༄༅།། ང་ལ་ཤུགས་རྐྱེན་ཆེ་བའི་མི་གཉིས།

ཁེར་བུ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-30


ཁེར་བུ།
        ད་ལྟ་ཕྱིར་འདང་རེ་བརྒྱབ་ན། ང་ལ་ཆུང་དུས་སུ་རྩོམ་རིག་གི་བག་ཆགས་སད་པའི་སྔ་ལྟས་གང་ཡང་མི་འདུག་ལ། གླིང་སྒྲུང་དང་དམངས་གླུ། ཡང་ན་གནའ་གཏམ་སོགས་རྩོམ་རིག་གི་བློ་འབྱེད་ལྟ་བུར་གྱུར་བའི་བག་ཆགས་ཟབ་མོ་གཅིག་ཀྱང་མི་འདུག ཡོད་པ་ནི་ཆུང་དུས་ཀྱི་དྲན་འཕྲུལ་རྒོད་ལ་བསྟན་བཤིག་ཚ་བོའི་སྤྱོད་པ་དང་།རྨོ་མོའི་སྣང་བརྙན་ཏག་ཏག་ཡིན་འདུག གང་ལྟར། ང་ནི་རྩོམ་རིག་ཅེས་པའི་བསླུ་བྲིད་འདིར་རིམ་གྱིས་འབྲེལ་འདྲིས་བྱུང་ཞིང་། རིམ་གྱིས་རྩོམ་རིག་གི་དོན་སྙིང་དང་མཛེས་པ་རྟོགས་པར་གྱུར་བ་ཡིན་འདུག
        ངས་ནི་རྒྱའི་རྩོམ་པ་པོ་ཡུས་ཧྭ་ཡི《འཚོ་བཞིན་པ》ཐེངས་དང་པོར་བཀླགས་པ་ནས་རྨོ་མོའི་མི་ཚེ་ལ་ངོས་ཟིན་དང་བསྐྱར་དུ་གདེང་འཇོག་བྱ་དགོས་བྱུང་བ་དང་། ཡང་ན་ངས་ནི་རྨོ་མོ་ལགས་ཡང་བསྐྱར་ངོ་ཤེས་སོང་ཞེས་ཀྱང་བཤད་ཆོག་པ་ཡིན། ཧྥོའུ་ཀོས་དང་རྨོ་མོ་ལགས་གཉིས་ཀྱི་མི་ཚེའི་བྱུང་བ་ཆ་འདྲ་བ་ཙམ་ཁོ་ན་མ་ཡིན་པར། ངས་ཀྱང་རྨོ་མོ་ལགས་ནི་མི་ཚེའི་བཤུལ་ལམ་རིང་མོའི་ཁྲོད་དུ་ཁེར་རྐྱང་གིས་ཇི་ལྟར་འོངས་པར་བསམ་གཞིག་ཡང་ཡང་བྱ་དགོས་བྱུང་། རྨོ་མོ་ནི་ནང་ཆོས་ལ་དད་པ་བླ་ལྷག་ཡོད་པའི་མི་ཞིག་ཡིན་ནའང་། དེའི་དྲིས་ལན་ནི་གློག་བརྙན《དབུས་ལམ་གྱི་ཉི་མ》ཡི་ནང་གི་མི་སྣ་ཉི་མ་ནང་བཞིན་ཆོས་ལུགས་མིན་པ་ཁོ་ཐག་རེད།
        ད་རག་བར་དུ། ངས་ཇི་ལྟར་བསམ་གཞིག་བཏང་རུང་། དྲིས་ལན་དུ་འཚོ་བ་དང་སྙིང་རུས་ཞེས་པའི་ཐ་སྙད་གཉིས་ལས་ཅི་ཡང་མ་རྙེད་ལ། ལྗིད་ཏིག་ཏིག་གི་ཐ་སྙད་དེ་གཉི་གས་ང་རང་རྒྱུན་པར་ངལ་དུབ་ཀྱི་གནས་སུ་བསྐྱུར་འགྲོ། དེ་བས་ངས་དྲིས་ལན་འཚོལ་ཕྱིར་དུ་བྱེད་ཐབས་སྣ་མང་སྤྱད་ནའང་། བྱེད་ཐབས་མཐའ་དག་ངལ་བ་འབྲས་མེད་དུ་གྱུར་ནས་ཅི་བྱ་གཏོལ་བྲལ་གྱི་སྐབས་ཤིག་ཏུ་ང་རང་རྩོམ་རིག་དང་འཕྲད་པར་གྱུར། དེ་བས་ངས་ཧམ་སེམས་རྒོད་པོས་རྩོམ་རིག་བརྒྱུད་དེ་མི་གཞན་གྱི་མི་ཚེ་དང་འཚོ་བར་རྒྱུས་ལོན་དང་ཞིབ་མྱོང་བྱས་ཤིང་། ཞར་དུ་རྨོ་མོའི་ཁེར་རྐྱང་གི་མི་ཚེ་དང་རང་ཉིད་ཀྱི་ཀྱག་ཀྱོག་གི་བྱིས་དུས་ཧྲིལ་བོར་ཡང་བསྐྱར་བསམ་གཞིག་དང་ངོས་ཟིན་བྱས་པ་ཡིན། མཐར་ངས་རྩོམ་རིག་གི་རྣམ་པས་རྨོ་མོ་ཞེས་པའི་ཆེས་སྤྱིར་བཏང་གི་བོད་རིགས་བུད་མེད་ཅིག་ལ་འཐོབ་འོས་ཀྱི་གདེང་འཇོག་དང་གཟི་བརྗིད་སྤྲད་ནའང་འདོད།
        རྨོ་མོ་ལགས་ཐག་རིང་དུ་ཕྱིན་རྗེས་སུ། ངས་ད་གཟོད་རང་ཉིད་ཀྱི་ཁེར་རྐྱང་གི་བྱིས་དུས་ཧྲིལ་བོར་རྨོ་མོ་ལགས་ནི་བརྩེ་བའི་འབྱུང་ཁུངས་ཉག་གཅིག་ཏུ་གྱུར་ཡོད་པ་དང་། ཐ་ན་ང་རང་ཁྱིམ་དེའི་སྐྱེས་ཕོ་ཉག་གཅིག་ཏུ་གྱུར་ནས་འགན་འཁྲི་དང་སྡུག་བསྔལ་ཅིག་ཅར་ཕྲག་སྟེང་དུ་བབས་དུས་སུ་ཡང་། རྨོ་མོ་ལགས་ནི་ང་ཡི་སྙིིང་སྟོབས་དང་ཤེས་རབ་ཀྱི་འབྱུང་ཁུངས་སུ་གྱུར་ནས་ཡོད་པ་རྟོགས། དེ་བས་ངའི་སེམས་ནང་གི་རྨོ་མོ་ལགས་ཀྱི་སྣང་བརྙན་ཁྲོད་དུ་རྨོ་མོ་ནི་རྨོ་མོ་ཁོ་ན་ཙམ་མ་ཡིན་པར། རྨོ་བོ་དང་རྨོ་མོ། ཨ་ཕ་དང་ཨ་མ། སྲིད་པའི་རྒད་པོ་དང་རྒད་མོ། དཔའ་བོ་དཔའ་མོ། ངའི་དགའ་དུས་འཆད་ཡུལ་དང་སྡུག་དུས་འཁེན་ས། དོགས་དུས་འདྲི་ས་དང་ཚོམ་དུས་བརྟེན་ཡུལ་སོགས་སྣང་བརྙན་དང་བརྩེ་བའི་ནང་དོན་མང་པོ་ཉོག་འཛིང་གི་ཚུལ་དུ་འདུག་ལ། རྨོ་མོ་ལགས་ཀྱིས་ཀྱང་སྣང་བརྙན་དང་བརྩེ་བའི་ནང་དོན་དེ་དག་ལ་འགྲེལ་བརྗོད་ཡག་པོ་བྱས་འདུག་ཨང་།
        དེ་བས། ངས་རྒྱུན་པར་རང་ཉིད་ཀྱི་མི་གཞིའི་ཁྲོད་ཀྱི་སྣ་ཅུང་ཟད་རེ་འདུག་པའི་བྱམས་དང་སྙིང་རྗེ། རྒྱུ་འབྲས། བརྩེ་གདུང་། སྙིང་རུས། དཀའ་སྤྱད་སོགས་ནི་རྨོ་མོ་ལགས་ནས་བརྒྱུད་འོངས་པར་གདོན་མི་ཟ་ལ། ཞར་དུ་ཚོར་བ་སྐྱེན་ལ་བསམ་གཞིག་གཏོང་རྒྱུར་མོས་པ། དགའ་སྐྱོའི་མཚམས་ཚིགས་གསལ་བ་སོགས་ཀྱི་གཤིིས་རྒྱུད་ཀྱང་རྒྱུད་འཛིན་བྱས་འདུག་པར་ཡིད་ཆེས།
        ད་ལྟ། རྨོ་མོ་ལགས་ང་དང་གྱེས་ནས་ལོ་ཡི་འཁོར་མོ་བཞི་འགོར་ཟིན་ནའང་། ངས་རྨོ་མོ་ལགས་ནས་བརྒྱུད་འོངས་པའི་གཤིས་རྒྱུད་དང་གཅེས་ནོར་དེ་དག་ལ་གཅེས་སྤྲས་བླ་ལྷག་བྱེད་བཞིན་ཡོད་ལ། དེ་དག་ནི་རྨོ་མོ་ལགས་ཀྱིས་ང་ལ་བསྐྱུར་བའི་ཚེ་ནོམ་བཞིན་དུ། ང་རང་དཀའ་སྡུག་དང་གྲོགས་མེད་ཁེར་རྐྱང་གི་གནས་སྟངས་མང་པོར་འགྲོ་རོགས་བྱས་ཤིང་། ངའི་མ་འོངས་པའི་འཚོ་བའི་ཁྲོད་དུའང་སྙིང་སྟོབས་དང་དཔའ་གདེང་གི་ཚུལ་གྱིས་བསྡོངས་གྲོགས་བྱ་ངེས། ང་ལ་མཚོན་ན་འདི་དག་ནི་ངའི་བྱིས་དུས་ཀྱི་རྩོམ་རིག་གི་བག་ཆགས་ཡིན་ལ། རྩོམ་རིག་གི་བློ་སྦྱོང་དང་འབྱུང་ཁུངས། རྒྱུ་ཆ། ཁ་གཏད་ཡུལ་སོགས་ཀྱང་ཡིན་པར་འདོད།
        གཞན་དུ་ནུབ་བྱང་གི་རྩོམ་རིག་གི་མཁའ་དབུགས་སྟུག་པོའི་ཁྲོད་དུ། སྨྲ་བ་ཉུང་ཞིང་དྲན་རྒྱུ་མང་བའི་སློབ་བུ་དེས་ད་དུང་དཔེ་ཀློག་གི་ཁ་ཕྱོགས་དང་དོན་སྙིང་རྟོགས་ཀྱིན་མེད་དུས་སུ། ང་རང་དགེ་རྒན་བདུད་ལྷ་རྒྱལ་ལགས་དང་འཕྲད་བྱུང་། ཁོའི་ཞིབ་ཚགས་དང་ནན་ཏན། ཞི་དུལ། ཁྱད་མེད། དཔེ་ཀློག་དང་བསམ་གཞིག་ལ་མོས་པའི་གཤིས་བཟང་དེ་དག་གིས་ངའི་ཡིད་སེམས་རྨང་ནས་བཀུག་བྱུང་བ་དང་། རྗེས་མར་དགེ་རྒན་བདུད་ལྷ་རྒྱལ་ལགས་ངའི་ཞིབ་འཇུག་སློབ་མའི་སྐབས་ཀྱི་མཛུབ་སྟོན་དགེ་རྒན་དུ་གྱུར་ལ། སློབ་ཁྲིད་ཕན་ཆད་དུ་ཡང་ང་ལ་དཔེ་དེབ་འོས་སྦྱོར་དང་དོགས་གཞི་བསལ་རོགས། རྩོམ་རིག་གམ་ཐ་ན་དྲི་བ་ཡོད་ཚད་ལ་ལབ་གླེང་བཅས་བྱས་པ་བརྒྱུད། ངེད་དགེ་སློབ་ཀྱི་འབྲེལ་འདྲིས་རིམ་གྱིས་མང་དུ་ཕྱིན་པ་དང་། གོ་རིམ་དེའི་ཁྲོད་དུ་ངས་ཐོག་མར་རྒན་ལགས་ཀྱི་མདུན་ནས་ལིའུ་ཙེ་ཧྥུ་དང་ལི་ཙི་ཧིའུ་ཟེར་བ་ཐོག་མར་གོ་ཞིང་། རྩོམ་རིག་གི་ཁ་གཏད་ས་ནི་མིའམ་མི་གཤིས་ཡིན་ཟེར་བའང་ཐོག་མར་གོ་བ་ཡིན། གཞན་དུ་རྒན་ལགས་ནས་ནམ་ཡང་ཆོས་ལུགས་དང་མཚན་ཉིད་རིག་པ། ལོ་རྒྱུས། རྩོམ་རིག་སོགས་འབྲེལ་ནས་ཀློག་པའམ་ལྟ་བའི་གོམས་གཤིས་དེའི་ཤུགས་རྐྱེན་གྱི་དབང་གིས། རང་གིས་ཀྱང་ནུས་ཚོད་ཀྱིས་དེའི་ཕྱོགས་སུ་ལྟ་ཀློག་བྱས་ཏེ་ཤེས་བྱའི་སྒྲིག་གཞི་སྔོན་ཆད་དང་བསྡུར་ན་ཅུང་འཛོམས་པོ་ཆགས་ཤིང་། རྩོམ་རིག་གི་ལྟ་ཚུལ་ལམ་བག་ཆགས་སྣ་རེ་ཡང་ཡོད་པར་གྱུར། ད་ལྟ་བསམས་ན། སྐབས་དེའི་ལོ་ངོ་གསུམ་གྱི་མཛུབ་སྟོན་དགེ་རྒན་དུ་གྱུར་བའི་ཁོང་ཉིད་ཀྱིས་ང་ལ་རྩོམ་རིག་གི་ཤེས་བྱའི་ཐད་ནས་ལམ་སྟོན་དང་མཛུབ་ཁྲིད་བགྱིས་པ་ལས་གཞན། ཁོང་གི་ཞི་དུལ་བག་ཡོད་ཀྱི་གཤིས་བཟང་དེ་དག་གིས་ངའི་བར་སྐབས་ཤིག་ཏུ་ཆད་ལྷག་ཏུ་གྱུར་ཅིང་རྙོག་འཛིང་གི་བརྩེ་གདུང་ལྡན་པའི་ཨ་ཕའི་སྣང་བརྙན་ལ་ཡང་ཁ་སྐོང་དང་གསབ་པ་བགྱིས་ནས་འདུག་ཨང་།
        གལ་ཏེ་མི་ཞིག་གིས་ཁྱོད་ལ་ཤུགས་རྐྱེན་ཆེས་ཆེ་བའི་མི་ནི་སུ་ཡིན་ནམ་ཞེས་དྲིས་གྱུར་ན། ངས་ནི་ཚམ་ཚོམ་ཅི་ཡང་མེད་པར་དེ་ནི་ང་ཡི་རྨོ་མོ་དང་དགེ་རྒན་བདུད་ལྷ་རྒྱལ་ལགས་གཉིས་ཡིན་ཞེས་ལན་གདབ་སྲིད། རྒྱུ་མཚན་ནི་ངས་ནམ་ཡང་ཁོང་གཉིས་མེད་ཚེ། ད་ལྟའི་ང་ནི་ང་རང་གཞན་ཞིག་ཡིན་སྲིད་དེ། ཁོང་གཉིས་ལས་བརྒྱུད་འོངས་པའི་མི་གཞི་དང་ཤེས་བྱའི་གཤོག་པ་གཉི་ག་མེད་པར་གྱུར་ཚེ། ང་རང་མ་འོངས་པའི་འཚོ་བའི་བར་སྣང་དུ་ལྡིང་སྐོར་བྱེད་པའི་སྙིང་སྟོབས་དང་དཔའ་གདེང་ནི་ཧ་ཅང་ཉག་ཕྲ་བར་ཡིད་ཆེས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1