དཔལ་ས་སྐྱ་ལྷ་ཁང་མཁན་ཆེན་བྱམས་པ་མཐུ་སྟོབས་སེང་གེ་ནས་མཛད།
འཇམ་མགོན་བླ་མའི་དགོངས་རྫོགས་དུས་ཆེན་ལ།
ཆོས་ལྡན་སཱ་ལའི་སྨན་ལྗོངས་ཡངས་པའི་གཞིར། །
ཆོས་དང་རིག་གཞུང་བསྟན་པ་སྤེལ་མཛད་པའི། །
ཆོས་ཀྱི་རྒྱལ་པོ་མཁན་སློབ་ཆོས་གསུམ་ལ། །
ཆོས་བརྒྱད་ཁྲི་བ་བཅད་ནས་ཕྱག་བགྱིད་དོ། །
འཛད་མེད་ལེགས་བཤད་གཏེར་གྱི་བང་བ་ནས། །
བཅུ་ཕྲག་རིག་པའི་ནོར་མཆོག་བསམ་འཕེལ་དབང་། །
ཁ་བའི་ལྗོངས་འདིར་འོད་ཟེར་འབུམ་དང་ལྷན། །
ལེགས་པར་དྲངས་མཛད་འཇམ་མགོན་ས་པཎ་རྒྱལ། །
དེ་ལ་མཆོད་པར་བརྗོད་པ་སྔོན་དུ་གཏང་ནས་གང་གླེང་བར་བྱ་བ་ནི།
སྔོན་འགྲོའི་མཚམས་སྦྱར་དང་། སྐབས་དོན་རི་མོའི་སྐོར་ལ་དཔྱད་པ་གཉིས་ལས།
དང་པོ། སྔོན་འགྲོའི་མཚམས་སྦྱར་ནི།
དེ་ཡང་ལོ་རྒྱུས་དང་རིག་གནས་དུ་མས་ཕྱུག་པའི་སྨན་ལྗོངས་སཱ་ལའི་ཞིང་འདིར། མཁས་པའི་དབང་པོ་རྒྱུ་སྐར་གྱི་གྲངས་བཞིན་བྱོན་ནས། བསྟན་དང་འགྲོ་བའི་དོན་དུ་རླབས་ཆེན་གྱི་ཕྱག་རྗེས་ཇི་སྙེད་ཅིག་འཇོག་པར་མཛད་པ་རྣམས་འགོག་མེད་དྲན་པའི་ངོས་སུ་ཤར་ཐེངས་རེར་དད་གུས་ཀྱི་བ་སྤུ་མི་ལྡང་བ་ཅི་ལ་སྲིད། དེ་ཡང་ལོས་ཡིན་ང་ཚོའི་མི་རིགས་འདི། ལོ་རྒྱུས་དང་། རིག་གནས། གོམས་གཤིས་སོགས་ཕུན་སུམ་ཚོགས་ཤིང་། རང་བཞིན་གྱིས་བྱམས་པ་དང་སྙིང་རྗེ་ཆེ་བ། གཡོ་སྒྱུ་མེད་པ་སོགས་འཛམ་གླིང་གང་སར་སྙན་གྲགས་ཀྱིས་ཁྱབ་པ་འདི་ཡང་མཁས་མཛངས་ལྡན་པའི་མེས་པོ་རྣམས་ཀྱིས་སྐྱེས་སྦྱངས་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཞིག་ཡིན་པ་གོར་མ་ཆག ལྷག་པར་དུ་རྒྱུ་སྐར་གྱི་དབུས་ན་ཟླ་བ་ལྟར་མཁས་པའི་དབུས་ན་གཙུག་གི་ནོར་བུ་ལྟར་འཕགས་པ་རང་མི་རིགས་འདི་ལ་འཁོར་ལོ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཁ་མིན་དོན་གྱིས་མཛད་རྗེས་བླ་མེད་འཇོག་གནང་མཛད་མཁན་འཛམ་གླིང་མཁས་པ་ཀུན་གྱི་ཡང་རྩེ། འཇམ་པའི་དབྱངས་མི་ཡི་ཤ་ཚུགས་འཛིན་པ། ངེས་པ་དོན་གྱི་མཧཱ་པཎྜི་ཏ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པར་གྲགས་པའི་སྐྱེས་བུ་ཆེན་པོ་དེས་རང་མི་རིགས་ལ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་ཕྱག་རྗེས་བླ་ན་མེད་པ་མང་པོ་ཞིག་འཇོག་གནང་ཡོད། དེ་ཡང་འཇམ་མགོན་བླ་མ་མ་བྱོན་