོགས་ཐམས་ཅད་མེ་གླིང་བྱང་མར་ཐོན་པ་རེད།”(32)     
        གསུམ་པ། མཇུག་བསྡུ་བ།   
        དེ་ལྟར་ང་ཚོས་ཚན་རིག་པ་རྣམས་ཀྱིས་ས་རྒྱུས་རིག་པ་དང་གནའ་བོའི་རྟོག་ཞིབ་རིག་པ།  སྐྱེ་དངོས་རིག་པ། གནམ་གཤིས་རིག་པ།  མིའི་རིགས་རིག་པ་སོགས་ཕྱོགས་གང་ཐད་ནས་བརྟག་དཔྱད་གནང་བ་དག་ཕྱོགས་སྡོམ་བྱས་ཏེ་བལྟས་ན་མཚོ་བོད་མཐོ་སྒང་ནི་མིའི་རིགས་ཀྱི་བྱུང་ཁུངས་ཀྱི་ཡ་གྱལ་ཡིན་པ་ནི་དོན་གྱིས་གྲུབ་ཡོད། འཇར་མན་གྱི་མིང་གྲགས་ཆེ་བའི་གཤགས་ལས་རིག་པ་དང་གཟུགས་གཞིའི་མིའི་རིགས་རིག་པ་བ་ཝེ་ཏིན་རོས་ཁྲི་(weidenreich, Franz)ལགས་ཀྱིས་ཚོད་རྩིས་བྱས་པ་ལྟར་ན། འགྲོ་བ་མིའི་རིགས་ནི་དང་ཐོག་ལྟེ་བའི་མཐོ་སྒང་ནས་མཆེད་ཅིང་རིམ་བཞིན་ཕྱོགས་བཞིར་གནས་སྤོ་བྱས་པས། ཁྱུ་ཚོགས་གཅིག་འཇར་མན་དུ་གནས་སྤོ་བྱས་པ་ཧེ་ཏི་པོ་མིས་མཚོན་ཅིང་། ཁྱུ་གཅིག་ཀྲུང་གོར་གནས་སྤོ་བྱས་པ་པེ་ཅིན་མིས་མཚོན་པ་དང་།   ཡང་ཁྱུ་གཅིག་ཧིན་རྡུ་ཉེ་ཞི་ཡའི་བཀྲ་བཱའི་ཡུལ་དུ་གནས་སྤོ་བྱས་པ་བཀྲ་བཱ་མིས་མཚོན་པ་རེད།  པེ་ཅིན་མི་དང་བཀྲ་བཱ་མི་གཉིས་ནི་ཡུན་ནན་བརྒྱུད་ནས་གནས་སྤོ་བྱས་འོང་སྟེ། ཁྱུ་གཅིག་བྱང་གི་ཕྱོགས་ནས་དེང་གི་པེ་ཅིན་གྲོང་གི་ལྷོ་ནུབ་ས་ཁུལ་ཀྲིག་ཁུ་ཏེན་(周口店)ཞེས་པར་གཞིས་ཆགས་ཤིང་།  ཁྱུ་གཅིག་ལྷོ་ཕྱོགས་སུ་ཆས་ཏེ་རྒྱ་གར་བཀྲ་བཱའི་ཧྲི་མིན་ཞེས་པར་གཞི་སྡོད་བྱས།(33)འདིར་བཤད་པའི་“ལྟེ་བའི་མཐོ་སྒང་”ཞེས་པ་ནི་དགེ་ལེགས་ཀྱིས་མཚོ་བོད་མཐོ་སྒང་ནང་དུ་ཚུད་པའི་གླིང་ཆེན་ཨ་ཤེ་ཡའི་དཀྱིལ་དབུས་མཐོ་སྒང་ལ་ངོས་འཛིན་དགོས་པར་བཞེད་དོ།།   
        གཞན་ཡང་ཏུར་བུན་གྱིས་སྤྲ་ནས་མིར་འཕེལ་འགྱུར་བྱུང་བའི་གོ་རིམ་དུ་གནའ་མི་དེ་རྣམས་ཚ་ཁུལ་ནས་འཚོ་བ་ཡིན་པས(34)ལུས་སྤུས་གྲང་བ་འགོག་པའི་ནུས་པ་ཟད་པས་རིམ་བཞིན་མེད་པར་གྱུར་པ་རེད་ཅེས་འདོད་ཀྱང་དོན་དངོས་སུ་དེ་ལས་ལྡོག་སྟེ་མིའི་ལུས་སྤུ་ཟད་པ་ནི་འཁྱགས་གྲང་དབང་གིས་མིའི་རིགས་ཀྱིས་རི་དྭགས་ཀྱི་པགས་པས་ལྭ་བ་བཟོས་ཏེ་གྱོན་པས་རིམ་བཞིན་ལུས་སྤུས་གྲང་འགོག་གི་ནུས་པ་སྟོང་སྟེ་མེད་པར་གྱུར་པ་ཡིན་ལ། དེ་ལྟར་མིན་ན་འཛམ་གླིང་གི་ཚ་བ་ཆེ་བའི་ས་ཁུལ་ཏེ་ཁྱད་པར་དུ་དམར་ཐིག་ཉེ་འགྲམ་དུ་སྔར་བཞིན་གྲངས་འབོར་ཤིན་ཏུ་མང་བའི་སྲོག་ཆགས་སྣ་ཚོགས་ཡོད་པ་དེ་དག་གི་ལུས་སྤུ་གཅིག་ཀྱང་མ་ཟད་པར་ཡོད་པ་ཇི་ལྟར་འགྲེལ་ཅེས་གསུངས་པ(35)འདི་ཡང་གནས་ལུགས་ལྡན་པ་ཞིག་གོ།
