སྟག་རིག་འབྲུག་ཐར། (མཚོ་ལྷོ)
ཨ་མ་འབྲུག་མཚོ་ཞེས་པ་ནི་མཐའ་བཞི་བྲག་རིས་བསྐོར་ཞིང་ལྗང་མདོག་གི་ནགས་ཚལ་གྱིས་ཡོངས་སུ་བརྒྱན་པའི་ལྟེ་བར་ཡིད་འོང་གི་མཚོ་མོ་སྔོ་ལྟེམ་མེ་བ་ཞིག་མངའ་བ་དེའི་བཏགས་མིང་ངོ་། །ད་ལོའི་གུང་གསེང་གི་དུས་ཚོད་བཟང་པོ་འདི་བེད་སྤྱད་དེ་ཕ་མ་རྣམ་གཉིས་དང་ཆུང་མ། བུ་ཕྲུག་དང་བཅས་པ་དེང་རབས་འཕྲུལ་གྱི་རླངས་འཁོར་ལ་བསྡད་དེ་མཚོ་སྔོན་ཁྲི་ཀ་ནས་ཀན་སུའུ་ཕྱོགས་སུ་བསྐྱོད།
ཀན་སུའུ་བཱ་ཙེའི་ཨ་མ་འབྲུག་མཚོ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ནི2014ལོའི་ཟླ་དང་པོར་རྒྱལ་ཁབ་ཐོན་ཁུངས་པུའུ་ཡིས་ཆོག་མཆན་བཀོད་ནས་བཙུགས་པ་ཡིན་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཱ་ཙེ་རྫོང་འགོ་ནང་ཐང་གྲོང་རྡལ་དང་བསྒྲུབས་རྒྱོ་ཞང་གི་ཁོངས་སུ་ཆགས་ཡོད། ས་གཤིས་སྤྱི་གླིང་འདིའི་ཤར་ནུབ་ཏུ་ཕལ་ཆེར་སྤྱི་ལེ34དང་། ལྷོ་བྱང་དུ་ཕལ་ཆེར་སྤྱི་ལེ21ཡོད་ཅིང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ154.45ཡོད། མཚོ་ངོས་ཀྱི་མཐོ་ཚད་ལ་སྨི2072ནས་སྨི3917བར་ཡོད།
གཙོད་གྲོང་ཁྱེར་ནས་ནངས་མོར་ང་ཚོ་རླངས་འཁོར་ལ་བསྡད་དེ་ཕྱོགས་སྟོན་ས་ཁྲའི་ངག་བཀོད་ལྟར་ཨ་མ་འབྲུག་མཚོའི་ཕྱོགས་སུ་ཆས། གཞུང་ལམ་གྱི་གཡས་གཡོན་གཉིས་སུ་འབྱམས་ཀླས་རྩྭ་ཐང་གཡུ་ཡི་ཕྲ་བཏབ་པ་བཞིན་མིག་ལ་མཛེས་ཤིང་། ཁྱོན་ཡངས་རྩྭ་ཐང་གི་གཞི་རུ་ཕྱུགས་རིགས་དཀར་ནག་ཐང་མར་བརྡལ་ཞིང་།ལྗང་མདོག་གི་རི་ཚོགས་ཀྱིས་རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་པའི་བཟོ་ལྟ་སྟོན་ཞིང་གདའ། ང་ཚོས་དུས་ཚོད་གསུམ་ཙམ་གྱི་ཡུན་ལ་ཁོད་སྙོམས་བདེ་འཇམ་གྱི་གཞུང་ལམ་ཡངས་པོ་གཤགས་ཏེ་ཨ་མ་འབྲུག་མཚོའི་ཐག་ཉེ་སར་འབྱོར། གཞུང་ལམ་གྱི་འགྲམ་དུ་ཨ་མ་འབྲུག་མཚོ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཞེས་པའི་སྒོ་བྱང་མཐོན་པོ་ཞིག་ཀེ་རེར་འདྲེན་བྱེད་མིག་གི་རྒྱན་དུ་བཀོད་པ་ན། ལམ་ཐག་རིང་པོར་རླངས་འཁོར་ལ་བསྡད་པའི་ཉོབ་མདངས་ཀྱི་རྣམ་པའང་ཁད་ཀྱིས་ཞི་ཞིང་། དམིགས་སར་ཐོན་ལ་ཉེ་བ་ཚོར་ཏེ་ང་ཚོ་མུ་མཐུད་དུ་ཕྱོགས་སྟོན་ལམ་ཐིག་དེད་དེ་སྣུམ་ལམ་གྱིས་བཟོས་པའི་ལམ་ཕྲན་བརྒྱུད་ནས་སོང་བར་མདུན་ཕྱོགས་ཡོད་ཚད་རྫ་རི་དང་ནགས་ཚལ་གྱིས་ཀུན་ནས་དཀྲིགས་ཤིང་། སྒང་གཤོང་གི་ངོས་སུ་མཐོ་དམའི་རིམ་པ་གསལ་བའི་ནར་གཟུགས་དབྱིབས་ཀྱི་སྐས་ཞིང་དག་ལྗང་ཏིག་ཏིག་ཏུ་མངོན། སྡེ་བ་དེ་གའི་དཀྱིལ་ནས་ཡར་གཤགས་པའི་རྒྱ་ལམ་གཟས་ཏེ་སྤྱི་ལེ་གཅིག་ཙམ་སོང་བའི་ཚེ་ཨ་མ་འབྲུག་མཚོའི་ཉེ་འདབས་ཀྱི་རླངས་འཁོར་འབབ་ཚིགས་སུ་ཐོན། ང་ཚོ་ཨ་མ་འབྲུག་མཚོའི་ཕྱོགས་སུ་ཆས་དུས་ཞིང་ཐང་གྲུ་བཞིའི་ནང་དུ་རིགས་མི་གཅིག་ཅིང་ཁ་དོག་མི་མཐུན་པའི་མེ་ཏོག་འདྲ་མིན་གྱི་དྲི་བསུང་ཕྱོགས་སུ་འཐུལ་ནས་དྲི་འཛིན་ཤངས་ཀྱང་བཟི་ལ་ཁད་བྱེད་མོད། དེ་ནི་ས་གནས་དེ་གའི་མང་ཚོགས་ཚོས་རང་ཉིད་ཀྱི་ཡོང་སྒོ་ཇེ་མཐོར་འགྲོ་སླད་ཆེད་དུ་བཏབ་པའི་མེ་ཏོག་གི་ཞིང་ཐང་ཡིན་ལུགས་བཤད་པས། སྡེ་མི་ཚོས་གསར་སྐྱེས་མེ་ཏོག་གི་ཚེ་སྲོག་རྦད་ཀྱིས་བཅོམ་སྟེ།དཀར་དམར་མེ་ཏོག་གི་དབུ་རྒྱན་མང་པོ་བསླེས་ནས་དཔུང་མགོར་བསྐོན་ཏེ་ང་ཚོ་ལྟ་སྐོར་པར་གཟས་ནས་མངག་ཉོ་བྱེད་པར་རེ་བ་ཆེན་པོ་རྒྱག བུ་ཕྲུག་ཚོའི་འདོད་བློ་ལྟར་དུ་ང་ཚོས་ཀྱང་མེ་ཏོག་གི་མགོ་རྒྱན་རེ་འགའ་ཉོས་རྗེས་མདུན་ཕྱོགས་སུ་སོང་བ་ན། རྡོ་གཅལ་བཏིང་བའི་ལམ་འགྲམ་གཉིས་སུ་གསོམ་སྡོང་དང་། ལྕང་སྡོང་སོགས་ཚར་དུ་དངར་བས་ཚ་གདུག་གི་ཉི་འོད་བསྒྲིབས་ཤིང་། ཟས་རིགས་སྣ་ཚོགས་འཚོང་གིན་པའི་ཚོང་པ་རྣམས་ལྗོན་པའི་གྲིབ་བསིལ་གྱི་འོག་ཏུ་ཡུལ་སྐོར་པའི་ཁམས་དང་མོས་པ་ལྟར་དུ་ཞོག་ཁོག་དང་མ་རྨོས་ལོ་ཏོག ཧུབ་འཁྱག སྟབས་ཐུག གཡོས་རྒྱུ་སྲེག་མ། འཁྱག་དར་སོགས་ཟས་རིགས་སྣ་ཚོགས་ཚོང་འབོད་ཀྱི་ཁྲོད་དུ་ཉོ་ཚོང་ལ་རེམ་བཞིན་ཡོད། ང་ཚོ་མུ་མཐུད་དུ་ལྗོན་ཚལ་ཐགས་སུ་བཀྲ་བའི་དཀྱིལ་དུ་རི་འདབས་ནས་རི་རྩེའི་བར་ཞེང་ཚད་ཆེ་ཞིང་ཚར་དུ་བསྒྲིགས་པའི་རྡོ་སྐས་ཀྱི་བང་རིམ་རེ་རེ་རྡོག་པས་མནན་ཏེ་ཡར་འགོས་པ་ན། ནང་ལོགས་ཀྱི་ཡུལ་སྐོར་པ་དང་བོད་རིགས་ཡུལ་སྐོར་པ་མང་པོ་རྡོ་སྐས་ཀྱི་ལམ་ཕྲན་ཆུང་ངུའི་སྟེང་དུ་འཚང་ཁ་ཤིག་ཤིག་གིས་ཡར་འགྲོ་ཞིང་།མཇལ་སྐོར་པ་ལ་ཤས་ཨ་མ་འབྲུག་མཚོར་མཇལ་ཏེ་ཕྱིར་འོང་གིན་འདུག