པའི་སྔོན་རོལ་དུ་རང་རེའི་བོད་ལ་རིག་གནས་བཅུའི་བཤད་སྲོལ་དང་ལག་ལེན་ཅུང་ཟད་ཡོད་མོད་རིག་གནས་བཅུ་ཞེས་པའི་ཐ་སྙད་བྱུང་མེད་ལ་ནང་དོན་ཡང་མཐུས་འཁོ་ཚང་བ་བྱུང་མེད། འོན་ཀྱང་འཇམ་མགོན་བླ་མས་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ཐ་སྙད་སྲོལ་གཏོད་མཛད་པ་ནས་བཟུང་ད་ལྟའི་བར་དུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཡོད། དེ་དག་ཀྱང་གཞུང་ལུགས་ཙམ་མ་ཡིན་པར། བསྟན་འགྲོར་སྨན་པའི་ཕྱིར་དུ་ལག་ལེན་ངོ་མའི་སྟེང་ནས་ཉམས་བཞེས་མཛད་ཡོད་པ་སྟེ། དཔེར་ན། བཟོ་ཡི་སྐོར་ལ། འབུར་བཟོ་ནི། དཔལ་ས་སྐྱའི་ངོ་མཚར་རྟེན་བཞིའི་ནང་ཚན་འཇམ་དབྱངས་གཟི་འོད་འབར་བའི་སྣང་བརྙན་བྱིན་ཆེན་དེའི་སྐུ་གཟུགས་ཀྱི་རུ་ཤིང་དང་སྦྲ་བཟོ་ལ་སོགས་པ་ཆོས་རྗེ་ཉིད་ཀྱིས་མཛད་པ་ཡིན་གསུངས། འདི་ནི་དུས་ཕྱིས་འཛམ་གླིང་བཟོ་རིག་པ་ལ་མཁས་པ་ཀུན་འཛོམ་ནས་བཟོས་ཀྱང་འགྲན་མི་ནུས་པ་ནི་ད་ལྟ་དངོས་སུ་ས་སྐྱ་དགོན་པར་བཞུགས་ཡོད་པས་དེ་མཇལ་བ་ཙམ་གྱིས་མཁྱེན་པར་ངེས། བྲིས་རིས་ལ། རྩ་རྒྱུད་ནས་བཤད་པའི་བྲིས་སྐུའི་བཀོད་པ་དར་གྱི་ངོས་ལ་བྲིས་པ་གཅིག་དང་། དབུ་རྩེར་འཇམ་དབྱངས་ལྟག་བྲིས་མ་དང་། བསམ་ཡས་གཙུག་ལག་ཁང་གི་གྱང་ངོས་ཀྱི་སྡོམ་བརྩོན་དམ་པ་སོགས་མང་དུ་ཡོད་ཀྱང་དེ་དག་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་ཉམས་ཆག་ཏུ་སོང་བས་ད་ལྟ་བཞུགས་མེད། དེས་མཚོན་རིག་གནས་གཞན་ལ་ཡང་ཉམས་བཞེས་མཛད་ཡོད་པའི་སྐོར་ཞིབ་པར་མཁྱེན་འདོད་ན་རྗེ་ཉིད་ཀྱི་རྣམ་ཐར་ནང་གསལ།
གཉིས་པ། སྐབས་དོན་རི་མོའི་སྐོར་ལ་དཔྱད་པ་ལ།
༡ སྡོམ་བརྩོན་དམ་པའི་ཐ་སྙད། ༢ རི་མོ་དེ་ཇི་ལྟར་བྱུང་ཚུལ། ༣ དེ་ལ་འབྲི་སྟངས་མི་འདྲ་བ་བྱུང་ཚུལ། ༤ གང་ཞིག་ཁུངས་དག་ཡིན་མིན་བཞི་ལས།
༡ སྡོམ་བརྩོན་དམ་པའི་ཐ་སྙད་ནི།
སྡོམ་བརྩོན་དམ་པ་ཞེས་པ་ནི། མཚོ་ཞིག་གི་ནང་ནས་མེ་ཏོག་པད་མའི་སྡོང་པོ་ཞིག་སྐྱེས་ཤིང་དབུས་ཀྱི་མེ་ཏོག་གི་ཟེའུ་འབྲུའི་སྟེང་དུ་ཕྱག་མཚན་རལ་གྲི་དང་བཅས་པ། གཡས་གཡོན་གྱི་ཡལ་ག་དང་མཚོའི་སྟེང་དུ་བྱ་ལུས་གཅིག་ལ་མགོ་གཉིས་ཡོད་པའི་རི་མོ་ཞིག་དང་དེའི་འོག་འགྲེལ་བཤད་ཞིག་ཡོད་པ་ལ་ངོས་འཛིན། དེ་ལ་མིང་གི་རྣམ་གྲངས་ལ་སྡོམ་བརྩོན་དམ་པ། ཕྱག་མཚན་རི་མོ། མེ་བསྲུང་འཁོར་ལོ་ཅེས་ཀྱང་བརྗོད།