        མཆན།   
① W. F 奥尔曼,陈一梅: 《人类的起源新说: 我们我们我们是谁?》,《 国外社会科学 》  1992年第3期。    
② 《人类摇篮欧洲说23 6起新石器时代人骨》 20 10年 12月29日, 来源: 凤凰网科技。    
③徐庆华:《探索人类起源之谜(四 )---欧洲古猿类的崛起 》, 《化石》,  1998年第4期。   
④珍妮特王:《人类进化的欧洲起源学说》,来源 :生物通 http://www.ebiotrade.com/ newsf/2002 - 2/L2002225 194412.htm   
⑤མིའི་རིགས་རིག་པ་བ་ཚོས་ཀེང་རུས་དེར་དེ་ལྟར་མིང་བཏགས་པ་རེད།    
⑥ 《 两种人类起源说 》, 2007年11月14《扬子晚报》。   
⑦⑩⑿理查德. 利基著, 吴汝康、吴新智、林圣龙译: 《人类的起源 》, 上海科学技术出版社,1997年 10月 。   
⑧ 《人类起源地研究争议: 我我们我们究竟从哪里来 》  2006年 02月10日 , 新浪科技 http: //www.sina .c om.cn     
⑨ 2010年12月 29日, 中 国 新 闻 网  http: //www. chinanews .com .cn/gi/    ⑾《清江200万年前人类化石证实中国人起源本土 》, 2010年12月29日, 《 法制晚报 》; 2.《 人类起源地研究争议: 我们究竟从哪里来 》,2006年02月10日, 新浪科技 http: // www. Sina.com.cn  3.  《 中 国人直系祖先在本土  人类起源亚洲说获新力证 》, 《 辽沈晚报 》, 2010-  12 -31。    
⒀(29)白剑:《人类源起青藏高原-探寻史前历史的新思路 》,《飞碟探索 》, 2011年第2至7期。    
⒁白剑:《人类源起青藏高原-探寻史前历史的新思路》,《飞碟探索 》, 2011年第3期。    
⒂延宏:《传统人类起源说挑战---古人类学家黄万波谈东亚直立人兴起的时间和地域》 ,《科技 日 报》 2000年6月3日。
⒃⒅白剑:《人类源起青藏高原-----探寻史前力史的新思路》, 《飞碟探索 》 2011年第5期。   
⒄《ཞང་ཞུང་ཤེས་རིག་གི་བསམ་བློའི་རྨང་གཞི་དང་རིག་གནས་ཀྱི་རྒྱབ་ལྗོངས་ལ་རགས་ཙམ་དཔྱད་པ》ནོར་བུ་ཚེ་རིང་།《བོད་ཀྱི་སློབ་གསོ》2010.4   
⒆སྟོད་གསར་བསྐལ་བ་(Pliocene epoch)ཞེས་པ་ནི་ས་རྒྱུས་ལོ་རབས་སུ་དུས་རབས་གསུམ་པའི་ནང་ཆེས་གསར་བའི་བསྐལ་བ་ཞིག་ཡིན་ཞིང་། མིང་འདི་1833ལོར་དབྱིན་ཇིའི་c.ཡར་ཞེས་པས་བཏགས་ལ། ས་རྒྱུས་ལོ་རབས་སུ་བསྐལ་བ་འདི་ད་ལ་ཐུག་གི་བར་དུ་ལོ་ས་ཡ་ལྔ་དང་འབུམ་གསུམ་ནས་མགོ་བརྩམས་ཏེ་ད་ལ་ཐུག་གི་བར་དུ་ལོ་ས་ཡ་གཅིག་དང་འབུམ་བརྒྱད་ལ་མཇུག་རྫོགས་པ་སྟེ། དེའི་རིམ་པ་ནི་ཆེས་གསར་བསྐལ་བ་མཇུག་རྫོགས་རྗེས་སྟོད་གསར་བསྐལ་བ་དང་། དེ་ནས་བར་གསར་བསྐལ་བ་ཡིན། ཞིབ་ཏུ་ཤེས་འདོད་པ་དག་གིས་ས་རྒྱུས་ལོ་རབས་སྐོར་ལ་གཟིགས་པར་བྱ།    
