༄༅།། ཏང་ཡོན་ལས་བྱེད་པས“ཞོར་ལས”སྒྲུབ་ཆོག་གམ།
རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 12-30
ཉེ་ཆར། རྒྱལ་ཡོངས་ས་གནས་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས“ཞོར་ལས”བསྒྲུབས་ནས་ཁེ་ཕན་དོན་དུ་གཉེར་བའི་དཔེ་མཚོན་གྱོད་དཔེ་སྐོར་ཞིག་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་འདུག གསེད་བཀྲོལ་བྱེད་སྐབས་ཏང་ཡོན་ལས་བྱེད་པ་ཁག་ཅིག་གི་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པའི་དབང་གིས་ཁོང་ཚོས་གཞུང་གི་རྒྱུ་ནོར་དང་འབྲེལ་བ་སོགས་ཀྱི་སྟབས་བདེ་སྤྱད་ནས།གཞུང་རྒྱུ་སྒེར་སྤྱོད་དང་རིན་པ་བླངས་ནས་གཞན་ལ་རོགས་པ་སོགས་བྱས་ཏེ། ཁེ་ཕན་བླངས་པ་ཤེས།
1.གཞུང་རྒྱུ་སྒེར་སྤྱོད། ཁྲིམས་དང་མི་མཐུན་པའི་སྒོ་ནས་རྒྱུ་ནོར་ཧམ་བཟུང་བྱས་པ།
ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་ལས་ཁུངས་ཀྱི་སྒྲིག་ཆས་དང་རྒྱུ་ཆ་སོགས་ཀྱི་ཐོན་ཁུངས་སྤྱད་ནས་སྒེར་དོན་བསྒྲུབས་པ་དང་། མ་གནས་དམའ་རུ་བཏང་ནས་ཁེ་ཕན་སྒྲུབ་ཀྱིན་ཡོད། དཔེར་ན། ས་ཁུལ་ཞིག་གི་མི་དམངས་སྨན་ཁང་མཛེས་བཟོའི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་སྨན་པ་དཀའ་བཅུ་པ་ཧའོ་ཆེ་གེ་མོས་ལས་ཁུངས་ཀྱི་སྐབས་འཕྲལ་ལས་མི་ཧྲེ་ཆེ་གེ་མོ་དང་མཉམ་དུ་སྨན་བཅོས་སྨན་རྫས་ཀྱི་རིམ་གཉིས་མཛོད་ལ་ལྟ་འདོམས་ནན་མོ་བྱེད་མཁན་མེད་པར་དམིགས་ནས་སྨན་ཁང་གི་འབྲེལ་ཡོད་གཤགས་བཅོས་ཡོ་བྱད་བརྐུས་ནས་གཞན་ལ་གཤགས་བཅོས་བྱས་པ་དང་།རིན་གོང་དམའ་མོས་གཤགས་བཅོས་དངུལ་སྒོར་ཁྲི1.5ལྷག་ཙམ་བླངས་ནས་བགོས་ཡོད། དེའི་ནང་ནས་ཧའོ་ཆེ་གེ་མོས་སྒོར8000ལྷག་ཙམ་རེག་འདུག
གྱོད་དཔེ་དེའི་ནང་ཧའོ་ཆེ་གེ་མོ་ནི་ཀྲུང་གུང་ཏང་ཡོན་དང་སྨན་དོན་ལས་གཉེར་པ་ཞིག་ཡིན་པའི་ངོས་ནས། གོ་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་ནད་པའི་གཤགས་བཅོས་སྨན་རིན་སྒེར་གྱིས་བསྡུ་བའི་ཐབས་ཀྱིས་ལས་ཁུངས་ཀྱི་རྒྱུ་ནོར་ཁྲིམས་འགལ་ངང་སྒེར་གྱིས་བདག་གིར་བཟུང་བས་ཉེས་ཚབས་ཅུང་ཆེ་བར་བརྟེན། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གཞུང་རྒྱུ་བཙན་བཟུང་བྱས་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས། མཐར་ཧའོ་ཆེ་གེ་མོར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་ཧྲེ་ཆེ་གེ་མོའི་ལས་བསྡུའི་གན་རྒྱ་རྩིས་མེད་དུ་བཏང་བ་དང་སྒྲིག་འགལ་ཐོབ་ཆ་གཞུང་བཞེས་བཏང་བ་རེད།
2. རིན་པ་བླངས་ནས་ཞབས་ཞུ་བསྒྲུབས་ཏེ་ལྟ་འདོམས་བྱ་ཡུལ་ལ་རོགས་རམ་བྱས་པ།
