༄༅།། སྒྱུར་སྐྲུན་གློག་བརྙན་འཁྲབ་གཞུང་གི་སྒྱུར་ཐབས་ལ་ཅུང་ཙམ་དཔྱད་པ།

སྐར་མ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-09



སྐར་མ་རྒྱལ།
དང་པོ། སྒྱུར་སྐྲུན་གློག་བརྙན་འཁྲབ་གཞུང་གི་སྒྱུར་ཐབས།
1.ཁ་བྱང་གི་སྒྱུར་ཐབས།
        གློག་བརྙན་གྱི་ཁ་བྱང་ལ་ཡོན་ཏན་བཞི་དང་ལྡན་ཏེ། གཅིག་ཆ་འཕྲིན་ཁྱབ་སྤེལ་གྱི་ནུས་པ་དང་། གཉིས་ལུས་ཉམས་ཡིད་འགྱུར་འབུར་གྱིས་སྟོན་པའི་ནུས་པ། གསུམ་མཛེས་དཔྱོད་ཀྱི་ནུས་པ་དང་བཞི་མཚམས་སྦྱོར་བརྡ་ཁྱབ་ཀྱི་ནུས་པ་བཅས་ཡིན། ལོ་ཙཱ་བས་གློག་བརྙན་གྱི་ཁ་བྱང་སྒྱུར་སྐབས་གཙོ་གནད་མངོན་ལ་སྟབས་བདེ་བ། དོན་དང་ལྡན་ལ་ཡིད་དབང་འགུག་པ་ཞིག་ཡོང་དགོས། གློག་བརྙན་ནི་དཔལ་འབྱོར་ཅན་གྱི་སྒྱུ་རྩལ་བརྩམས་ཆོས་ཡིན་ཕྱིར། དཔལ་འབྱོར་གྱི་ཁེ་ཕན་འབའ་ཞིག་ལའང་བསམ་བློ་མི་གཏོང་རང་གཏོང་ཡིན། དེ་ཡང་གློག་བརྙན་གྱི་ཁ་བྱང་བསྒྱུར་བར་ལོ་ཙཱའི་རྩ་དོན་དང་མི་འགལ་བའི་གནས་ཚུལ་འོག་དགོས་དབང་གིས་སྒྱུར་ཐབས་གང་རུང་སྤྱོད་དགོས་པ། དཔེར་ན། ཝང་ཅིན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《王牌逗王牌》ལྟ་བུ་ལ་མཚོན་ན་གཏམ་རྒྱུད་ཀྱི་མགོ་མཇུག་བར་གསུམ་དུ་གནམ་བདག་གི་ས་བོན་ཟེར་བ་ཞིག་ལ་འབྲེལ་ནས་བཤད་ཡོད་པས། ལོ་ཙཱ་བས་སྔོན་ལ་འཁྲབ་གཞུང་དངོས་ཀྱི་ནང་དོན་ཡོངས་སུ་རྟོགས་པར་བྱས་རྗེས་འཁྲབ་གཞུང་དངོས་དང་སྦྲེལ། བརྗོད་དོན་དང་མི་འགལ་ཞིང་གོ་བདེ་ལ། གནད་དུ་ཕོག་དགོས་པར། གནམ་བདག་གི་ས་བོན་ཞེས་སྒྱུར་ན་གཟིགས་མོ་བས་དེའི་ཁ་བྱང་མཐོང་མ་ཐག་དེ་ལས་འཁྲབ་གཞུང་དངོས་ཀྱི་ནང་དོན་གྱི་ཆ་ཞིག་བློ་ལ་ཤར་རྒྱུ་ཡོད་པ་ཡིན། ཁ་བྱང་ནི་གློག་བརྙན་བརྩམས་ཆོས་ཧྲིལ་པོའི་མཚོན་དོན་ལྟ་བུ་ཡིན་པས་ང་ཚོས་བརྩམས་ཆོས་ཧྲིལ་པོ་ལ་གཞིགས་ནས་དགོས་དབང་གིས་གསར་གཏོད་རང་བཞིན་གྱི་སྒྱུར་ཐབས་སམ་རང་འགྱུར་(归 化) བྱེད་ཐབས་སྤྱད་ཆོག་པ་ཡིན། གཞན་ལེ་ཞན་ཧོ་ཡིས་འཁྲབ་ཁྲིད་བྱས་པའི་《老阿姨》དང་། ཀྲང་ཆི་ཡིས་འཁྲབ་ཁྲིད་བྱས་པའི་《睡在我上铺的兄弟 