༄༅།། འཚམས་རིང་ཇོ་བོའི་ལོ་རྒྱུས་གསང་བ།

འཇིགས་མེད་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19




འཇིགས་མེད་ཀྱིས་བྲིས་ཤིང་པར་བླངས། 




འཚམས་རིང་ཇོ་བོ།
        སྤྱིར་བོད་ལ་ལྷ་སའི་ཇོ་བོ་དང་ལྷ་སྒང་ཇོ་བོ་སོགས་ཇོ་བོའི་སྐུ་གྲགས་ཅན་མང་ཙམ་ཡོད། འོན་ཀྱང་ཁོང་ཚོའི་ལོ་རྒྱུས་ཀྱི་བྱུང་རིམ་དང་རིག་གནས་ཀྱི་ངོ་བོ་ལ་ནི་ད་ལྟ་ལྟོས་བཅས་སུ་གཅིག་གྱུར་གྱི་བཤད་སྟངས་ཤིག་ཆགས་ཡོད་པར་སྙམ། ཨ་མདོ་རྔ་བ་ན་ཡོད་པའི་འཚམས་རིང་ཇོ་བོ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་གི་དོན་སྙིང་ཆེན་པོ་ལྡན་རུང་ད་ལྟའི་བར་དུ་ཞིབ་འཇུག་དང་རྟོག་ཞིབ་ལ་ཕེབས་མཁན་གཅིག་ཀྱང་མི་འདུག སྐབས་ལེགས་གཅིག་གིས་འཚམས་རིང་ཇོ་བོའི་སྐུ་མདུན་དུ་དངོས་སུ་ལུས་མཇལ་བྱེད་ཐུབ་པའི་སྐལ་བ་ཐོབ། འབྲེལ་ཡོད་ཀྱི་ལོ་རྒྱུས་དཔེ་རྙིང་དང་ས་གནས་དེའི་དམངས་ཁྲོད་ཀྱི་ངག་རྒྱུད་གང་མང་ཞིག་ལ་ལྟ་ཀློག་དང་ཞིབ་འཇུག་བྱས་ནས་འཚམས་རིང་ཇོ་བོའི་རིག་གནས་དང་ལོ་རྒྱུས་འབྱུང་ཁུངས་ལ་གང་ནུས་གང་ཐུབ་ཀྱིས་དཔྱད་པ་བྱས་པ་ཡིན།


འཚམས་རིང་ཇོ་ཁང་།

        འཚམས་རིང་ཇོ་བོ་ནི་ཨ་མདོ་རྔ་བ་རྫོང་སྒོ་མང་ཡུལ་ཤོག་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་གསུམ་ཡས་མས་ཀྱི་འཚམས་རིང་སྡེ་པའི་སྒར་པ་འགབ་མ་ཚང་ཞེས་པའི་ཁྱིམ་ཚང་དུ་ཡོད་ཅིང་། ནམ་རྒྱུན་རྔ་ཡུལ་སྟོད་སྨད་བར་གསུམ་གཙོས། ཕྱོགས་བཞི་མཚམས་བརྒྱད་ནས་དད་ལྡན་གྱི་མཇལ་བ་རྣམས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཡོང་བཞིན་ཡོད་ལ། ད་དུང་ལྷ་སའི་ཇོ་བོར་མ་མཇལ་གོང་། འཚམས་རིང་ཇོ་བོར་མཇལ་དགོས་ཞེས་པའི་བཤད་སྲོལ་ཡང་འདུག
