དགུན་ཁའི་དུས་འདིར་ནམ་ཟླ་འཁྱག་པ་དང་སྐམ་ཤས་ཆེ་བའི་དབང་གིས་མི་རྣམས་ལ་དབུགས་ལམ་གྱི་ནད་དང་ཆམ་ནད་སོགས་མང་དུ་འབྱུང་བཞིན་ཡོད། ནད་རིགས་དེ་དག་སྔོན་འགོག་བྱེད་པར་མི་ཚང་མས་དོགས་ཟོན་བྱེད་དགོས་ལ། ལྷག་པར་དུ་ལོ་ལོན་དང་ལུས་སྟོབས་ཞན་པའི་མི་དང་བྱིས་པ་བཅས་ཀྱིས་དེ་ལ་དོ་སྣང་བྱས་ཏེ། མི་མང་འདུ་ས་དང་མཁའ་དབུགས་མི་གཙང་བའི་གནས་སུ་མི་འགྲོ་བར་བྱེད་དགོས། ཆམ་རིམས་ཀྱི་འགོག་ཁབ་རྒྱག་རྒྱུ་ནི་ཆམ་རིམས་སྔོན་འགོག་བྱེད་ཐབས་ཆེས་ལེགས་པོ་ཞིག་ཡིན། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཆམ་རིམས་འགོག་ཁབ་ནི་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་ཡིན་པས། སྤྱིར་བཏང་གི་གནས་ཚུལ་འོག འགོག་ཁབ་དེ་བརྒྱབ་ཚེ་མི་རྣམས་ལ་ནད་འགོག་གི་ནུས་པ་ཐོན་ཚད་བརྒྱ་ཆའི་དྲུག་ཅུ་ནས་བརྒྱ་ཆའི་དགུ་བཅུར་བསླེབས་ཐུབ། དེའི་ནང་ཆམ་རིམས་འགོག་ཁབ་བརྒྱབ་ཚེ་ལོ་ཆུང་བྱིས་པ་དང་ན་གཞོན་དར་མར་ནད་འགོག་གི་ཕན་ནུས་ཐོན་ཚད་ལོ་ལོན་རྒན་པ་ལས་མཐོ་བ་རེད།
ཅི་ཞིག་ལ་ཆམ་རིམས་ཟེར།
ཆམ་རིམས་ནི་ཆམ་རིམས་ནད་དུག་གིས་བསླངས་བའི་མྱུར་ལངས་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། ནད་དེ་བྱུང་ཚེ་སྤྱིར་བཏང་དུ་ཚ་རྒྱས་པ་དང་གྲང་ཤུམ་རྒྱག་པ། མགོ་ན་བ། ཤ་གནད་ན་བ། རུས་ཚིགས་ན་བ། ཐང་ཆད་པ། ཡི་ག་མེད་པ། མིད་པ་ན་བ། གློ་ལུ་བ། སྣ་འཚུབ་པ། སྣ་ཆུ་བཞུར་བ། བྲང་རུས་ན་བ། སྐྱུགས་པ། གསུས་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ནད་རྟགས་ཅུང་ཡང་བའི་ཆམ་རིམས་དེ་སྤྱིར་བཏང་གི་ཆམ་ནད་དང་འདྲ་མོད། འོན་ཀྱང་ཚ་རྒྱས་པ་དང་ལུས་ཡོངས་མི་བདེ་བའི་ནད་རྟགས་མངོན་གསལ་ཡོད། ནད་རྟགས་ཅུང་ལྕི་བའི་ཆམ་རིམས་ལ་ནད་དུག་རང་བཞིན་གྱི་གློ་བའི་གཉན་ཚད་དང་མཐུད་འབྱུང་འབུ་ཕྲའི་རང་བཞིན་གྱི་གློ་བའི་གཉན་ཚད། མྱུར་ལངས་འབྱིན་རྔུབ་གཟིར་གནོན་རྟགས་འདུས། དྲན་མེད་བརྒྱལ་བ། ཁེངས་འཐིབས་ཁྲག་རྩའི་ནང་ཁྲག་དཀག སྙིང་ཁམས་ཁྲག་རྩ་དང་དབང་རྩའི་མ་ལག་སོགས་གློ་ཕྱིའི་ནད་རྟགས་དང་དེ་མིན་མཉམ་བྱུང་ནད་རིགས་མང་པོ་འབྱུང་སྲིད། ལོ་ལོན་དང་ལུས་ཟུངས་ཞན་པའི་མི། དལ་བའི་རང་བཞིན་གྱི་ནད་རིགས་སྣ་ཚོགས་བྱུང་ཡོད་པའི་ནད་པ་བཅས་ལ་ཆམ་རིམས་བྱུང་རྗེས་མཉམ་བྱུང་ནད་ཚབས་ཆེན་འབྱུང་སྲིད་པ་དང་། འཆི་ཚད་ཀྱང་ཅུང་མཐོ།
མི་གང་དག་ལ་ཆམ་རིམས་འགོག་ཁབ་རྒྱག་དགོས།
ཆམ་རིམས་འགོག་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་གི་བྱེད་ཐབས་ནུས་ལྡན་ཞིག་ཡིན། ཆམ་རིམས་འགོག་ཁབ་དེ་རང་རྒྱལ་དུ་རིགས་གཉིས་པའི་འགོག་ཁབ་ཏུ་གཏོགས། ཆམ་རིམས་འགོག་ཁབ་དེ་རང་གིས་ཉོས་ནས་བརྒྱབ་ནའང་ཆོག ཆམ་རིམས་འགོག་ཁབ་རྒྱག་འདོད་པའི་མི་རྣམས་ས་གནས་ཀྱི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གཏན་ཁེལ་བྱས་པའི་འགོག་ཁབ་རྒྱག་སར་སོང་ནས་ཆམ་རིམས་འགོག་ཁབ་བརྒྱབ་ཆོག
ཆམ་རིམས་འགོག་ཁབ་བརྒྱབ་ཆོག་པའི་མིའི་རིགས་ནི།
གཅིག ལོ་དྲུག་ཅུ་ཡན་གྱི་རྒན་པ།
གཉིས། དལ་ལངས་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པ་དང་ལུས་ཟུངས་ཞན་པའི་མི།
གསུམ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མི་སྣ་དང་། ཁྱད་པར་དུ་ནད་ཐོག་སྨན་བཅོས་ཀྱི་ལས་ཡུལ་དང་པོར་ཡོད་པའི་སྨན་བཅོས་མི་སྣ།
བཞི། སློབ་ཆུང་གི་སློབ་མ་དང་བྱིས་བཅོལ་ཁང་གི་བྱིས་པ།
ལྔ། རྒན་གསོ་ཁང་དང་ལོ་ལོན་རྒན་པའི་བདག་སྐྱོང་ལྟེ་གནས། བྱིས་བཅོལ་ཁང་བཅས་ཀྱི་ལས་བྱེད་མི་སྣ།
དྲུག ཞབས་ཞུ་ལས་རིགས་ཀྱི་མི་སྣ་དང་ཁྱད་པར་དུ་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དང་། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ། གཞུང་ལམ་འགྲིམ་འགྲུལ་བཅས་ཀྱི་ཁ་ལོ་བ་དང་ཞབས་ཞུ་བ། ཚོང་ལས་དང་གནས་སྐོར་ཞབས་ཞུ་ལས་རིགས་ཀྱི་མི་སྣ་སོགས།
བདུན། རྒྱུན་པར་གཞུང་དོན་དུ་འགྲོ་བ་དང་རྒྱལ་ཁབ་ཕྱི་ནང་དུ་གནས་སྐོར་དུ་འགྲོ་བའི་མི་སྣ་བཅས་ཡིན།
ཆམ་རིམས་འགོག་ཁབ་དེ་ལོ་རེ་རེར་རྒྱག་དགོས་དོན་ཅི། ལོ་རེ་རེའི་ཆམ་རིམས་འགོག་ཁབ་ཀྱི་རིམས་འགོག་ནད་དུག་ཕྲ་ཕུང་དེ་ཇི་ལྟར་གཏན་འཁེལ་བྱས་པ་ཡིན།
