༄༅།། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-17




སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ། དཀོན་རྡོས་པར་བླངས།

   རང་རྒྱལ་གྱི་རྩ་ཁྲིམས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་ཅེས་གཏན་འབེབས་བྱས་ཡོད།

   རྩ་ཁྲིམས་ནང་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པའི་སྐོར་གྱི་གཏན་འབེབས་གཞིར་བཟུང་ཐོག་རྒྱལ་ཁབ་ཀྱིས་ཞིབ་ཕྲའི་སྲིད་ཇུས་བཏོན་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་བརྩི་འཇོག་དང་སྲུང་སྐྱོབ་གནང་ཡོད་པ་དང་། གྲངས་ཉུང་མི་རིགས་སྤྱི་དམངས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཐམས་ཅད་འགན་སྲུང་གནང་ཡོད།
   གཅིག་ནས་ཆོས་དད་རང་མོས་བྱེད་ཆོག་པ། ཆོས་དད་རང་མོས་ཟེར་བ་ནི་སྤྱི་དམངས་ཚང་མར་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ་དང། ཆོས་འདི་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་དེ་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ། ཆོས་ལུགས་གཅིག་གི་ནང་གྲུབ་མཐའ་འདི་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་གྲུབ་མཐའ་དེ་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ། སྔོན་ཆད་ཆོས་ལ་དད་པ་མི་བྱེད་པ་དང་ད་ཆ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་སྔོན་ཆད་ཆོས་ལ་དད་པ་བྱས་པ་དང་ད་ཆ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ་བཅས་ལ་ཟེར་བ་ཡིན། རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ཆོས་ལ་དད་པ་བྱེད་པའི་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་གནང་གི་ཡོད་ལ་སྤྱི་དམངས་ཀྱི་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ལའང་བརྩི་འཇོག་དང་སྲུང་སྐྱོབ་གནང་གི་ཡོད། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་སུ་འདྲ་ཞིག་གིས་ཀྱང་སྤྱི་དམངས་ཆོས་ལ་དད་པ་བྱེད་དུ་འཇུག་པ་དང་དད་པ་བྱེད་དུ་མི་འཇུག་པའི་བཙན་ཤེད་བྱེད་མི་ཆོག ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག ཆོས་ལ་དད་པ་བྱེད་མཁན་དང་ཆོས་ལ་དད་པ་མི་བྱེད་མཁན་མང་ཚོགས་བར་དང་། ཆོས་ལུགས་མི་འདྲ་དང་གྲུབ་མཐའ་མི་འདྲ་བར་དད་པ་བྱེད་མཁན་མང་ཚོགས་བར་ཚང་མས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་མཐུན་སྒྲིལ་བྱ་དགོས། མང་ཚོགས་མང་ཆེ་བས་ཆོས་ལ་དད་པ་མི་བྱེད་པའི་ས་ཆར་ཆོས་ལ་དད་པ་བྱེད་མཁན་མང་ཚོགས་ཉུང་ཤས་ཀྱི་ཁེ་དབང་ལའང་བརྩི་འཇོག་དང་སྲུང་སྐྱོབ་བྱ་རྒྱུར་དོ་སྣང་བྱ་དགོས་པ་དང་། མང་ཚོགས་མང་ཆེ་བས་ཆོས་ལ་དད་པ་བྱེད་པའི་ས་ཆར་ཆོས་ལ་དད་པ་མི་བྱེད་པའི་མང་ཚོགས་ཉུང་ཤས་ཀྱི་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱ་རྒྱུར་དོ་སྣང་བྱ་དགོས།