༢ རི་མོ་དེ་ཇི་ལྟར་བྱུང་ཚུལ་ནི།
དེ་ཡང་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་བསམ་ཡས་ཀྱི་བཙན་པོ་ཤཱཀྱ་མགོན་གྱིས་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་དུ་ཆོས་འཁོར་གྱིས་གདུལ་བྱ་ཚིམ་པར་མཛད་པའི་སྐབས་ཤིག་ལ། མ་འོངས་པ་ན་གནས་དེར་དུས་ཀྱི་དབང་གིས་མེའི་གནོད་པ་འབྱུང་བ་ལུང་བསྟན་པ་ན། དེ་ཞི་བའི་ཕྱིར་དང་། སྔོན་བྱོན་སྐྱེས་བུ་དམ་པ་མཁན་སློབ་ཆོས་གསུམ་དང་། ལོ་པཎ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་དུ་སྡོམ་བརྩོན་དམ་པ་ཞེས། བཀྲ་ཤིས་ཞིང་རྟེན་འབྲེལ་ལེགས་པའི་རི་མོ་དེ་དང་། དེའི་གཤམ་དུ་ཕུན་སུམ་ཚོགས་ཤིང་སྙན་འཇེབས་ལྡན་པའི་འགྲེལ་བཤད་དེ་དག་མཛད། འགྲེལ་བཤད་ནི།
༄༅། །ཨོ་སྭ་སྟི་སིདྡྷྃ། སྡོམ་བརྩོན་དམ་པ་དཔལན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སྩོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མིའི་བདག་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་འཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་དགུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །བདག་ཀྱང་སྔོན་བྱས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཚེ་རབས་སྔ་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདི་ན་མཁས་པར་མཁས་འཆེ་ཞིང་། །ལན་བརྒྱར་འཆད་དང་ཉན་པར་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱོད་ན་ཕྱོགས་རེའི་མིག་ཅན་ཡིན། །འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་འདི་གཙུག་ལག་ཁང་ལ་ཕན་པའི་རྟེན་འབྲེལ་ཅིག་ཡོད་པས་དཔལ་ལྡན་ས་སྐྱ་པས་བྲིས་པ་ཡིན། ཅུང་ཟད་རི་མོ་མ་མཛེས་ཀྱང་མཚན་མོ་བྲིས་པ་དང་པིར་ལ་སྩོགས་པ་མ་འཛོམ་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཅིག་ཡོད། ཅེས་པ་རྣམས་བསམ་ཡས་གཙུག་ལག་ཁང་གི་བར་ཁྱམས་ལ་རྗེ་ཉིད་ཀྱིས་འབྲི་བར་མཛད་དོ། །
༣ དེ་ལ་འབྲི་སྟངས་མི་འདྲ་བ་བྱུང་ཚུལ།
ཕྱག་མཚན་རི་མོ་དེའི་འབྲི་སྲོལ་ཐད་ལ་མཚོའི་སྟེང་དུ་མེ་ཏོག་པདྨ། དེའི་སྟེང་དུ་རལ་གྲི། པདྨའི་གཡས་གཡོན་གཉིས་ཀྱི་མཚོ་སྟེང་དུ་ངང་པ་དཀར་སེར་མགོ་