ཆམ་རིམས་ནད་དུག་གི་ངོ་བོ་གཞན་འགྱུར་སླ་བས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆམ་རིམས་ནད་དུག་གི་གཞན་འགྱུར་གྱི་ངོ་བོ་ལྟར། ལོ་རེར་དུས་བཅད་ལྟར་འགོག་ཁབ་ལས་སྣོན་བྱེད་པར་བཀོལ་བའི་ནད་དུག་ཕྲ་ཕུང་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། ཆམ་རིམས་འགོག་སྨན་ལ་རིགས་གསུམ་ནས་རིགས་བཞི་ཡོད་ལ། ལོ་རེའི་ཆམ་རིམས་ནད་དུག་གི་མཆེད་ཚུལ་མི་འདྲ་བར་བརྟེན། ཆམ་རིམས་འགོག་ཁབ་གསར་བ་བརྒྱབ་ཚེ་ད་གཟོད་ནད་དུག་སྔོན་འགོག་གི་ཕན་ནུས་ཐོན་ཐུབ། འགོག་ཁབ་བརྒྱབ་རྗེས་སྤྱིར་བཏང་དུ་གཟའ་འཁོར་གཉིས་ནས་གཟའ་འཁོར་བཞི་ཡི་རྗེས་སུ་ནད་དུག་འགོག་རྗས་ཐོན་པ་ཡིན་པས། ཆམ་རིམས་དང་ཡང་ན་ཆམ་རིམས་ཀྱི་མཉམ་བྱུང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། ཆམ་རིམས་ནད་དུག་མི་གཞན་པར་འགོ་བའི་ཉེན་ཁ་སེལ་ཐུབ། དེར་བརྟེན། མི་ཚང་མས་ཆམ་རིམས་མཆེད་པའི་དུས་ཚིགས་མ་ཐོན་པའི་སྔོན་གྱི་གཟའ་འཁོར་གཉིས་ནས་གསུམ་གྱི་ནང་ཆམ་རིམས་འགོག་ཁབ་བརྒྱབ་ན་བཟང་།
ཆམ་རིམས་འགོག་ཁབ་རྒྱག་སྐབས་ཀྱི་རྩ་དོན།
འགོག་ཁབ་ཀྱི་ཐེངས་གྲངས། ཆམ་རིམས་འགོག་ཁབ་བརྒྱབ་མ་མྱོང་བའི་ཟླ་དྲུག་ནས་ལོ་བརྒྱད་བར་གྱི་བྱིས་པར། ཐོག་མར་འགོག་ཁབ་རྒྱག་སྐབས་ཐེངས་གཉིས་རྒྱག་དགོས་པ་དང་། འགོག་ཁབ་རྒྱག་པའི་བར་ཐག་གཟའ་འཁོར་བཞི་ཡིན་དགོས། འགོག་ཁབ་བརྒྱབ་མྱོང་བའི་བྱིས་པར་ཡང་བསྐྱར་འགོག་ཁབ་ཐེངས་གཅིག་བརྒྱབ་ན་བཟང་། ལོ་བརྒྱད་ལོན་པའི་བྱིས་པ་དང་མི་དར་མར་འགོག་ཁབ་ཐེངས་གཅིག་མ་གཏོགས་རྒྱག་མི་དགོས།
འགོག་ཁབ་རྒྱག་པའི་དུས་སྐབས། ནམ་རྒྱུན་ཆམ་རིམས་འགོག་ཁབ་བརྒྱབ་ནས་གཟའ་འཁོར་གཉིས་ནས་བཞི་འགོར་རྗེས། དུག་སྲིན་འགོག་རྫས་གྲུབ་པ་ཡིན་ལ། ཟླ་དྲུག་ནས་བརྒྱད་འགོར་རྗེས་འགོག་རྫས་རིམ་བཞིན་ཇེ་ཞན་དུ་འགྲོ་བ་རེད། རང་རྒྱལ་གྱི་ས་གནས་སོ་སོས་ལོ་རེར་ཆམ་རིམས་མང་དུ་མཆེད་པའི་དུས་དང་མཆེད་པའི་དུས་ཡུན་མི་འདྲ་བའི་སྐབས་སུ། འགོག་ཁབ་བརྒྱབ་པའི་མི་ལ་ཆམ་རིམས་མཆེད་པའི་དུས་ཚིགས་མ་ཐོན་པའི་སྔོན་ལ་རིམས་འགོག་གི་ནུས་པ་ཐོན་པར་ཁག་ཐེག་བྱེད་ཆེད། ས་གནས་སོ་སོར་འགོག་ཁབ་རྒྱག་པའི་དུས་ཚོད་མྱུར་དུ་བཀོད་སྒྲིག་བྱས་ཏེ། འགོག་ཁབ་མ་བརྒྱབ་པའི་མི་ལ་རིམས་འགོག་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་འདོན་དགོས།
འགོག་ཁབ་རྒྱག་སའི་གནས། ཆམ་རིམས་འགོག་ཁབ་དེ་ཤ་གསེང་དང་ཡང་ན་སྐྱི་པགས་ཀྱི་འོག་ཏུ་རྒྱག་དགོས། མི་དར་མ་དང་ན་གཞོན་ལོ་ཆུང་ལ་ཐོག་མར་དཔུང་མགོའི་ཤ་གསེང་དུ་རྒྱག་དགོས། བྱིས་པ་རློན་ནུ་དང་ལོ་ཆུང་བྱིས་པར་བརླ་ཐོག་ཏུ་བརྒྱབ་ན་བཟང་བ་ཡིན། ཁྲག་ལེབ་ཆུང་བ་ཉུང་བྲི་ནད་དང་ཁྲག་རྡོལ་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པས་ཤ་གསེང་དུ་ཆམ་རིམས་འགོག་ཁབ་བརྒྱབ་ཚེ་ཁྲག་རྡོལ་བའི་ཉེན་ཁ་འབྱུང་སྲིད་པས། སྐྱི་པགས་འོག་ཏུ་རྒྱག་དགོས།
ཆམ་རིམས་འགོག་ཁབ་མ་བརྒྱབ་པའི་སྔོན་དང་བརྒྱབ་གཞུག་ཏུ་གང་དག་ལ་དོ་སྣང་བྱེད་དགོས། གལ་ཏེ་མི་ལེགས་པའི་ཞོར་སྐྱོན་ཐོན་ཚེ་ཇི་ལྟར་ཐག་གཅོད་བྱེད་དགོས།
ཆམ་རིམས་འགོག་ཁབ་མི་འཕྲོད་པའི་མིས་འགོག་ཁབ་རྒྱག་མི་རུང་། ཚ་རྒྱས་ཡོད་པའི་ནད་པས་ཚ་བཞག་རྗེས་འགོག་ཁབ་རྒྱག་དགོས།
ཆམ་རིམས་འགོག་ཁབ་བརྒྱབ་ཚེ་བདེ་འཇགས་ཡིན་མོད། འོན་ཀྱང་བརྒྱབ་ཤུལ་དམར་པོར་འགྱུར་བ་དང་སྐྲངས་བ། ན་ཟུག་ལངས་བ། ཚ་རྒྱས་པ། མགོ་ན་བ། མགོ་ཡུ་འཁོར་བ། ཐང་ཆད་པ། སྐྱུགས་མེར་ལངས་པ་དང་སྐྱུགས་པ། གསུས་པ་ན་བ་དང་བཤལ་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་པས། འགོག་ཁབ་བརྒྱབ་རྗེས་སྐར་མ་སུམ་ཅུར་བསྡད་ནས་ཡུལ་ལ་འགྲོ་བ་དང་། ཡུལ་ལ་ཐོན་རྗེས་ངལ་གསོ་ལེགས་པོ་བྱེད་དགོས། ཆམ་རིམས་འགོག་ཁབ་ཀྱི་བདེ་འཇགས་ཁག་ཐེག་བྱེད་ཆེད། རིམ་པ་སོ་སོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་འགོག་ཁབ་རྒྱག་པའི་ལས་ཁུངས་ཀྱིས་ཆམ་རིམས་འགོག་ཁབ་ཀྱི་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། བརྟག་དཔྱད་ངོས་འཛིན་དང་ཐག་གཅོད་སོགས་ཀྱི་བྱ་བ་སྤེལ་དགོས།