》གཉིས་སུ་ཨ་ནེ་རྒད་མོ་དང་ཉལ་ཁྲིའི་ཐོག་འགབ་ཀྱི་སྤུན་ཟླ། ཞེས་ཐད་སྒྱུར་བྱས་ན་མ་ཡིག་གི་ནང་དོན་དང་མི་འགལ་ལ་བོད་རང་གི་སྐད་དང་ཡང་མཐུན། ཝུན་ཝེ་ཧུང་གིས་འཁྲབ་ཁྲིད་བྱས་པའི་《使徒行者》 ལ་འགན་འཁྲི་དང་ཡིད་རྟོན་ཞེས་བཅོས་སྒྱུར་བྱས་ན་བསམ་བློའི་ནང་དོན་དང་ཉམས་འགྱུར། མཛེས་དཔྱོད་བཅས་གང་གི་ཐད་ནས་མ་ཡིག་དང་དོ་མཉམ་ཡོང་ཐུབ། མིའོ་ཡུའེ་ཡིས་འཁྲབ་ཁྲིད་བྱས་པའི་ 《十八洞村》ལ་ཧྲི་པ་ཏུང་སྡེ་པ། ཞེས་སྒྲ་དོན་ཟུང་འབྲེལ་གྱི་སྒྱུར་ཐབས་བཀོལ་བ་སོགས་འཁྲབ་གཞུང་དངོས་ཀྱི་ནང་དོན་ནམ་སྐད་ཆའི་གནས་སྐབས་དང་བསྟུན་ནས་གང་ལ་གང་འཚམ་དུ་བསྒྱུར་ན་ད་གཟོད་འཁྲབ་གཞུང་ལོ་ཙཱའི་དམིགས་ཡུལ་འགྲུབ་ཐུབ།

2.འཁྲབ་གཞུང་དངོས་ཀྱི་སྒྱུར་ཐབས།
        ཁྲེན་ཞའོ་ཡུན་གྱིས་བརྩམས་པའི་གློག་བརྙན་རིག་པ་མདོར་བསྟན་དང་འབྲེལ་ནས་གླེང་ན་གློག་བརྙན་ནི་ཚན་རྩལ་ཞིག །སྒྱུ་རྩལ་ཞིག །སྐད་བརྡ་ཞིག །རིག་གནས་ཤིག །ཚོང་ལས་ཤིག །མཚམས་སྦྱོར་བྱེད་ཅིག་བཅས་ཡིན་ལ་སྒྱུར་སྐྲུན་གློག་བརྙན་འཁྲབ་གཞུང་ལོ་ཙཱ་བའི་འགན་འཁུར་ནི་ཡང་དག་པའི་སྒོ་ནས་གློག་བརྙན་གྱི་བརྗོད་བྱའི་དོན་གཙོ་བོར་གོ་བ་ལེན་པ་དང་གསལ་བཤད་བྱེད་པ། གློག་བརྙན་འཁྲབ་གཞུང་འཕེལ་རྒྱས་ཀྱི་གཅིག་གྱུར་དང་རྒྱུན་ཆགས་བསྲུང་འཛིན་བྱེད་པ། འཁྲབ་ཚིག་གི་ནང་དོན་ཡང་དག་པར་མཚོན་པ་དང་། མི་སྣའི་སྐད་ཆའི་སྤྱི་ཚོགས་དང་མི་རིགས། མི་སྒེར་བཅས་ཀྱི་ཁྱད་ཆོས་དང་གློག་བརྙན་ཧྲིལ་པོའི་ཉམས་འགྱུར་དང་བཟོ་ལྟ་མངོན་དུ་འཇུག་དགོས་པ་དེའོ། །

1.མིང་གི་སྒྱུར་ཐབས།
        ཚན་རྩལ་མགྱོགས་མྱུར་འཕེལ་རྒྱས་སུ་སོང་སྟེ་ཤེས་བྱ་སྣ་མང་ཅན་དང་ཆ་འཕྲིན་ཅན་དུ་གྱུར་པའི་དེ་རིང་ང་ཚོ་ཨ་གསར་དང་འོལ་ཚོད་ཀྱིས་གཞན་རྗེས་སུ་རྒྱུགས་དྲགས་ན་སྐད་དང་ཡི་གེ་ཉམས་རྒྱུར་ཉེན་ཁ་ཆེན་པོ་འདུག། བརྙན་འཕྲིན་སོགས་སྨྱན་བྱད་གང་མང་ནི་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