ལྟ་འདོམས་ཀྱི་འགན་འཁྲི་ཡོད་པའི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་མ་གཞི་ལྟ་སྐུལ་བྱས་ཏེ་བསྒྲུབ་དགོས་པའི་ལས་དོན་ཡིན་ཡང་གཞོགས་འདེགས་དང་མཛུབ་ཁྲིད་ལ་ཁ་གཡར་ནས་དབང་བརྒལ་ཚབ་སྒྲུབ་ཀྱིས་དེའི་ཁྲོད་ནས་ཁེ་ཕན་ཐོབ་ཐབས་བྱས་ཡོད། ཆུས་ཤིག་གི་ཡིག་ཚགས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝང་ཆེ་གེ་མོ་དང་ཁོང་ཆེ་གེ་མོས་རིན་བླངས་ནས་ཡིག་ཚགས་ལེགས་སྒྲིག་བྱས་པ་དང་ཆབས་ཅིག་འཛེམ་བག་མེད་པར་ལས་ཁུངས་ཀྱི་ལས་བཟོའི་ཚོགས་ཆེན་ཐོག་གཤམ་འོག་ལས་མིར་ཆུས་དེའི་ཁོངས་གཏོགས་ཀྱི་ཚན་ཁག18ལ་ཡིག་ཚགས་ལེགས་སྒྲིག་བྱེད་དུ་བཅུག་ནས་སྒྲིག་འགལ་ངང་ལས་ཀའི་ཐོབ་ཆ་སྒོར་ཁྲི11བླངས་པ་དང་སྦྲགས།ཐོབ་ཆ་ཚང་མ་ཐད་ཀར་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ལ་སྤྲད་པ་རེད། གྱོད་དཔེ་དེའི་ནང་ཝང་ཆེ་གེ་མོ་དང་ཁོང་ཆེ་གེ་མོ་གཉིས་ནི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ཡང་། རང་དགར་རིན་པ་བླངས་ནས་ཡིག་ཚགས་ལེགས་སྒྲིག་བྱས་ཡོད། ཁོ་གཉིས་ཀྱི་བྱ་སྤྱོད་དེ་སྤྱོད་གཙང་སྒྲིག་ཁྲིམས་ལས་འགལ་བས་ཏང་གི་སྒྲིག་ཁྲིམས་འགན་འཁྲི་རྩད་གཅོད་བྱེད་དགོས། མཐར་ཝང་ཆེ་གེ་མོ་དང་ཁོང་ཆེ་གེ་མོར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་གྱོད་འབྲེལ་རྒྱུ་དངོས་ཚང་མ་རྒྱལ་མཛོད་ལ་རྩིས་འབུལ་ཞུས་པ་རེད།
3.རིན་པ་བླངས་ནས་ལས་སྒོ་ངོ་སྤྲོད་བྱས་ཏེ་ཁེ་ཕན་བསྒྲུབས་པ།
ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་ཐད་ཀར་ཚོང་རྒྱག་པ་དང་ཀུང་སི་བཙུགས་མེད་ནའང་ལས་ཀའི་ཁྲོད་ཤེས་རྟོགས་ཐུབ་པའི་སྤྱི་ཚོགས་ཀྱི་ཆ་འཕྲིན་དང་།དེ་བཞིན་འབྲེལ་བ་སོགས་སྤྱད་ནས་མི་གཞན་ལ་ལས་ཀ་དང་འབྲེལ་བའི་ལས་སྒོ་ངོ་སྤྲོད་བྱས་ཏེ་རིན་པ་ལེན་གྱིན་ཡོད། དཔེར་ན།རྫོང་ཞིག་གི་འཕྲོད་བསྟེན་འཆར་གཞི་བཙའ་སྐྱེ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་རྟོག་ཞིབ་པ་གཞོན་པ་ཀྲོའུ་ཆེ་གེ་མོས་གོ་གནས་བེད་སྤྱད་ནས་གཞི་རིམ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་འབྲེལ་བ་བྱས་ཏེ།སྨན་ཁང་མང་པོར་ནད་པ་ངོ་སྤྲོད་བྱས་ནས་ཁེ་ཕན་བླངས་པ་བརྒྱུད་ཐོབ་ཆ་སྒོར་ཁྲི14ལྷག་ཙམ་བླངས་ཡོད།
གྱོད་དཔེ་དེའི་ནང་ཀྲོའུ་ཆེ་གེ་མོ་ནི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ཡང་། སྒྲིག་འགལ་ངང་རིན་པ་བླངས་ནས་ལས་སྒོ་ངོ་སྤྲོད་བྱས་པས་འབྲེལ་ཡོད་ཀྱི་གཏན་འབེབས་ལས་འགལ་ཡོད། མཐར་ཀྲོའུ་ཆེ་གེ་མོར་ཏང་ནང་ཁུལ་དུ་ལྟ་ཞིབ་ལོ་གཅིག་བྱེད་པ་དང་།སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་དང་། སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་རེད།
ཏང་ཡོན་ལས་བྱེད་པས་སྤྱི་དབང་བཟུང་ནས་སྒེར་དོན་བསྒྲུབས་པ་དེས་ཏང་དང་རྒྱལ་ཁབ་ཀྱིས་ཏང་ཡོན་ལས་བྱེད་པར་རྒྱུན་ལྡན་དོ་དམ་བྱེད་པར་འགོག་རྐྱེན་བཟོ་སྲིད་ལ། ཏང་ཡོན་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་རང་འཁྲིའི་ལས་དོན་བསྒྲུབ་རྒྱུར་འགོག་རྐྱེན་ཡང་བཟོ་སྲིད། དེའི་མི་ཚད། དབང་ཆར་བརྟེན་ནས་སྒེར་གྱི་ཁེ་ཕན་སྒྲུབ་པ་དང་དབང་དངུལ་བརྗེ་འཚོང་གི་རུལ་སུངས་སྣང་ཚུལ་ཐོན་སླ་བས་བྱ་སྤྱོད་དེ་རིགས་ལ་ངེས་པར་དུ་དོ་སྣང་ཆེན་པོ་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། །