༄༅།། སྟོན་རླུང་ལག་པས་ང་ཡི་གདོང་པ་བཞར།
ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-09
ཀྱེ་ཕུར་མཆོག་གསུམ།
ད་ལོའི་སྟོན་ཁ་སྔར་ལོའི་སྔོན་དུ་སླེབས་སོང་། །
ལག་པའི་ངོས་སུ་སྤུ་གྲིའི་ཚེར་མ་འཛིང་འདུག །
གདོང་པའི་དཀྱིལ་ལ་ཐམ་ཀ་དམར་པོ་བཀོད་དེ། །
འཚོ་བའི་སུལ་ལ་གཡོ་ཅན་ཝ་ལྟར་འཇབ་ཡོང་། །
ན་ནིང་སྟོན་ཁར་གསེར་མདོག་སྙེ་མའི་ཁང་བར། །
འབྲུ་རྡོག་སྒོམ་ལ་བཞུགས་པའི་གྲངས་ཀ་མང་འདུག །
ད་ལོ་སྟོན་ཁར་ཞིང་ཚིགས་རྣང་མའི་མངལ་དུ། །
འབྲས་བུའི་གཅེས་ཕྲུག་རུམ་པའི་ལྟོ་བ་ལྟོགས་འདུག །
ན་ནིང་གསེར་སྙེ་ཞིང་གི་མཚོ་མོའི་འཇིངས་སུ། །
སྟོན་རླུང་ཁེམ་བུས་དཀྲུགས་ཚེ་རླབས་ཕྲེང་རྒོད་ཅིང་། །
ད་ལོ་འབྲུ་རིགས་བསྡུ་བའི་ཞིང་བའི་གདོང་ལ། །
སྐྱོ་ངལ་ཐན་པ་རྒྱ་གྲམ་རི་མོར་བབས་འདུག །
ད་ལོའི་གྲང་ངད་ཕོ་ཉ་སྔ་མོར་སླེབས་ཏེ། །
གངས་ཀྱི་འབྱུང་བཞི་འཁྱགས་པའི་སྒྲོམ་ལ་བཅུག་སོང་། །
ས་ཆེན་སེར་ཁ་གས་པའི་འཁུན་སྒྲ་ཡིན་ནམ། །
མཚོ་མོའི་འཇིངས་སུ་རླངས་པ་དཀར་པོ་འཕྱུར་འདུག །
ད་ནངས་ཁ་བའི་འདབ་མ་འགའ་ཤས་འདར་གྱིན། །
ཡོམ་ཡོམ་ཡོམ་ཡོམ་རྩྭ་ལོའི་གསེབ་ཏུ་འཐོར་ཏེ། །
འོད་ཀྱི་ཟེར་མ་ཀྲིག་གེར་མིག་ཆུ་འབྱིན་དུས། །
ཕྲན་གྱི་དྲོད་ཁོག་སྟོང་བ་རླུང་གིས་གཡོས་སོང་། །
ཕྲན་གྱི་གདོང་གི་པད་ཚལ་སྣུམ་གྱིས་བརླན་དུས། །
སྟོན་རླུང་ལག་པས་ང་ཡི་གདོང་བ་བཤར་ཏེ། །
མྱི་ཁའི་སྙིགས་ཟོམ་དག་གི་ཞབས་སུ་བརྫངས་པས། །
རུས་པའི་གསེང་གི་ཧ་ཡང་རྨང་ནས་དཀག་སོང་། །
ཕུགས་འདུན་ཆུ་གཏེར་བསྙེག་པའི་གཙང་པོའི་ར་མདའ། །
ལོ་འདབ་ཧྲུག་གེར་ཆག་པའི་གས་སུ་བཞུར་ཏེ། །
བསྐལ་བའི་གཉེར་རིས་གསལ་བའི་གདོང་གི་ཚལ་ལ། །
ས་ཁྲའི་རིས་དབྱིབས་དཔར་བ་སྟོན་གྱི་མདངས་ཡིན། །
འདབ་ཆགས་དག་ཀྱང་ལྷོ་དང་བྱང་ལ་འཕུར་རྗེས། །
ལྗོན་ཤིང་ཀོག་པོས་མགོ་བོ་གཡས་སུ་ཀྱོག་པ། །
ནུབ་ཀྱི་རླུང་གིས་བདས་པའི་ཐ་སྙད་འཁྱམ་པོ། །
མིག་གི་ཚེར་མར་མཐོང་བའི་རྣམ་འགྱུར་ཉིད་དོ། །
གསེར་ལོ་ཤག་ཤག་ཉི་མའི་ངོས་སུ་འདྲིལ་དུས། །
ཚག་ཚག་འབར་བའི་སྒྲ་ཡིས་སེམས་རྒྱུད་བསྲེག་སྟེ། །
རྒྱུ་ཞབས་གདན་གྱི་ཁུག་པ་རལ་བ་ཡིན་ནམ། །
སེམས་ཁྲལ་རྐུབ་ཀྱི་ཚོར་བ་སྦྲིད་ཀྱིས་མནར་སོང་། །
སྒོ་ཕྱུགས་ཉི་མའི་གུར་གྱི་ལྷས་སུ་བསྐྱིལ་དུས། །
གྲི་ཆུང་སྐར་མའི་ཞག་པ་སུ་ཡིས་བཏབ་བམ། །
འཕྲུལ་གྱི་གཞོང་བའི་སྣོད་ལ་ལྟེམ་མེར་འཁྱིལ་བའི། །
ཟུངས་ཁྲག་ལག་པས་མཆོད་པ་སྟོན་གྱི་གཤེད་ཡིན། །
ཚོན་པོ་ཚིལ་གྱིས་བཀང་བའི་ཕྱུགས་ཀྱི་རྣམ་ཤེས། །
འཕྲུལ་གྱི་མཆེ་བས་བལྡད་དེ་གང་ལ་ཁྱེར་རྗེས། །
དངུལ་གྱི་གྲངས་འབོར་ཁུག་མའི་མཆིན་ཁར་འབྱར་ཡང་། །
སྟོན་གྱི་སྡིག་རྩུབ་ལག་པས་སྙིང་ལ་བསྙབས་སོང་། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1