་འཛམ་གླིང་ལ་བལྟ་བའི་སྒེའུ་ཁུང་དང་ལོ་ཙཱ་བ་ནི་ཁོ་ཚོའི་མིག་ལྟ་བུ་ཡིན། ལྟད་མོ་བས་གློག་བརྙན་བརྒྱུད་དུས་ཐོག་གམ་དུས་ཐུང་ནང་ཕྱི་རོལ་གྱི་བྱ་དངོས་གསར་པ་མང་པོར་རྒྱུས་ལོན་དང་སློབ་སྦྱོང་བྱེད་དགོས་པར། ཡང་དག་པའི་ལོ་ཙཱ་ནི་ལམ་སྟོན་གྱི་སྒྲོན་མེ་ཡིན། དེ་ཡང་དཔའ་རིས་སངས་རྒྱས་ནས་ལོ་ཙཱ་དག་པ། རྟེན་གཞིར་རག་ལས་ཞེས། ལོ་ཙཱ་བས་འཁྲབ་ཚིག་བསྒྱུར་བའི་སྐབས་སུའང་མིང་གསར་དག་ཨུ་ཚུགས་དང་ངེས་པར་དུ་ཚིག་མཛོད་ལ་བརྟེན་དགོས་པར་སེམས་ནས་རྡོ་ཆག་བཙན་སྒྲིག་མི་བྱེད་པར་སྐད་ཆའི་གནས་སྐབས་དང་བསྟུན་པ་ཧ་ཅང་གལ་ཆེན་ཡིན། དོན་དང་ལྡན་པའི་མིང་གང་སྦྱར་ཡུལ་གྱི་བསྟན་བཅོས་དང་ཚིག་དོན་གོང་འོག་གི་འབྲེལ་བ། བརྗོད་འདོད་ཀྱི་ཀུན་སློང་མི་འདྲ་བའི་རྐྱེན་གྱིས་སྤྱིར་བཏང་གི་དོན་ལས་ལྷག་པའི་སྐབས་དོན་དུ་མ་བསྐྱེད་ཅེས་དང་། གཞན་ཡུལ་དུས་ཀྱི་དབང་གིས་བརྗོད་དོན་སྟོན་པ་ནི་སྐད་ཆའི་ཆོས་ཉིད་ཡིན་ཞེས་སྐད་ཆའི་གནས་སྐབས་དང་བསྟུན་ཏེ་བསྒྱུར་ན་སྐད་ཆ་ཧྲིལ་པོའི་གོ་བ་མ་ནོར་བ་ཡོང་ཐུབ་པ་དཔེར་ན། མ་ཡིག 我是班长,你要支持我的工作。འགྱུར་ཡིག ང་བཅུ་དཔོན་ཡིན། ཁྱོས་ངའི་བྱ་བར་རྒྱབ་སྐྱོར་བྱེད་རོགས། སྤྱིར་ང་ཚོས་འཛིན་གྲྭ་གཅིག་གི་འཛིན་གཙོ་ལའང་班长ཞེས་འབོད་ནའང་འདིར་དམག་གི་སྒྲིག་གཞིའི་ཁྲོད་ཀྱི་གོ་གནས་ཞིག་ལ་གོ་དགོས་པས་འཛིན་གཙོ་ཞེས་སྒྱུར་མི་རུང་བ་ལྟ་བུ་དང་། གཞན་ད་དུང་མ་ཡིག 小王, 我给你介绍我们村的一些基本情况འགྱུར་ཡིག ཞའོ་ཝང་། ངས་ཁྱོད་ལ་ང་ཚོའི་སྡེ་བའི་གནས་ཚུལ་ཕལ་ཆེར་ཞིག་ངོ་སྤྲོད་བྱེད་ཅེས་基本ལ་འདིར་རྩ་བ་དང་གཞི་རྩ་སོགས་སུ་མི་སྒྱུར་བར་ཕལ་ཆེར་ཞེས་སྒྱུར་དགོས། མ་ཡིག 我不是主任,我就是机关的普通工作人员,叫我小王就行འགྱུར་ཡིག