གཉིས་ཅན་གཉིས། སྟེང་གི་པདྨའི་གཡས་གཡོན་གཉིས་ལ་རྨ་བྱ་དང་ནེ་ཙོ་མགོ་གཉིས་ཅན་གཉིས་བཅས་བྱ་བཞི་འབྲི་བའི་ཚུལ་གཅིག་དང་། མཚོ་སྟེང་དུ་པདྨ་དང་། དེའི་སྟེང་རལ་གྲི་པདྨའི་གཡས་གཡོན་གཉིས་ལ་ངང་སེར་མགོ་གཉིས་དང་། ནེ་ཙོ་མགོ་གཉིས་བཅས་བྱ་གཉིས་འབྲི་བའི་ཚུལ་གཅིག །གཞན་ཡང་པདྨའི་སྟེང་དུ་གླེགས་བམ་འབྲི་བ་སོགས་དུ་མ་སྣང་། བྱ་བཞི་འབྲི་བའི་ལུགས་དེ་ནི་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་རྩེ་ཐོག་གི་བླ་མ་ལྷ་ཁང་ནང་དུ་སྡེབས་བྲིས་རྙིང་པ་ལོ་ངོ་ལྔ་རྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཞིག་ད་ལྟ་ཡང་མཇལ་རྒྱུ་ཡོད།
དེ་དང་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་གྱི་པཎ་ཆེན་སྐུ་ཕྲེང་བཞི་པའི་སྐུ་ གདུང་གི་མདུན་གྱི་བར་ཁྱམས་ལ་ལོ་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལོགས་བྲིས་ལ་ཡང་བྱ་བཞི་འབྲི་བ་ཞིག་མཇལ་རྒྱུ་ཡོད། ད་དུང་བཀྲིས་ལྷུན་པོའི་དགོན་གྱི་ཚོགས་ཆེན་འདུ་ཁང་གི་རྡོ་བཅའ་གྱི་བར་ཁྱམས་ལ་ཡང་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བྱ་བཞི་བྲིས་པའི་སྡོམ་བརྩོན་དམ་པ་ཞིག་ཡོད། བྱ་གཉིས་འབྲི་བའི་རི་མོ་དེ་ནི་ས་སྐྱ་དགོན་གྱི་དངུལ་གདུང་རིག་འཛིན་ལྷ་ཁང་ནང་གི་སྒོ་རྒྱབ་ན་བྲིས་བྱ་ཅུང་རྙིང་པ་ཞིག་དང་། བསམ་ཡས་དགོན་གྱི་ཤར་སྒོ་འཇམ་དཔལ་གླིང་དང་བསམ་ཡས་གཙུག་ལག་ཁང་གི་བར་ཁྱམས་ལ་ཡང་སྡེབས་བྲིས་ཅུང་རྙིང་པ་ཞིག་ཡོད། ད་དུང་དགོན་པ་ཁག་ཅིག་གི་སྡེབས་རིས་ལ་ཡང་ཡོད། དེ་དག་ལ་དཔོན་སློབ་ངག་དབང་ལེགས་སྒྲུབ་ཀྱི་འགྲེལ་བཤད་ཞིག་ཀྱང་ཡོད།
༤ གང་ཞིག་ཁུངས་དག་ཡིན་མིན་ནི།
འོ་ན་གང་ཞིག་ཁུངས་དག་ཡིན་ནམ་ཞེ་ན། སྡོམ་བརྩོན་དམ་པ་གསར་གཏོད་མཛད་མཁན་ནི་ཆོས་ཀྱི་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་གང་ཉིད་ཡིན་པས་ཁོང་གིས་སྲོལ་གཏོད་པའི་ཕྱག་མཚན་རི་མོ་འཁྲུལ་བ་མེད་པ་ནི། བྱ་བཞི་འབྲི་བའི་ཚུལ་འདི་ཁོ་ན་ཡིན་ཏེ། ཆོས་རྗེ་ཉིད་ཀྱིས་ཕྱག་སོར་ལས་གྲུབ་པའི་ཕྱག་མཚན་རི་མོ་དེ། ལོ་བརྒྱད་བརྒྱའི་སྔོན་ལ་བསམ་ཡས་གཙུག་ལག་ཁང་ཆེན་མོའི་བར་ཁྱམས་སུ་བཞུགས་ཡོད་ཀྱང་། དུས་ཕྱིས་གཙུག་ལག་ཁང་ལ་ཉམས་ཆག་བྱུང་བའི་རྐྱེན་གྱིས་ད་ལྟའི་ཆར་མཇལ་རྒྱུ་མེད། འོན་ཀྱང་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་བཀའ་དྲིན་ལྷག་པར་ཆེ་བ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་མཆོག་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དུ་ཕེབས་སྐབས། ཆོས་རྗེ་ཉིད་ཀྱིས་བྲིས་གནང་བའི་ཕྱག་མཚན་རི་མོ་དེ་ཇི་མ་ཇི་བཞིན་འདྲ་བཤུས་མཛད་ནས་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་རྩེ་ཐོག་གི་བླ་མ་ལྷ་ཁང་ནང་དུ་བྲིས་གནང་ཡོད་པ་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད་ལ་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། འོ་ན་དེ་འཇམ་མགོན་བླ་མས་ཕྱག་བྲིས་ཡིན་པའི་དཔང་རྟགས་ག་རེ་ཡོད་སྙམ་ན། གོང་གི་ཕྱག་མཚན་རི་མོ་དང་དེའི་ཞལ་བྱང་གི་མཇུག་ཏུ། དོན་གྲུབ་བཅས་པ་ས་མོ་ལུག་ལོར་དཔལ་བསམ་ཡས་ཀྱི་ཁྲ་ཐོག་ཏུ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་སླེབས་སྐབས་ངོས་བཤུས་འབྲུ་ལེན་བྱས་པ་ཡིན་པས་ལྷག་ཆད་མེད། སྔར་གཞན་གྱིས་བཤུས་པ་རྣམས་ལ་ལྷག་ཆད་མང་པོ་གདའ། སུ་དག་བསམ་ཡས་རང་དུ་གཏུགས་ལ་གཟིགས་མཛོད། ཆུ་བྲིས་ལ་སོགས་པའི་ཚོན་འདི་རྣམས་མཛེས་ཚོན་བྱས་པ་ཡིན། ཞེས་གསུངས་པ་ནི་སྒྲུབ་བྱེད་བླ་ན་མེད་པ་ཞིག་གོ
གཞན་ཡང་གཞིས་རྩེ་བཀྲ་ཤིས་ལྷུན་པོའི་པཎ་ཆེན་སྐུ་ཕྲེང་བཞི་པའི་སྐུ་གདུང་གི་མདུན་གྱི་བར་ཁྱམས་ཀྱི་ལོགས་བྲིས་དེའི་གཤམ་ལ་ཡང་འགྲེལ་བཤད་ཞིག་ཡོད་དམ་སྙམ་འོན་ཀྱང་ད་ལྟ་མཇལ་རྒྱུ་མིན་འདུགཁོ་བོས་བསམ་པར་དེ་སྐོར་གྱི་ལྡེབ་རིས་རྣམས་རྙིང་པ་ཡིན་ཀྱང་རི་མོའི་གཤམ་གྱི་སྐེད་དཀྲིས་དེར་མཚོན་གསར་པ་བཏང་འདུག་པས་ཕལ་ཆེར་དེའི་འོག་ལ་འགྲེལ་བཤད་རྣམས་ཡོད་ཤས་ཆེ་སྙམ་པའི་དོགས་པ་མཆིས།ས་སྐྱའི་བླ་མ་ལྷ་ཁང་གི་བྲིས་བྱ་དེ་དང་ཅུང་ཟད་མི་མཐུན་པ་ཡོད་པ་ནི།ས་སྐྱའི་དེ་ལ་བྱ་ནེ་ཙོ་དེ་པདྨའི་གཡོན་ཕྱོགས་དང་།རྨ་བྱ་དེ་པདྨའི་གཡས་ཕྱོགས་ལ་བྲིས་ཡོད་པ་དང་།བཀྲ་ཤིས་ལྷུན་པོའི་དེ་ལ་བྱ་གཉིས་པོ་དེ་ལས་གོ་ལྡོག་ཏེ་བྲིས་འདུག་པ་མ་གཏོགས་རི་མོ་ཕལ་ཆེར་འདྲ་མཚུངས་རེད།གང་ལྟར་བྱ་བཞི་འབྲི་བའི་ཕྱག་མཚན་རི་