⒇(35)白剑:《人类源起青藏高原----探寻史前历史的新思路 》, 《 飞碟探索 》, 20 11年第6期。    
(21)延宏:《 向传统人类起源说挑战------古人类学家黄万波谈东亚直立人兴起的时间和地域》, 《科技日报》, 2000年6月3日。    
(22)黄慰文:《青藏高原的早期人类活动》, 西藏文化网 http: //www .tibetculture .net/    
(23)氨延宏:《 向传统人类起源说挑战-----古人类学家黄万波谈东亚直立人兴起的时间和地域》, 《科技日报》 2000年 G月 3日。    
(24)葛利普 :《我们生活的地球 》 ( THEWORD  WE  LlVE  lN),  1961年于台湾出版。  引自黄慰文: 《青藏高原的早期人类活动 》, 西藏文化网    http: //www. tibetculture .net/   
(25)1907ལོར་འཇར་མན་གྱི་ཧེ་ཏེ་པོ་ནས་རྙེད་པའི་མ་མགལ་གྱི་རུས་པའི་འགྱུར་རྡོ་ཞིག་རྙེད་པ་དེར་མིང་བཏགས་པའི་མི་ཚན་གྱི་རིགས་ཤིག་ཡིན་ཞིང་། དེ་ད་ལྟ་ཡོངས་གྲགས་སུ་ཡོ་རོབ་གླིང་གི་འགྲེང་མིའི་ཁྲོད་ཀྱི་དཔེ་ཞིག་ཏུ་འཇོག་ཅིང་། ད་ལ་ཐུག་གི་བར་དུ་ལོ་འབུམ་ཕྲག་ལྔ་ནས་བཞིའི་བར་དུ་འཚོ་བར་འདོད་པ་དང་། ད་ལྟའི་བར་ཡོ་རོབ་གླིང་ན་རྙེད་པའི་ཆེས་སྔ་བའི་སྤྲ་མི་ཡིན།   
(26)བཀྲ་བཱ་མི་ཡང་ཟེར། (ལཱ་ཏིང་སྐད་དུ།  Homo  erectuserectus)འདི་ནི་ཆེས་གསར་བསྐལ་བའི་ནང་འཚོ་བའི་འགྲེང་མི་ཡིན་ཞིང་། དེའི་འགྱུར་རྡོ་ནི་ཧོ་ལན་གྱི་གནའ་བོའི་སྐྱེ་དངོས་རིག་པ་བ་ཨོ་རིན.ཏོའུ་པུ་བཱ་ཞེས་པས་1891ལོར་ཧོ་ལན་དུ་གཏོགས་པའི་ཧིན་རྡུ་ཉེ་ཞ་ཡའི་ཤར་གྱི་བཀྲ་བཱ་ཞིང་ཆེན་གྱི་སོ་ལོ་ཆུ་བོའི་འགྲམ་དུ་རྙེད་ནས་ཉར་ཚགས་བྱས་པ་རེད།   
 (27)周国兴:《人怎样认识自己的起源》  下册,中国青年出版社,  1980年版。    
(28)葛维汉:《华西协合大学博物馆的石器》,载四川省文管会编印 《 四川石器时代译文资料》1983年。    
(30)吴晶晶:《科学家发现冰期动物群起源于青藏高原的最新证据》, 新华网2011年9月2日。
(31)侯素 :《冰期动物或起源于青藏高原 》,《科学大观园 》 2012年第1期。   
(32)记者齐芳 :《 冰期动物或起源于青藏高原》, 《光明日报》 2011年9月2日 6版。    
(33)贾南坡:《我国西南地区在考古学和人类学研究中的重要地位 》,《 云南社会科学 》  1984年第3期。  
(34)འདིར་ཏུར་བུན་གྱིས་མིའི་རིགས་ཀྱི་འབྱུང་ཁུངས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པའི་ལྟ་བའི་སྟེང་ནས་དེ་ལྟར་གསུངས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1