ང་ཀྲུའུ་རིན་མིན། ང་ལས་ཁུངས་ཀྱི་སྤྱིར་བཏང་གི་ལས་བཟོ་བ་ཞིག་ཡིན། ང་ལ་ཞའོ་ཝང་ཞེས་བོས་དང་ཆོག། ལྟ་བུའི་ཁྲོད་ཀྱི་机关ལྟ་བུ་ལའང་རྒྱ་སྐད་ཀྱི་ལམ་དུ་འཇུག་ཡུལ་མང་པོ་ཡོད་པ་ལྟ་བུ། དེ་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་ནས་ཀྱང་མིང་གཅིག་དོན་དུ་མ་ལ་བསྙེག་ཏུ་རུང་བ་རྣམས་ནི་གོང་འོག་ལ་ལེགས་པར་བརྟགས་ཏེ། ཕྱོགས་གཅིག་ལ་ཐག་གཅོད་དུ་རུང་ན་གར་བསྙེགས་པ་དེར་བསྒྱུར་ཞེས་གསུངས་ཡོད་པའོ། གཞན་ཡང་མིང་སྒྱུར་སྐབས་སྐད་ཆའི་གནས་སྐབས་དང་བསྟུན་ནས་གང་ལ་གང་འཚམ་གྱིས་ཐད་སྒྱུར་དང་དོན་སྒྱུར། སྒྲ་སྒྱུར་དང་གསར་གཏོད་བཅས་ཀྱི་སྒྱུར་ཐབས་སྤྱད་ཆོག་མོད། བོད་རང་གི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་དགོས་པ་མ་ཟད་བོད་རང་ལ་སྔ་མོ་ནས་ཡོད་པའི་མིང་བརྡ་སོགས་ལ་ངེས་པར་མཉམ་འཇོག་བྱེད་དགོས།

2.ཚིག་གི་སྒྱུར་ཐབས།
        སྤྱིར་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་བོད་སྐད་དུ་སྒྱུར་སྐྲུན་བྱེད་པའི་བྱ་བ་དེ་སྙིང་པོ་གཅིག་ཏུ་བསྡུས་ནས་བརྗོད་ན་གཏིང་དཔོག་པ་དང་། དོན་རྟོགས་པ། ད་དུང་ཚིག་སྦྱོར་གྱི་ཉམས་དང་ཚིག་གི་གཅོད་མཚམས་གཉིས་ཡིན། ཚིག་སྦྱོར་གྱི་ཉམས་དང་ཚིག་གི་གཅོད་མཚམས་ནི་གློ་བརྙན་འཁྲབ་གཞུང་ལོ་ཙཱའི་ཁྱད་ཆོས་གཙོ་བོ་གཅིག་ཡིན་པས་ང་ཚོས་ངེས་པར་དུ་བསྒྲུབ་ཐུབ་དགོས། དཔའ་རིས་སངས་རྒྱས་ལགས་ནས་སྤྱིར་རྒྱ་ཡིག་ཁྲོད། ཟུང་ལྡན་སྒྲ་ཚིགས་མང་ལ། བོད་ཡིག་ཏུ་ཉུང་བས། ལོ་ཙཱ་དག་པ་ལ། བོད་ཡིག་གི་གྲངས་རྒྱ་ཡིག་ལས་ཉུང་བའམ་མང་ཡང་ཚེག་བར་གཅིག་གཉིས་ཙམ་མོ། དེ་ལས་ལྡོག་ན་སྐད་འགྲོགས་བདེ་གཤིབ་བདེ་ཡིན་དགོས་པའི་ཆོས་ཉིད་དང་འགལ་ཞེས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས་དོན་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་གལ་ཆེ་ལ། དེ་ཡང་ཚིག་དེ་ཀའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟགས་དགོས་སོ། ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་ཡིག་ལ་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུ་ཡང་མང་དུ་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག་ལ། སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མ་རྫོགས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་གསལ་པ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་བསྣན་ནས་བསྒྱུར་བར་བྱའོ་ཞེས་གསུངས་ཡོད་པ་དག་ནི་གློག་བརྙན་འཁྲབ་གཞུང་ལོ་ཙཱའི་མན་ངག་ཡིན། གློག་བརྙན་འཁྲབ་གཞུང་ལོ་ཙཱ་དེ་སྐད་ཆའི་ཆོས་ཉིད་དང་མཐུན་དགོས་པ་མ་ཟད། སྒྱུ་རྩལ་གྱི་འགུག་ཤུགས་ལྡན་ལ་རིག་གནས་ཀྱི་ཁྱད་ཆོས་ཡང་མངོན་ཐུབ་པ་ཞིག་ཡིན་དགོས། འཁྲབ་གཞུང་ཆ་ཚང་ཞིག་ནི་ཁ་བྱང་དང་གཞུང་དངོས་ལས་གྲུབ་པ་ཡིན་ལ། གཞུང་དངོས་ནི་མི་སྣའི་ཁ་བརྡ་གཙོར་བྱས་པའི་ཁེར་བཤད་དང་། ཟུར་བཤད། བརྙན་ཡིག། གླུ་ཚིག་སོགས་ལས་གྲུབ་པས་མཐའ་གཅིག་ཏུ་དོན་སྒྱུར་རམ་ཐད་སྒྱུར་སོགས་གང་རུང་གི་སྒྱུར་ཐབས་གཅིག་བཀོལ་བས་མ་འཐུས་སོ། དེ་བས་ལོ་ཙཱ་བས་འཁྲབ་ཚིག་སྒྱུར་བའི་སྐབས་སུ་རྩོམ་རིག་ལོ་ཙཱ་ལྟར་ཁ་དམ་པོའམ་གོ་དཀའ་བར་བསྒྱུར་མི་རུང་བར། མང་ཚོགས་ཀྱིས་གོ་བདེ་བའི་གནའ་མིའི་གཏམ་དཔེ་སོགས་མང་དུ་སྤྱད་དེ་ཚིག་སྦྱོར་མཉམ་པོ་དང་བརྡ་སྤྲོད་ཡང་དག། བརྗོད་བདེ་གོ་སླ་ཞིག་ཏུ་བསྒྱུར་དགོས། །

གཉིས་པ། སྒྱུར་སྐྲུན་གློག་བརྙན་འཁྲབ་གཞུང་གི་ཁྱད་ཆོས་སམ་བཀག་རྒྱ།
 1.ཀློག་པ་པོས་ཡིག་སྒྱུར་ལ་ཐེབས་པའི་བཀག་རྒྱ།
        གློག་བརྙན་ནི་རྒྱ་ཆེའི་མང་ཚོགས་ལ་ཁ་གཏད་པའི་སྨྱན་བྱད་ཡིན་ཕྱིར་ལྟད་མོ་བ་དཔེ་ཀློག་པ་ལས་ལྡབ་འགྱུར་གྱིས་མང་མོད། འོན་ཀྱང་རིག་གནས་ཆུ་ཚད་དོ་མཉམ་མེད་པ་མ་ཟད་ཡིག་རྨོངས་པ་མང་པའི་ལྟད་མོ་བར་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་ཤེས་བྱ་ངོ་འཕྲོད་དགོས་ན། ང་ཚོས་སྔོན་ཐོན་གྱི་སྒྱུ་རྩལ་བརྩམས་ཆོས་འདི་དང་རྗེས་ལུས་ཀྱི་ལྟད་མོ་བའི་བར་དུ་དོ་མཉམ་གྱི་ཟམ་པ་ཞིག་བསྐྲུན་པར་དཀའ་ལས་ཧ་ཅང་ཆེན་པོ་ཡོད། ལོ་ཙཱ་བས་སྔོན་དུ་ཁོ་ཚོའི་ཚབ་དུ་མ་ཡིག་གང་དེ་ལ་གོ་བ་ཡང་དག་ཞིག་ལེན་དགོས་པ་མ་ཟད། ལྟད་མོ་བས་ངེས་པར་ཧ་གོ་བའི་བརྡ་ཞིག་གམ་མིང་ཞིག་ཏུ་བསྒྱུར་ཐབས་བྱེད་དགོས་པར། ཐོག་མཐའ་བར་གསུམ་དུ་བོད་རང་གི་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་ཆོ་ག། ཐ་ན་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ། འཇིག་རྟེན་ལྟ་བ་སོགས་དང་སྦྱར་ཏེ་མང་ཚོགས་ཀྱི་ཉེ་སར་བཅར་ན་ད་གཟོད་དཀའ་ངལ་དེ་སེལ་པའི་ཐབས་ལམ་རྙེད་ཐུབ། །

2.སྐད་སྦྱོར་བས་ཡིག་སྒྱུར་ལ་ཐེབས་པའི་བཀག་རྒྱ།
        སྣ་འཛོམས་རང་བཞིན་དང་སྐད་ཅིག་རང་བཞིན་ནི་གློག་བརྙན་གྱི་ཁྱད་ཆོས་གཙོ་བོའམ་རིན་ཐང་གཙོ་བོ་དེ་ཡིན། བརྙན་རིས་ཁྲོད་ཀྱི་མི་སྣའི་ཁ་བརྡ་ནི་ལྟད་མོ་བ་གང་གིས་དལ་མོའི་སྒོ་ནས་ཡང་ནས་ཡང་དུ་རོ་མྱོང་བྱ་ཐུབ་པ་ཞིག་མིན་པར་བརྙན་རིས་དང་སྡེབ་ནས་སྐད་ཅིག་དེ་ཉིད་ལ་གོ་བ་ལོན་དགོས་པས། ངེས་པར་དུ་ཁ་གཏད་སའི་མི་དམངས་ཀྱི་སྐད་ཆས་མཚོན་དགོས་པ་དང་གཅིག། གཞན་ཚིག་གི་ཉམས་འགྱུར་ཐོན་པ་དགོས་པ་དང་གཉིས། ཚིག་གི་གཅོད་མཚམས་དོ་མཉམ་དགོས་པ་དང་གསུམ་ནི་སྐད་སྦྱོར་བས་དུས་ཚོད་དང་བར་སྟོང་ངེས་ཅན་ལ་ཚོད་འཛིན་གྱིས་སྒྱུར་སྐྲུན་གློག་བརྙན་བརྩམས་ཆོས་ལེགས་པོ་ཞིག་ཐོན་པའི་སྔོན་འགྲོའམ་མཐུན་རྐྱེན་ཡིན། འདི་ལས་མཐོང་གསལ་ལྟར་སྐད་སྦྱོར་བས་རིག་གནས་ངོ་སྤྲོད་དམ་བརྗེ་རེས་ཀྱི་བྱ་བ་འདིའི་ཁྲོད་དུ་གོ་གནས་ངེས་ཅན་ཟིན་ཡོད་པས། དེ་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་འདི་དག་འཛོམས་ན་ལོ་ཙཱ་བའི་བརྩམས་ཆོས་དེ་ཡང་དག་པར་ལྟད་མོ་བའི་མིག་གི་དགའ་སྟོན་དུ་འབྱོར་ཐུབ། སྐད་སྦྱོར་བ་སྐད་གདངས་ཡག་བཙོག་གང་ཡང་ཡིན་ཆོག་མོད་ངེས་པར་དུ་སྐད་ཆ་དག་མོ་དང་རང་ཉིད་ཀྱི་ཁྱད་ཆོས་ཡོད་དགོས་པ་དང་གཅིག། སྐད་སྦྱོར་བར་སྒྱུ་རྩལ་གྱི་ཚོར་སྣང་ཡོད་དགོས་པ་དང་གཉིས། སྐད་སྦྱོར་བར་ངེས་པར་དུ་རིག་གནས་ཆུ་ཚད་ངེས་ཅན་ལྡན་དགོས་པ་དང་གསུམ། སྐད་སྦྱོར་བར་སྐད་ཆའི་བྱང་རྩལ་དང་འཁྲབ་སྟོན་གྱི་ནུས་པ་ཡོད་དགོས་ལ། སྐད་ཆར་ངེས་པར་དུ་གསོན་ཉམས་ལྡན་དགོས་པ་དང་བཞི། ལད་མོ་དང་སློབ་སྦྱོང་གི་ནུས་པ་ལྡན་དགོས་པ་དང་ལྔ་བཅས་སོ། །