མོ་དེ་ལ་སྒྲུབ་བྱེད་ཀྱི་ལུང་རིགས་མང་པོ་ཡོད་ལ།བྱ་གཉིས་འབྲི་བའི་རི་མོ་དེ་ལ་དཔོན་སློབ་ངག་དབང་ལེགས་སྒྲུབ་ཀྱི་འགྲེལ་བཤད་ཞིག་དང་།ས་སྐྱ་དགོན་དངུལ་གདུང་རིག་འཛིན་ལྷ་ཁང་ནང་གི་སྒོ་རྒྱབ་ན་བྲིས་བྱ་ཅུང་རྙིང་པ་ཞིག་དང་བསམ་ཡས་དགོན་གྱི་སྡེབས་རིས་ཅུང་རྙིང་པ་རྣམས་ལས་རྒྱུ་མཚན་དམིགས་བསལ་བཤད་རྒྱུ་མེད། །མཚོན་བྱེད་བྱ་བཞི་ཡིས་མཚོན་བྱ་ལོ་ཙཱ་བ་བཞི་མཚོན་པའི་ཚུལ་དེ།དཔོན་སློབ་ངག་དབང་ལེགས་སྒྲུབ་ཀྱིས་གསུངས་པ་ལྟར། བྱ་གཉིས་ཀྱིས་ལོ་ཙཱ་བ་བཞི་མཚོན་ཚུལ་ལ་སྦྱར་རྒྱུ་ཡོད་ཀྱང་། གོང་གི་རྒྱུ་མཚན་དེ་དག་གིས་འཇམ་མགོན་ས་པཎ་གྱི་དགོངས་པ་འཁྲུལ་པ་མེད་པ་ནི་བྱ་བཞི་ཁོ་ན་འབྲི་བའི་ཚུལ་འདི་ལས་མ་འདས།དེ་ལ་མཚོན་བྱེད་བྱ་གཉིས་ཀྱིས་ལོ་ཙཱ་བ་བཞི་མཚོན་ནུས་པས་དོན་གྱིས་ན་འགལ་བ་མེད་དོ་སྙམ་ན།
དེ་ནི་འཇམ་མགོན་བླ་མའི་དགོངས་པ་མ་ཡིན་ཏེ། གཞན་དུ་ན་བྱ་གཅིག་ཁོ་ནས་ཆོག་སྙམ།།དེས་ན་ཕྱི་རབས་པ་རྣམས་ཀྱིས་མཚོན་བྱ་མཚོན་བྱེད་མཚོན་ཚུལ་གསུམ་གྱི་སྒོ་ནས་འཇམ་མགོན་ས་པཎ་གྱིས་གསར་གཏོད་གནང་བའི་སྡོམ་བརྩོན་དམ་པ་འཁྲུལ་བ་མེད་པ་ཞིག་འབྲི་འདོད་ན་བྱ་བཞི་འབྲི་བའི་ཚུལ་འདི་ཁོ་ན་ཡིན་གྱི་དེ་ལས་གཞན་དུ་བྱ་གཉིས་དང་།གླེགས་བམ་ལ་སོགས་པའི་རི་མོ་སྣ་ཚོགས་བྲིས་པ་རྣམས་ནི་སོ་སོའི་རྣམ་རྟོག་གིས་གསར་གཏོད་མཛད་པའི་རི་མོ་ཡིན་ན་མ་གཏོགས་འཇམ་མགོན་ས་པཎ་གྱིས་མཛད་པའི་སྡོམ་བརྩོན་དམ་པ་ནི་མིན་པར་ངེས་སོ།།དོན་འདི་ལ་དགོངས་ཏེ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་ཀྱང་གཏམ་སྙན་བཞུགས་ཁྲིར་ས་སྐྱ་དགོན་པའི་བླ་མ་ལྷ་ཁང་གི་སྡོམ་བརྩོན་དམ་པ་དེ་ཇི་མ་ཇི་བཞིན་བཤུས་གནང་ཡོད།དེ་དག་གི་མཚོན་དོན་ནི།མཚོ་ཤིན་ཏུ་ཡངས་པ་དེ་ནི་མེ་ཡི་དགྲ་བོ་ཆུ་ཡིན་པས་དེ་ཞི་བའི་ཕྱིར་རམ།ཡང་ན་མཚོ་ཡི་མདོག་སྔོན་པོས་འགྱུར་བ་མེད་པའི་ཆོས་ཀྱི་སྐུ་མཚོན། དེ་ལས་པད་སྡོང་དང་། དེའི་སྟེང་གི་རལ་གྲིས་སློབ་དཔོན་པདྨ་འབྱུང་གནས་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཉིས་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ་གང་ལ་གང་འདུལ་གྱིས་བོད་གངས་ཅན་གྱི་ལྗོངས་འདིར་སྤྲུལ་པའི་སྐུར་བཞེངས་པ་མཚོན་ཏེ། པདྨས་སློབ་