དེ་ཡང་རྒྱུད་བཞིའི་དཀའ་འགྲེལ་ལས། དུགས་ནི་རང་རང་ལ་ཕན་པའི་རྫས་གང་ཞིག་ནད་དམིགས་སྟེང་དུ་སྦྱར་བ་ལ་དུགས་ཟེར་ཞིང་།ནང་གསེས་སུ་དབྱེ་ན་བསིལ་དུགས་དང་དྲོད་དུགས་གཉིས་སུ་མཆིས་སོ། །ཞེས་གསུངས་པ་ནང་བཞིན་ནད་ཀུན་ལུས་ལ་འཇུ་བར་བྱེད་པའི་གསོ་ཐབས་ཅིག་ཏུ་མཐོང་བ་དང་དེ་ལས་དྲོད་དུགས་ནི་ཚྭ་དང་བྱེ་མ་སོགས་མེར་བསྲོས་པས་ནད་དམིགས་ལ་བདུག་པ་སྟེ། པོད་དམར་ལས།དྲོད་དུགས་དུག་རྫས་མེ་ལ་ལེགས་བསྲོས་ནས། །གང་ནའི་སྟེང་དུ་བདུག་དགོས་དུགས་ཀྱི་མིང་། །ཞེས་གསུངས་པ་ལྟར་དང་ཡང་སྙན་བརྒྱུད་བེ་བུམ་ནག་པོ་ལས། ཡན་ལག་རེངས་ན་བསྐུ་མཉེ་བྱ། ཁོལ་བར་ན་ན་མེ་བཙའ་བསྲེག །ཡང་ན་དུགས་ཀྱིས་བསྲོ་བར་བྱ། །ཞེས་པ་ལྟར་དང་། དྲང་སྲོང་ཙ་ར་ཀས། དུགས་ཀྱིས་གསོ་བར་བྱ་བའི་ནད། །རླུང་ལ་བད་ཀན་བདག་ཉིད་ཅན། །སྣུམ་གྱིས་དངོས་སུ་འགྲོ་བ་ཡི། །དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། ཞེས་གསུངས་པ་ལྟར་རླུང་དང་རྩ་དཀར་གྱིས་ཡན་ལག་རེངས་པ་དང་། བད་རླུང་གྲང་བའི་ཕོ་བ་སྦོས་པ། གླང་ཐབས་ན་བ་སོགས་ལ་དྲོད་དུགས་ཕན་ལ། བསིལ་དུགས་ནི་ཚ་བའི་མགོ་གནོན་པ་དང་ཚ་གཟེར་གཅོག་པ་སོགས་ལ་བསྔགས། དེ་བས་རྡོ་དུགས་ཡང་དེ་ལས་མི་འདའ་བར་བསིལ་དྲོད་ཀྱི་ནུས་པའི་སྟོབས་དང་ལྡན་པའི་རྡོ་གང་ཞིག་གིས་ལུས་ཀྱི་གནས་གང་འོས་སུ་ཁག་སོ་སོར་གླན་པའམ་བཅིངས་ནས་ནད་སེལ་བར་བྱེད་པའི་གསོ་ཐབས་ཏེ། དེ་ལ་ཡང་ཚ་བའི་ནད་ལ་བསིལ་བའི་ནུས་པའམ་ཡང་ན་ཐོག་མ་ཉིད་ནས་བསིལ་བའི་རང་བཞིན་ལྡན་པའི་རྡོ་རིགས་གླན་ནས་བཅོས་པ་བསིལ་དུགས་དང་། གྲང་བའི་ནད་ལ་དྲོད་ཀྱི་ནུས་པ་དང་ལྡན་པའི་རྡོ་རིགས་སམ་ཡང་ན་དེ་འདྲའི་རྡོ་ལ་ཆང་གིས་བྲན་ཏེ་གླན་ནས་བཅོས་པ་དྲོད་དུགས་ཞེས་དབྱེ་བ་རིགས་གཉིས་ཡོད།
གཅིག ཐོག་མར་གཅིན་སྙི་ཟ་ཁུའི་གོ་དོན་དང་རྒྱུ་རྐྱེན། དབྱེ་བ་བཅས་བཤད་པ།