གསུམ་པ། སྒྱུར་སྐྲུན་གློག་བརྙན་འཁྲབ་གཞུང་ལོ་ཙཱས་བོད་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།
        1910ལོ་ཨུ་རུ་སུའི་རླབས་ཆེ་བའི་བརྩམས་སྒྲུང་རྩོམ་པ་པོ་ཐུའོ་ཨེར་སི་ཐའེ་ཡིས་སྒྱུ་རྩལ་གྱི་རྣམ་པ་གསར་པ་འདི་མ་འོངས་པར་དུས་རབས་19བའི་དངོས་ཡོད་རྩོམ་རིག་གི་འོད་སྟོང་འབར་བའི་གྲུབ་འབྲས་ལས་བརྒལ་བར་མཐོང་ནས་སྨྲས་པ། ལག་འཁོར་གྱི་འཁོར་འགུལ་ལྡན་པའི་འཕྲུལ་འཁོར་འདིའི་རིགས་ཀྱིས། ང་ཚོའི་འཚོ་བར་(རྩོམ་པ་པོའི་འཚོ་བ) གསར་བརྗེ་བཟོ་ངེས་ལ། དེས་ཐད་ཀར་རྣམ་པ་རྙིང་བའི་རྩོམ་རིག་སྒྱུ་རྩལ་ལ་རྡུང་རྡེག་བྱེད་བཞིན་ཡོད། ང་ཚོར་ཆ་རྒྱུས་ཡོད་ལ་བྲོ་བ་ཤོར་བའི་ལྗིད་ཏིག་ཏིག་གི་རྩོམ་རིག་དང་བསྡུར་ན། དེ་ཡི་འགྱུར་ལྡོག་སྐྱེན་པོའི་ལྗོངས་རྣམ་དང་འོ་ཆུ་བཞིན་འདྲེས་པའི་དུང་བ། ཉམས་མྱོང་ནི་མི་ཚེ་ལ་དེ་བས་ཐག་ཉེ་བ་ཞིག་རེད་ཅེས། གློག་བརྙན་ནི་རིམ་བཞིན་ང་ཚོའི་འཚོ་བའི་ཟབ་སར་ཐིམ་ནས་མི་སོ་སོའི་བསམ་སྤྱོད་ལ་ཤུགས་རྐྱེན་བཟོ་བཞིན་ལགས་ན། དེ་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཡོད་སྲིད།

1.བཟང་ཕྱོགས་ཀྱི་ཤུགས་རྐྱེན།
        གློག་བརྙན་སྒྱུ་རྩལ་ལ་སློབ་གསོའི་ནུས་པ་དང་རོལ་རྩེད་ཀྱི་ནུས་པ་ཟུང་ལྡན་ཡིན་པས་སྒྱུ་རྩལ་གྱི་འགུག་ཤུགས་ཆེ་བར་བརྟེན། ང་ཚོས་རིག་གནས་བརྗེ་རེས་ཀྱི་སྨྱན་བྱད་ཡག་པོ་འདི་ལྟ་བུ་བེད་སྤྱོད་ལེགས་པོ་གཏོང་ཐུབ་ན་ནི། ཕྱི་ཡི་རིག་གནས་ནང་འདྲེན་དང་ཕ་སྐད་མ་ཡིག་རྒྱུན་འཛིན་དར་སྤེལ་གང་གི་ཐད་ནས་ཀྱང་ནུས་པ་བླ་ལྷག་ཐོན་ཐུབ་པ་ཡིན། དེ་ནི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་སྲོལ་རྒྱུན་དང་སྒྲིག་གཞི། སྒྱུ་རྩལ། ལྷ་སྒྲུང་། དད་མོས་སོགས་རིག་གནས་ཀུན་འདུས་ཀྱི་ཕུང་པོ་ཞིག་ཡིན་པས། ཐ་ན