དཔོན་གྱི་མཚན་དང་སྐུའི་ཆེ་བ་བརྒྱད་ལས་མངལ་སྦུབས་ཀྱི་དྲི་མས་མ་གོས་ཤིང་པདྨའི་སྦུབས་ལས་འཁྲུངས་པའི་མཚན་ཆོས་གཉིས་དང་ལྡན་པ་མཚོན། རལ་གྲིས་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཚོན་ཏེ་སྤྲུལ་གཞིའི་མཚན་མ་ཡིན་པའི་ཕྱིར། དེ་གཉིས་དོན་ལ་ཡེ་ཤེས་གཅིག་པས་ཁྱད་པར་མེད་ཀྱང་། ཐ་སྙད་འདུལ་བྱའི་སྣང་ངོར་ཡོན་མཆོད་ཀྱི་རྣམ་པ་ཐ་དད་པས་རྟེན་དང་བརྟེན་པའི་ཚུལ་དུ་བཀོད་པའོ། །
པདྨའི་གཡས་ཕྱོགས་ཀྱི་རྨ་བྱ་མགྲིན་པ་གཉིས་ཅན་དེས་མཁན་ཆེན་ཞི་བ་འཚོ་མཚོན་ཏེ། ཕྱི་སྐུ་ལུས་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ཅིང་དམར་སེར་ངུར་སྨྲིག་གི་གོས་ཀྱི་ཀུན་ནས་མཛེས་ཤིང་རྒྱ་བོད་ཟུང་གི་སྐད་སྨྲ་བ་ལ་མཆོག་ཏུ་གྱུར་བས་སོ། །
དེའ་འོག་གི་ངང་དཀར་མགྲིན་པ་གཉིས་ཅན་དེས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་མཚོན་ཏེ། གསུང་རབ་ཀྱི་མཁའ་ལ་བགྲོད་པའི་རྣམ་དཔྱོད་ཀྱི་གཤོག་ཟུང་དང་ལྡན་ཞིང་སྐད་གཉིས་སྨྲ་བ་ལ་དོ་ཟླ་མེད་པས་སོ། །
གཡོན་ཕྱོགས་ཀྱི་ནེ་ཙོ་མགྲིན་པ་གཉིས་ཅན་དེས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་མཚོན་ཏེ། ཤེས་བྱའི་རྒྱ་མཚོར་རྣམ་དཔྱོད་ཀྱི་རྐྱལ་རྩལ་དང་ལྡན་ཞིང་རྒྱ་བོད་གཉིས་ཀྱི་ངག་སྨྲ་བ་ལ་ཐོགས་པ་མེད་པས་སོ། །
དེའི་འོག་གི་ངང་སེར་མགྲིན་པ་གཉིས་ཅན་དེས་མཁས་པ་ཆེན་པོ་ཀཱ་མ་ལ་ཤྲཱི་ལ་མཚོན་ཏེ། རིགས་པས་བརྟག་དཔྱད་མ་བྱས་པའི་རྟོག་པ་ཁ་ཚོམ་ལ་སྤྲོས་བྲལ་མཚན་ཉིད་པར་འདོད་པའི་ཧྭ་ཤང་མཧཱ་ཡ་ནའི་ལོག་རྟོག་དག་ལུང་རིགས་རྣམ་དག་གིས་སུན་འབྱིན་ནས་རིགས་པས་དཔྱད་པའི་སྤྲོས་བྲལ་གྱི་ལྟ་བ་སྨྲ་བ་ལ་འགྲན་ཟླ་མེད་ཅིང་རྒྱ་བོད་ཟུང་གི་སྐད་སྨྲ་བ་ལ་མཆོག་ཏུ་གྱུར་བས་སོ། །
དེ་ལྟར་ཕྱག་མཚན་རི་མོ་སྡོམ་བརྩོན་དམ་པའི་སྐོར་ལ་ཅུང་ཟད་དཔྱད་པ་འདི་ཡང་རང་མི་རིགས་ཀྱི་ཐུན་མིན་རིག་གཞུང་ལ་ལྷག་བསམ་དཀར་ཞིང་མཁྱེན་དཔྱོད་ཀྱི་འཇུག་པ་ཡངས་པའི་མཁས་དབང་རྣམ་པ་དང་། འབྱུང་འགྱུར་གྱི་རེ་བས་ཁེངས་པའི་བློ་གྲོས་གསར་བུ་བ་རྣམས་དང་། དགོན་པ་ཁག་གི་ནང་ལ་སྡོམ་བརྩོན་དམ་པ་འབྲི་མཁན་རྣམས་ལ་དཔྱད་གཞིར་ཕན་པའི་ཕྱིར་བྲིས་པ་འདི་ལ་གང་ཅིའི་ཐད་མྱོང་ཆ་ཞན་པས། འཁྲུལ་པ་ཡོད་ངེས་ལགས་ན་དགོངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན་མཁྱེན། །