གཅིན་སྙིའི་ནད་འདི་ནི་བད་ཀན་ས་ཆུའི་ཁམས་འཕེལ་བ་ལས་དྭངས་མ་ཟུངས་སུ་མ་སྨིན་པར་སྙིགས་མ་དང་འདྲེས་ཏེ་ལྒང་བའི་ལམ་ནས་མར་ཟགས་པ་ཞིག་ཡིན། རྒྱུད་ལས། རྒྱུ་རྐྱེན་ལན་ཚ་མངར་བསིལ་ལྕི་བའི་ཟས། །རླན་ཅན་མལ་འདུལ་བད་ཀན་ཚིལ་འཕེལ་བ། །ལྒང་པར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད། །ཞེས་ཟས་སྐོམ་གྱི་རིགས་རོ་ལན་ཚ་བ་དང་། རོ་མངར་བ། ནུས་པ་བསིལ་ཞིང་ལྕི་བའི་རིགས་བསྟེན་དྲགས་པ། སྤྱོད་ལམ་རླན་ཅན་གྱི་ས་ཐོག་ཏུ་བསྡད་དྲགས་པའམ་ཡང་ན་མ་འགུལ་བར་དལ་བར་བསྡད་དྲགས་པ་སོགས་ཀྱིས་བད་ཀན་དང་ཚིལ་འཕེལ་བ་དེ་ལུས་ཟུངས་སུ་མ་འགྱུར་བར་ལྒང་བར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད་དོ། །དེ་ལ་སྤྱིའི་དབྱེ་བ་གསུམ་སྟེ། དབྱེ་བ་བད་མཁྲིས་རླུང་དང་རྣམ་པ་གསུམ། །བྱེ་བྲག་ཏུ་དབྱེ་བ་ཉི་ཤུ་ཡོད་དེ། བད་ཀན་ཟ་ཁུ་ཆུ་ཆུང་བུར་ཤིང་དང་། །གར་པོ་འབྲས་ཕྱེ་ཁུ་ཆུ་བྱེ་མ་དང་། །བསིལ་དང་པགས་འབྱུང་ཁ་ཆུ་བཅུ་རུ་བཤད། །མཁྲིས་པའི་ཟ་ཁུ་ནས་ཚིག་སྣག་ཚ་དང་། །སྔོན་པོ་སྐྱེར་ཁུ་བཙོད་ཁུ་ཁྲག་འདྲ་དྲུག །རླུང་གྱུར་རྐང་ཞག་གླང་ཆེན་སྦྲང་འདྲ་བཞི། །ཞེས་སོགས་དབྱེ་བ་ཉི་ཤུ་ཡོད། དེ་དག་ནི་བད་ཀན་ཟ་ཁུ་ལ་དབྱེ་བ་བཅུ་སྟེ་ཆུ་འདྲ། ཆང་དང་འདྲ་བ། རོ་མངར་བ་བུར་ཤིང་དང་འདྲ་བ། གར་པོ་ཅན། དཀར་པོ་འབྲས་ཕྱེ་ལྟ་བུ། ཁུ་ཆུ་ཅན། ཟ་ཁུའི་ནང་དུ་བྱེ་མ་འདྲེས་པ་ལྟ་བུ། ཆུའི་རེག་བྱ་གྲང་ལ་བསིལ་བ་ཅན་ལྟ་བུའི་ཟ་ཁུ། པགས་འབྱུང་གི་ཟ་ཁུ། སྤྱིན་བག་ཅན་ནལ་ནལ་ཁུ་ཆུ་དང་འདྲ་བའི་ཟ་ཁུ་བཅས་བཅུ་ཡོད། མཁྲིས་པའི་ཟ་ཁུ་ལ་ནས་ཚིག་པའི་ཁུ་བ་དང་འདྲ་བའི་ཟ་ཁུ། མདོག་ནག་པོ་སྣག་ཚ་དང་འདྲ་བ། མདོག་སྔོན་པོ་ཅན། མདོག་སེར་པོ་སྐྱེར་ཁུ་དང་འདྲ་བ། མདོག་དམར་སྨུག་བཙོད་ཀྱི་ཁུ་བ་དང་འདྲ་བ། མདོག་དམར་ནག་ཁྲག་དང་འདྲ་བ་བཅས་དྲུག་ཡོད།