་དཔེ་ཀློག་བྱེད་མི་ཐུབ་པའི་རོང་འབྲོག་མང་ཚོགས་ཀྱིས་ཀྱང་སྒྱུར་སྐྲུན་གློག་བརྙན་སོགས་བརྒྱུད་དུས་ཚོད་ཐུང་ངུའི་ནང་དུ་འཛམ་གླིང་ལ་ལྟད་མོར་གཡེང་བའམ། སྔོན་ཐོན་རིག་གནས་དང་ལོ་རྒྱུས་ཀྱི་བསླབ་བྱ་གང་རུང་ལ་སློབ་སྦྱོང་དང་སྙིགས་དོར་བཅུད་ལེན་བྱ་ཆོག། གཞན་ད་དུང་བོད་རང་གི་ཡུལ་སྐད་སོ་སོར་རྒྱུས་ལོན་དང་མ་འོངས་པར་ཐུན་མོང་གིས་གོ་ཐུབ་པའི་སྤྱི་སྐད་ཞིག་ཆགས་པར་རྨང་གཞི་དང་ཆ་རྐྱེན་ཡང་མཁོ་འདོན་བྱེད་ཐུབ། དེ་བས་ང་ཚོས་མང་ཚོགས་ཀྱི་འཚོ་བ་དང་བར་ཐག་ཆེས་ཉེ་ས་ནས་ཁྱབ་རྒྱ་དང་སྤྱོད་རྒྱ་ཆེས་ཆེ་བའི་ལག་ཆ་འདི་བེད་སྤྱོད་གང་ལེགས་བྱས་ན་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་སད་པར་མངོན་ཤུགས་གང་རུང་ནས་ཞབས་ཞུ་ལེགས་པོར་བསྐྲུན་ཐུབ།

2.ངན་ཕྱོགས་ཀྱི་ཤུགས་རྐྱེན།
        དེང་སང་སྐད་གཉིས་ཤེས་པ་ཙམ་ནས་ལོ་ཙཱའི་བྱ་བར་འཇུག་པའམ། ཡང་ན་མང་པོ་ཞིག་གིས་མཁས་འདོད་གྲགས་འདོད་དམ། དཔལ་འབྱོར་འབའ་ཞིག་བསྒྲུབ་ཆེད་དོན་གྱི་གནད་ལ་བསམ་བློ་མི་གཏོང་བར་གང་དྲན་གང་འདོད་དུ་སྒྱུར་སྐྲུན་གློག་བརྙན་སོགས་སྨྱན་བྱད་རིགས་ཀྱི་ལོ་ཙཱའི་བྱ་བ་བྱེད་པ་འདིས་མི་རིགས་རང་གི་སྐད་དང་ཡི་གེ་བརླག་པའི་ཉེན་ཁ་ཆེན་པོ་ཡོད། རྒན་ཐུབ་བསྟན་ཕུན་ཚོགས་ལགས་ནས་བོད་ཀྱི་སྐད་ཡིག་གི་རུས་རྒྱུད་ལ། རྒྱལ་རོང་ཡུལ་སྐད་རྩ་བ་དང་སྡོང་པོ། མདོ་ཁམས་ལྷོ་མོན་ཡལ་ག་དང་ངར་པ། དབུས་གཙང་མངའ་རིས་ལོ་མ་དང་མེ་ཏོག་ཅེས་བོད་ལ་ཡུལ་སྐད་ཆེན་པོ་དྲུག་དང་ གཞན་ད་དུང་སོ་སོར་ལུང་སྐད་མི་འདྲ་བ་མང་པོ་ཡོད་པས། འཁྲབ་གཞུང་ལོ་ཙཱ་བས་རང་རང་གི་ལུང་སྐད་ལྟར་ཁ་སྐད་དུ་བསྒྱུར་དྲགས་པའམ་སྐད་སྦྱོར་བ་སོ་སོས་ཡང་རང་རང་སོ་སོའི་ལུང་སྐད་དུ་སྦྱར་བ་ཡིན་ན་བརྡ་ཉོག་པར་གྱུར་ཏེ། ཡུལ་ལུང་གང་གིས་ཀྱང་གོ་མི་ཐུབ་པའི་གད་སྙིགས་སུ་ཆགས་འགྲོ་བའི་ཉེན་ཁ་ཡོད་དོ། །  

◆ རྩོམ་པ་པོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1