ང་ཚོས་རྒན་སྐྱོར་བྱིས་ཁྲིད་དུ་ཡར་འགོས་པ་ན། འཕྲེད་བྱང་ངོས་སུ་ཨ་མ་འབྲུག་མཚོའི་སྒོ་གཏད་ཆུ་ཞེས་པའི་ཡིག་འབྲུ་གསལ་པོ་འགའ་རྒྱ་དབྱིན་གཉིས་ཀའི་ལམ་དུ་བྲིས་ཡོད་ཅིང་། བྲག་ཞུན་གས་སྲུབས་ཀྱི་ཆུ་མིག་བརྡོལ་བ་དེར་ཡུལ་སྐོར་པ་རྣམས་ཀྱིས་ལག་པའི་སྙིམ་པ་བཟེད་དེ་ཁ་ལ་རེག་ཅིང་མགོ་ལ་བྱིལ་བྱིལ་བྱེད། མུ་མཐུད་དུ་མཐོ་ནས་མཐོ་རུ་རྡོ་སྐས་ལ་འཛེགས་ཏེ་ཕྱིན་པ་ན། ལམ་འགྲམ་གྱི་གོམ་པ་བཅའ་བཅུའི་མཚམས་སུ་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོའི་རིགས་མང་པོ་བོད་རྒྱ་དབྱིན་ཡིག་གསུམ་གྱི་ལམ་ནས་པར་རིས་དང་གསལ་བཤད་སྦྲགས་མར་ཤེལ་སྒྲོམ་དུ་བཅུག་སྟེ་ངོ་སྤྲོད་གནང་ཡོད། འགྱུར་རྡོའི་རིགས་ལ་ལུག་མིག་རྡོ་དང་སྔོ་དྲེག་རིགས། མཚོ་སྔོན་པད་མའི་རིགས། བྱུར་འབུའི་རིགས། མཁྲིག་འབུའི་རིགས། དུང་འབུའི་རིགས། འཕང་འབུའི་རིགས་སོགས་ཐོས་མ་མྱོང་ཞིང་མཐོང་མ་མྱོང་བའི་ངོ་མཚར་ལྐོག་གྱུར་གྱི་སྲོག་ཆགས་སམ་རྩི་ཤིང་འགྱུར་རྡོར་གྲུབ་ཚུལ་ལུང་རིགས་དཔེ་གསུམ་སྦྱར་ཏེ་འགྲེམ་སྟོན་བྱེད་ཚུལ་ལ་དཔགས་ན། ཨ་མ་འབྲུག་མཚོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཧ་ཅང་རིང་བ་མཚོན་ཞིང་། ཕལ་ཆེར་ཨ་མ་འབྲུག་མཚོ་དང་གནས་ཡུལ་འདིའི་ཉེ་འཁོར་དུ་འགྱུར་རྡོ་འདི་དག་གསར་རྙེད་བྱུང་བ་ཚོད་དཔག་བྱེད་ཐུབ། མདུན་ཕྱོགས་སུ་བསྐྱོད་པའི་ཚེ། ཨ་མ་འབྲུག་མཚོ་ནི་རི་སྒང་ཆེན་པོས་མཐའ་བཞི་བསྐོར་བའི་ནང་ཀློང་དུ་ལྟེམ་མེར་འཁྱིལ་འདུག ང་ཚོས་སྤྲོ་བ་འབུམ་གྱི་དགའ་ཚོར་ཆེན་པོ་ཞིག་སེམས་ཀྱིས་ཐེག་གིན་མཚོ་མོའི་གམ་དུ་བསྐྱོད་པ་ན། རྒྱ་བོད་སོག་གསུམ་གྱི་ཡུལ་སྐོར་པས་འཚང་ཁ་ཤིག་ཤིག་ཏུ་མཚོ་མོ་རྒྱབ་ལྗོངས་སུ་བྱས་ཏེ་དྲན་རྟེན་འདྲ་པར་བསྐྱོན་པའམ་ཡང་ན་མཚོ་མོའི་མཛེས་ལྗོངས་ཀྱི་ཁོར་ཡུག་གི་གྲུ་ཁ་གང་རུང་ཁ་པར་གྱི་པར་མིག་ཏུ་འདྲེན་བཞིན་གདའ། མགྲོན་པོ་ལ་ཤས་ཀྱིས་ཨ་མ་འབྲུག་མཚོའི་པང་དུ་ཕར་སྐྱེལ་ཚུར་ལེན་ལ་གྲལ་ཤར་བསྒྲིགས་པའི་གྲུ་གཟིངས་ཕྱོགས་སུ་གོམ་ཁ་རྩོད་བཞིན་འུར་ཆིལ་ལེར་སྐྱ་ཀའི་ཚང་དུ་རྡོ་འཕངས་པ་དང་མཚུངས། བོད་པ་མཇལ་བ་ཚོས་ཨ་མ་འབྲུག་མཚོའི་འགྲམ་གྱི་རྡོ་སྟེགས་མཐོན་པོའི་སྟེང་ལྷ་བསང་གཏོང་བ་དང་མཆོད་ཆབ་རྒྱག་པ། ཀི་འདེབས་པ། དུང་འབུད་པ་སོགས་ཀྱི་སྐྱབས་འཇུག་སྨོན་ལམ་ཞུ་བ་དང་། སྡུག་གུར་བཞད་པའི་ཕྲ་ཚོམ་མེ་ཏོག་ལྟ་བུའི་ཚོན་སྣ་ལྔ་ལྡན་གྱི་དར་རྡང་སྟེང་དུ་དར་ལྕོག་འདོག་བཞིན་མཆིས། མཇལ་བ་འགའ་ཤས་སེམས་ཆུང་སྒོས་བགྲོད་དཀའ་བའི་ཨ་མ་འབྲུག་མཚོའི་གཡོན་ཕྱོགས་ཀྱི་ཕ་བོང་ཆེན་པོའི་སྟེང་དུ་འགོས་ཏེ་མཚོ་གཏེར་རྒྱག་གིན་འདུག གོ་ཐོས་སུ་ཨ་མ་འབྲུག་མཚོར་མཚོ་གཏེར་ཕུལ་ན་རྒྱུ་ནོར་ལོངས་སྤྱོད་འཛོམས་པ་དང་རྐྱེན་ངན་བར་ཆད་སེལ་བའི་རྒྱུ་རུ་འགྱུར་བའི་བཤད་ཚུལ་ཡོད་པ་རེད། ཕ་ལགས་ཀྱིས་སྣེ་ཁྲིད་དེ་ང་ཚོས་ཀྱང་དགེ་ལེགས་སྩོལ་ཆེད་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་བོས་ནས་ལྷ་བསང་བཏང་རྗེས་མཚོ་གཏེར་ཕུལ་ཏེ་མཚོ་མོའི་འཁྲིས་སུ་མི་བརྗེད་པའི་རྟེན་དུ་འདྲ་པར་བརྒྱབ་པ་ཡིན།
ཨ་མ་འབྲུག་མཚོ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ནི་གཙོ་བོ་ཨ་མ་འབྲུག་མཚོ་དང་། བྲག་དམར་དབེན་ལུང་། ཤོ་རོང་། གྲོ་སྤུངས་བྲག་ཆུང་། མཛའ་ལུང་བཅས་ལྗོངས་ཁུལ་ལྔས་གྲུབ་པའི་ས་གཤིས་ས་བབ་རྣམ་པའི་ས་གཤིས་སྤྱི་གླིང་ཞིག་ཡིན་ཞིང་། བཤད་རྒྱུན་དུ། ལོ་ངོ་ཆིག་ཁྲི་ཆིག་སྟོང་གི་ཡར་སྔོན་དུ་ས་ཡོམ་བྱུང་བ་ལས་བྲག་རིའི་གཡས་གཡོན་ངོགས་གཉིས་ཉིལ་བ་ལས་བཞུར་ཆུ་བཀག་པའི་མཐོ་སྒང་གི་མཚེའུ་ཞིག་ཡིན་སྐད། ཨ་མ་འབྲུག་མཚོའི་ཆུ་བོ་ནུབ་ནས་ཤར་དུ་སྤྱི་གླིང་བརྒྱུད་ནས་བཞུར་གྱིན་ཡོད་པ་དང་། སྤྱི་གླིང་གི་ལྷོ་བྱང་ལོགས་གཉིས་རི་མཐོ་གཡང་གཟར་གྱིས་གྲུབ་ཡོད། སྤྱི་གླིང་དེར་མཐོ་གྲང་བརླན་གཤིས་ཅན་གྱི་བྲག་དམར་ས་དབྱིབས་དང་།རི་ཉིལ་མཚོ་རྫིང་གི་ས་གཤིས་རྗེས་ཤུལ་གྱི་མཛེས་ལྗོངས་གཙོ་བྱས།ད་དུང་རྣམ་པ་མི་འདྲ་བའི་ས་རིམ་དང་བྲག་ཞུན་ཡོད་པར་མ་ཟད། གཞན་ཡང་ཆུ་བོ་དང་མཚེའུ། རྦབ་ཆུ་སོགས་ཆུའི་མཛེས་ལྗོངས་ཕུན་ཚོགས་གཅིག་ཏུ་འདུས་ཡོད། མཛེས་ལྗོངས་ཀྱི་སྣ་ཁ་མང་ཞིང་གཞི་རྒྱ་ཆེ་ལ། ཁྱད་དུ་འཕགས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པས། མཛེས་པའི་གནས་མཆོག་ཅེས་པའི་མཚན་སྙན་ལྡན། དེའི་ས་གཤིས་ཐོན་ཁུངས་ཀྱི་ཐུན་མིན་རང་བཞིན་དང་། ཚན་རིག་རང་བཞིན། ལྟད་མོ་རང་བཞིན་བཅས་ཀྱིས་ས་གཤིས་རིག་པ་དང་། རང་བྱུང་ས་ཁམས་རིག་པ། ས་དབྱིབས་རིག་པ། ཁོར་ཡུག་སྐྱེ་ཁམས་རིག་པ། མི་ཆོས་ས་ཁམས་རིག་པ་སོགས་རིག་གཞུང་ཚན་ཁག་གིས་ཚན་རིག་དང་མཐུན་པའི་རྟོག་ཞིབ་དང་། ཚན་རིག་ཁྱབ་གདལ་གྱི་སློབ་གསོ། ཡུལ་དངོས་དངོས་སྦྱོང་བཅས་ལ་ཡང་དཔེ་མཚོན་གྱི་དོན་སྙིང་གལ་ཆེན་ལྡན་པས་གདོད་མའི་རྣམ་པ་རྒྱུན་སྲུང་བཟང་པོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཏུ་མངོན།
བུ་ཕྲུག་ཚོའི་རེ་བ་ལྟར་དུ་ང་ཚོས་ཀྱང་མཚོ་གྲུའི་སྤ་སེ་ཉོས་ཏེ་མཚོ་གྲུར་བསྡད། ཨ་མ་འབྲུག་མཚོའི་དཀྱིལ་དབུས་སུ་སླེབས་པ་ན་གཡས་གཡོན་རྔམ་བརྗིད་ཀྱིས་འགྱིང་བའི་གཡང་གཟར་བྲག་རིར་བལྟས་ན་འཇིགས་ཡེར་གྱི་ཉམས་སྣང་སྟེར་ཞིང་། བྲག་རིའི་ལྡེབས་སུ་གསོམ་པ་དང་སུ་རུ། སྤེན་དཀར་སོགས་སྔོ་ལྗང་ལྗང་གི་ནགས་ཚལ་གྱིས་བརྒྱན་ཡོད་པས།ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱི་རི་མོ་ཞིག་མིག་མདུན་དུ་ལྷུན་གྱིས་གྲུབ་འདུག མཚོ་གྲུར་བསྡད་དེ་ཨ་མ་འབྲུག་མཚོའི་ཕུགས་སྟོད་དུ་ཕྱིན་པ་ན། རི་སྒང་གི་ལྡེབས་ངོས་སུ་ལྷ་ཁང་ཞིག་བཞེངས་པ་མཐོང་འོངས་ཤིང་། དེ་ལ་འབྲུག་མཚོའི་མཆོད་ཁང་ངམ་ཁྲང་ཡེ་མཆོད་ཁང་ཡང་འབོད། དེ་ནས་ང་ཚོ་ཕྱིར་རི་རྩར་བབས་ནས་དྲོས་ཇ་འགྲངས་ཚད་ཅིག་བྲེལ་སྟབས་ཀྱིས་འཐུང་སྟེ།འཆར་གཞིའི་ཡུལ་སྐོར་ས་ཚིགས་རྗེས་མའི་ཕྱོགས་སུ་འཕྲུལ་གྱི་འཁོར་ལོ་མི་བསྒྱུར་ག་མེད་བྱུང་ངོ་། །