   གཉིས་ནས་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པ་ནི་ཆོས་ལུགས་བྱེད་སྒོ་རྣམས་གཅུན་འདོམས་གང་ཡང་མེད་པར་སྤེལ་དུ་འཇུག་པ་ཞིག་གཏན་ནས་མིན་པར་སྤྱི་དམངས་ཀྱིས་ཆོས་དད་རང་མོས་ཀྱི་ཁེ་དབང་ལོངས་སུ་སྤྱོད་པ་དང་ཆབས་ཅིག་ངེས་པར་དུ་ཁྲིམས་ལུགས་ནང་གཏན་འབེབས་བྱས་པའི་འོས་འགན་འཁུར་དགོས། ཀྲུང་གོར་ཆོས་ལུགས་གང་རུང་ཚུད་མི་སུ་འདྲ་ཞིག་དང་ཚོགས་པ་སུ་འདྲ་ཞིག་ཚང་མས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་། ཁྲིམས་ལུགས་ཀྱི་ལ་རྒྱ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བཅས་བྱ་དགོས།
   གསུམ་ནས་རང་ཚུགས་རང་བདག་དང་རང་གཉེར་གྱི་ཆོས་ཚོགས་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ། རང་རྒྱལ་གྱི་རྩ་ཁྲིམས་ནང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ཐོག་ཕྱི་རྒྱལ་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས་པའི་གཏན་འབེབས་བྱས་ཡོད། ཀྲུང་གོའི་ཆོས་ལུགས་སོ་སོས་ངེས་པར་དུ་རང་ཚུགས་རང་བདག་དང་རང་གཉེར་གྱི་ཆོས་ཚོགས་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཛའ་མཐུན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་གི་ཆོས་ལུགས་རྩ་འཛུགས་དང་ཆོས་ཕྱོགས་མི་སྣ་དང་མཛའ་མཐུན་འགྲོ་འོང་གི་བྱེད་སྒོ་སྤེལ་དགོས་ཀྱང་། དུས་མཚུངས་སུ་ཕྱི་རྒྱལ་གྱི་ཆོས་ལུགས་དགྲ་འཛིན་སྟོབས་ཤུགས་ཀྱིས་རང་རྒྱལ་ཆོས་ལུགས་ཀྱི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ལ་བསྐྱར་དུ་ཁ་ལོ་བསྒྱུར་རྒྱུའི་རེ་ངན་འཆང་བར་དོགས་ཟོན་བྱ་དགོས། དེ་ནི་རང་རྒྱལ་དུ་དེ་སྔ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཕྲོག་བཅོམ་ཡུན་རིང་ཕོག་པ་དང་ཆོས་ལུགས་རེ་འགའ་བཙན་རྒྱལ་རིང་ལུགས་ཀྱིས་ཁ་ལོ་བསྒྱུར་བ་དང་བེད་སྤྱོད་བྱས་པའི་ལོ་རྒྱུས་དོན་དངོས་ལ་གཞིགས་ཏེ་རང་རྒྱལ་གྱི་ཆོས་དད་མང་ཚོགས་ཚོས་རང་བདག་གིས་གདམ་ག་བྱས་པ་ཞིག་ཡིན། དེར་བརྟེན་ཕྱི་ཕྱོགས་ཀྱི་ཆོས་ལུགས་ཚོགས་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རང་རྒྱལ་ནང་ལོགས་སུ་ཆོས་ལུགས་རྩ་འཛུགས་འཛུགས་པ་དང་། དོན་གཅོད་ལས་ཁུངས་འཛུགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་པའམ་ཡང་ན་ཆོས་ལུགས་སློབ་གྲྭ་གཉེར་བ་བཅས་བྱེད་མི་ཆོག་པ་དང་། ཀྲུང་གོའི་སྤྱི་དམངས་ཀྱི་ཁྲོད་དུ་ཆོས་པ་འཇུག་པ་དང་ཆོས་ལུགས་ལས་མི་བསྐོ་བ་དང་ཆོས་ལུགས་བྱེད་སྒོ་གཞན་དག་སྤེལ་བ་བཅས་བྱེད་མི་ཆོག།

   བཞི་ནས་ཆོས་ལུགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ། ཆོས་ལུགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཀྱིས་ཆོས་ལུགས་ཐད་བཏོན་པའི་བླང་བྱ་ཡིན། སྒོ་ཀུན་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་ཡང་དག་པ་བསྟར་རྒྱུ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུའི་དམིགས་ཡུལ་ནི་ཆོས་ལུགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱས་ཏེ་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1