ཆམ་རིམས་ཇི་ལྟར་སྔོན་འགོག་བྱེད་དགོས།
ཆམ་རིམས་ནི་ནད་དུག་རང་བཞིན་གྱི་འགོ་ནད་ཅིག་ཡིན་ལ། དེ་ལ་ཁྱད་པར་ཅན་གྱི་གསོ་བཅོས་བྱེད་ཐབས་མེད་པས། སྔོན་འགོག་བྱེད་ཐབས་སྤྱོད་རྒྱུ་ཧ་ཅང་གལ་ཆེ། ཆམ་རིམས་མཆེད་པའི་དུས་ཚིགས་སུ། མི་མང་འདུ་སར་མི་འགྲོ་བ་དང་། གལ་ཏེ་འགྲོ་དགོས་ན་ཁ་ཐུམ་རྒྱག་དགོས།
ཆམ་རིམས་ཀྱི་སྔོན་འགོག་བྱེད་ཐབས་གཙོ་བོ་ནི།
གཅིག རྒྱུན་དུ་ལག་པ་གཙང་མར་བཀྲུ་བ་སོགས་རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས། ཆམ་རིམས་ནད་དུག་ནི་མཁའ་དབུགས་བརྒྱུད་ནས་མཆེད་པ་ཡིན་མོད། འོན་ཀྱང་ནད་པས་རང་གི་ཁ་ཆུ་དང་སྣ་ཆུ་སོགས་ལ་ལག་པས་རེག་རྗེས་དངོས་པོ་གཞན་པར་ཐུག་ཚེ། དེ་ལའང་འབག་བཙོག་ཐེབས་སྲིད་པས་མི་གཞན་གྱིས་དེ་ལ་ཐུག་རེག་བྱས་ན་ཆམ་རིམས་ནད་དུག་འགོ་སྲིད། དེར་བརྟེན་ཆུ་གཙང་མའི་ནང་འདག་རྫས་ཀྱིས་ལག་པ་གཙང་མར་བཀྲུས་རྗེས། ལག་ཕྱིས་གཙང་མས་ལག་པ་ཕྱིས་དགོས། ལག་པས་དབུགས་ལམ་གྱི་ཟགས་ཐོན་ལ་ཐུག་རེག་བྱས་རྗེས་མྱུར་དུ་ལག་པ་གཙང་མར་བཀྲུ་དགོས།
གཉིས། སྣ་སྦྲིད་རྒྱག་པའམ་གློ་ལུ་བའི་སྐབས་སུ་ཁ་ཐུམ་བརྒྱབ་སྟེ་མི་གཞན་པར་ཆམ་རིམས་མི་འགོ་བ་བྱེད་དགོས།
གསུམ། ཁང་བའི་ནང་མཁའ་དབུགས་གསར་བ་རྒྱུ་བར་དོ་སྣང་བྱས་ཏེ། རྒྱུན་དུ་སྒེའུ་ཁུང་ཕྱེ་དགོས། ངལ་གསོ་ཡང་ལེགས་པོ་བྱེད་དགོས།
བཞི། བཟའ་བཏུང་གི་ཐད་ནས་སྣུམ་ཞག་ཉུང་བའི་ཟས་རིགས་ཟ་བ་དང་། འཚོ་རྒྱུ་བེ་ཧྲིན་སུའུ་འདུས་པའི་ཟས་རིགས་སྟེ། སྔོ་ཚོད་དང་སིལ་ཏོག་གི་རིགས་མང་པོ་ཟ་དགོས། དེ་ལས་གཞན་ཆུ་ཁོལ་མང་པོ་འཐུང་དགོས།
ལྔ། ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། ལྭ་བ་ཇེ་མཐུག་དང་ཇེ་སྲབ་ལ་གཏོང་བར་དོ་སྣང་བྱེད་དགོས།
དྲུག ཆམ་རིམས་འགོག་ཁབ་རྒྱག་དགོས།
ཆམ་རིམས་ནི་ནད་ལྕི་མོ་ཞིག་མིན་པས། དེ་ལ་སྐྲག་མི་དགོས། རང་ཉིད་དང་ཡང་ན་ཁྱིམ་མིར་ཆམ་རིམས་ཕོག་རྗེས། གང་འདོད་དུ་སྨན་མི་བསྟེན་པར་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱས་ན་དྲག་བསྐྱེད་འབྱུང་སླ།