ས་སྐྱ་དགོན་པའི་རྩེ་ལྷ་ཁང་གི་སྡེབས་རིས་གསར་དུ་འབྲི་ཤུ་བྱེད་པའི་དཔེ་མཚོན།
༄༅། །ཨོ་སྭ་སྟི་སིདྡྷྃ།
སྡོམ་བརྩོན་དམ་པ་དཔལྡན་ཞི་བ་འཚོ། །
བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །
བློ་གསལ་དབང་པོ་པདྨའི་ངང་ཚུལ་སྩོགས། །
སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །
བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །
ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །
སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །
དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །
མིའི་བདག་པོ་ཆོས་བཞིན་ས་སྐྱོང་བ། །
རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །
དཔའ་འཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །
སྐྱེ་དགུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །
བདག་ཀྱང་སྔོན་བྱས་ལས་ཀྱི་འཕེན་པ་ཡིས། །
སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །
འོན་ཀྱང་ཚེ་རབས་སྔ་མའི་བསོད་ནམས་མཐུས། །
ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །
རྩོད་དུས་འདི་ན་མཁས་པར་མཁས་འཆེ་ཞིང་། །
ལན་བརྒྱར་འཆད་དང་ཉན་པར་མངོན་བརྩོན་པ། །
དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །
རྣམ་པར་དཔྱོད་ན་ཕྱོགས་རེའི་མིག་ཅན་ཡིན། །
འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་འདི་གཙུག་ལག་ཁང་ལ་ཕན་པའི་རྟེན་འབྲེལ་ཅིག་ཡོད་པས་དཔལ་ལྡན་ས་སྐྱ་པས་བྲིས་པ་ཡིན། ཅུང་ཟད་རི་མོ་མ་མཛེས་ཀྱང་མཚན་མོ་བྲིས་པ་དང་པིར་ལ་སྩོགས་པ་མ་འཛོམ་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཅིག་ཡོད།།
༄༅།། དོན་གྲུབ་བཅས་པ་ས་མོ་ལུག་ལོ་དཔལ་བསམ་ཡས་ཀྱི་ཁྲི་ཐོག་ཏུ།
སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་སླེབ་སྐབས།
ངོས་བཤུས་འབྲུ་ལེན་བྱས་པ་ཡིན་པས་ལྷག་ཆད་མེད།
སྔར་གཞན་གྱིས་ཤུས་པ་རྣམས་ལ་ལྷག་ཆད་མང་པོ་གདའ།
སུ་དག་བསམ་ཡས་རང་དུ་བཏུགས་ལ་གཟིགས་མཛོད།