        འཚམས་རིང་ཇོ་བོའི་ལོ་རྒྱུས་འབྱུང་ཁུངས་ལ་དཔྱད་པ་བྱེད་དགོས་ན་སྔོན་ལ་འཚམས་རིང་དཔོན་པོ་ཞེས་པའི་ལོ་རྒྱུས་མི་སྣ་ཞིག་ཡོད་མེད་ལ་དཔྱད་དགོས་པར་སྙམ། ལ་ལས་འཚམས་རིང་དཔོན་རྒན་ཞེས་པའི་མི་ཞིག་བྱུང་མེད་ཞེས་བཤད་མོད། འོན་ཀྱང་་འཚམས་རིང་དཔོན་རྒྱུད་དེ་ལོ་རྒྱུས་ཀྱི་དཔེ་ཆ་མང་པོ་མཐོང་རྒྱུ་ཡོད། 《མདོ་སྨད་ཆོས་འབྱུང་།》ནང་དུ་བླ་བྲང་བཀྲ་ཤིས་འཁྱིལ་རིགས་གྲྭའི་རྟེན་མཇལ་གྲས་ཀྱི་རྡོ་རྗེ་འཚམས་རིང་དཔོན་པོས་ཕུལ་ཞེས་བྲིས་ཡོད། འཚམས་རིང་དཔོན་རྒན་ཞེས་མིང་དངོས་སུ་ཐོན་ཡོད་པ་རེད།  དམུ་དགེ་བསམ་གཏན་གྱིས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།》ཞེས་པར་འཚམས་རིང་དཔོན་རྒྱུད་ཀྱི་འབྱུང་ཁུངས་སྐོར་ལ་འཚམས་རིང་ནི་ལོ་བརྒྱ་ཡས་མས་ཀྱི་སྔོན་དུ་སྐ་སྟོད་དུ་འབྲོག་སྡེ་ཆེན་པོ་ཞིག་བྱས་ནས་ཡོད་མོད། རྗེས་སུ་སྡེ་འཐོར་བྱུང་དེ་དེང་སྐབས་དེའི་མི་རྒྱུད་རྔ་སྟོད་ཕྱོགས་སུ་ཡོད་ཞེས་གསལ་པོ་འཁོད་འདུག །དེ་ནས་《མགོ་ལོག་རུས་མཛོད།》དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་1991ལོར་པར་སྐྲུན་བྱས་པའི་《བོད་མིའུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།།》 དེ་མིན་འཚམས་རིང་དཔོན་པོའི་རྗེས་རབས་པ་ད་ལྟ་རྔ་བ་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭར་དགེ་དགེན་གྱི་ཕྱག་ལས་གནང་བཞིན་པའི་མཁྱེན་རབ་སོགས་ཀྱི་ངག་རྒྱུད་ལྟར་ན། སྐབས་བབས་ཀྱི་འཚམས་རིང་དཔོན་པོའི་མི་རྒྱུད་ཀྱི་རིམ་པ་ནི། འཚམས་རིང་དཔོན་རྒན་གྱི་བུ་ལྷ་ཐར་དང་། དེའི་བུ་འཕགས་ཝེ། དེའི་བུ་སྐལ་བཟང་མགོན། དེའི་བུ་འཇིགས་ལོ་དང་སྔགས་བསམ། སྒར་མགོན། བཤད་སྒྲུབ། དཔལ་འཛིན། བློ་མཆོག།གུར་མགོན་བཅས་སྤུན་བདུན་ཡོད། དེ་ནས་གུར་མགོན་གྱི་བུ་དབང་ཕྱུག་དང་། དེའི་བུ་ད་ལྟའི་བསེ་ཁྲབ་སྐྱབས། དེའི་བུ་མཁྱེན་རབ་ཡིན་ནོ། །
མཆོད་ཁྲི།
        དེ་ནས་དཔྱད་པ་བྱེད་དགོས་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཨ་མདོ་ཕྱོགས་སུ་ཕེབས་མིན་ལ་དཔྱད་པ་དེ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དངོས་སུ་འཚམས་རིང་སོགས་སུ་ཕེབས་པའི་ལོ་རྒྱུས་དཔེ་ཆ་མཐོང་རྒྱུ་མིག་སྔར་མ་རྙེད་མོད། འོན་ཀྱང་ཁོང་གི་འཚམས་རིང་གི་ཁྱིམ་ནས་བཀླགས་ཡོད་ཞེས་པའི་དམངས་ཁྲོད་ངག་རྒྱུད་དུ་ཁྱབ་ཡོད་པའི་སྐལ་བཟང་གླེགས་བམ་ནི་སྒ་སང་གི་ཁྱིམ་ནས་དངོས་སུ་མཐོང་བྱུང་། དེ་མིན་བོད་ཀྱི་ལོ་རྒྱུས་ཐོག་སྡེ་སྲིད་ཀྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པ་སྐུ་གཤེགས་པ་ལོ་བཅོ་ལྔ་ཙམ་ལ་གསང་བ་དང་རྒྱལ་དབང་སྐུ་ཕྲེང་གསང་བའི་སྒོ་ནས་འཚོལ་བ་ནི་ཡོངས་གྲགས་རེད། དེ་འདྲའི་རྙོག་འཛིང་གི་ལོ་རྒྱུས་རྒྱབ་ལྗོངས་ལ་བསམ་བློ་བཏང་ན་སྐབས་དེའི་སྡེ་སྲིད་ཨ་མདོར་གསང་བའི་སྒོ་ནས་ཕེབས་པ་ཡང་དང་ལེན་བྱེད་ཐུབ་ཐུབ་ཞིག་རེད། འཚམས་རིང་ས་ཆའི་དམངས་ཁྲོད་ངག་རྒྱུད་དུ་དུས་རབས་བཅུ་བདུན་པའི་དུས་འགོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བའི་ཡང་སྲིད་འཚོལ་ཕྱིར་མདོ་སྨད་ཕྱོགས་སུ་ཨ་ཅོའི་ཚུལ་ཏུ་ཕེབས་བསྒྱུར་གནང་ཏེ། ཐོག་མར་མཚོ་སྔོན་གྱི་ཕྱོགས་ནས་བརྒྱུད་དེ་རེབ་གོང་སོགས་སུ་ཕེབས་ཤིང་། དེ་ནས་ཀན་ལྷོ་སོགས་བརྒྱུད་ནས་སི་ཁྲོན་རྔ་བ་རུ་ཕེབས་སྐབས། ཉིན་ཞིག་འཚམས་རིང་དཔོན་རྒན་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ཁ་ནས་སྡེ་སྲིད་དང་ཕན་ཚུན་ངོ་འཕྲད་དེ། སྡེ་སྲིད་ཀྱིས་འཚམས་རིང་དཔོན་རྒན་ལ་གནས་ཚང་ཞིག་གཡར་རྒྱུའི་རེ་བ་ཞུས་པས། འཚམས་རིང་དཔོན་རྒན་གྱིས་དཔོན་ཁྱིམ་དུ་གདན་དྲངས་ཏེ་སྣེ་ལེན་རྒྱ་ཆེར་བྱས་ཤིང་། ཞག་མ་བདུན་ལ་བཞུགས་པར་བཤད།  ཉིན་དེ་དག་གི་རིང་ལ་འཚམས་རིང་དཔོན་པོས་སྡེ་སྲིད་ལ་རོགས་རམ་གང་མང་བྱས་པ་དང་། དེ་ཡང་ཉིན་ཞིག་དཔོན་རྒན་གྱིས་ཁོང་ལ་ཡི་གེ་ཤེས་སམ་ཞེས་དྲིས་པར་ཅུང་ཙམ་ཤེས་ཞེས་གསུངས། དཔོན་རྒན་གྱིས་《སྐལ་བཟང་གི་གླེགས་བམ》གསེར་བྲིས་མ་ཞིག་ཡོད་པ་དེ་(ད་ལྟ་དངོས་སུ་མཐོང་རྒྱུ་འདུག)ཁོང་ལ་ཀློག་ཏུ་བཅུག་པ་དང་། དཔོན་རྒན་གྱིས་ཡང་དང་བསྐྱར་གྱིས་གླེགས་བམ་འདི་ལ་ལག་འཇམ་པོས་ཀློག་དགོས་པ་ལས་རྩུབ་རེག་དང་ཉོག་རྫོབ་མི་བྱ་བ་དང་། གཞུག་མ་རྣམས་ཀྱིས་བཀླག་དགོས་ཚུལ་སོགས་ཀྱི་རེ་བ་བཏོན་པར། སྐལ་བཟང་གི་གླེགས་བམ་མཇུག་ཏུ་སྡེ་སྲིད་ཁོང་གིས་ཀུ་རེའི་ཚུལ་དུ། གཞན་པའི་ལག་ཏུ་འདོན་རྒྱུ་མི་རྙེད་པ་ཞིག་ཡིན་སྲིད་ཀྱང་ང་ཡང་མི་སྤྱིར་བཏང་བ་ཞིག་མིན་པས་འདོན་དུ་མི་རྙེད་པ་ཞིག་ཡིན་ཞེས་བྲིས་འདུག་པ་ལོ་མང་པོའི་རྗེས་སུ་ད་གཟོད་མཐོང་བར་བཤད་དོ། དམངས་ཁྲོད་ངག་རྒྱུད་དུ་སྡེ་སྲིད་ཚང་གིས་ཀློག་ཡོད་ཞེས་པའི་སྐལ་བཟང་གླེགས་བམ་ནི་ད་ལྟ་ཁོང་གི་ཁྱིམ་དུ་དངོས་སུ་མཐོང་རྒྱུ་འདུག དེ་ནི་ལོ་རྒྱུས་དེའི་སྣང་ཚུལ་དེ་ཐད་ཀར་ར་སྤྲོད་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་སྙམ།


སྐལ་བཟང་གསེར་བྲིས།
        ཉིན་བདུན་གྱི་གཞུག་ཏུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་དགེ་རུ་འགྲོ་གྲབས་བྱས་པས།  འཚམས་རིང་དཔོན་རྒན་གྱིས་ཁོང་ལ་དྲེལ་བུ་ཤ་ཤེད་རྒྱས་པ་ཞིག་ཕུལ་ནས་སྐྱེལ་མ་མཛད། འགྲོ་ཁར་སྡེ་སྲིད་ཁོང་གིས་ནན་ཏན་གྱིས། དཔོན་པོ་གཞུག་ནས་སྟོད་ཉི་མ་ལྷ་སར་བསླེབ་པའི་སྐལ་བ་རེ་བྱུང་ན། ངས་ཀྱང་ཁྱོད་ལ་རོགས་རམ་ཕྲན་བུ་རེ་ཐོན་ཨེ་ཐུབ་བལྟ་ཞེས་གསུངས་པ་དང་། མཚན་ལ་སྡེ་སྲིད་མགོ་ཆེ་ཟེར་ཞུས་ནས་ཆིབས་བསྒྱུར་གནང་བས་འཚམས་རིང་དཔོན་པོ་དགའ་སྤྲོ་ཚད་མེད་སྐྱེས་རབས་སོགས་བཤད་སྲོལ་ཡོད་དོ། །
        ལོ་ཁ་ཤས་ཀྱི་རྗེས་སུ་འཚམས་རིང་དཔོན་པོ་ཏག་ཏག་བསོད་ནམས་ཀྱི་མཐུ་ལས་ལྷ་སར་འགྲོ་རྒྱུའི་སྐལ་བ་ལྡན་བྱུང་བས། ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ཏེ་ལམ་བར་ནས་ཉེ་ཞོ་མེད་པར་ལྷ་སར་འབྱོར་ཞིང་། སྔོན་གྱི་ཨ་ཅོ་དེ་འཚོལ་དགོས་བསམས་ཏེ། སེ་རའི་ལྷ་སྒོའི་རྩར་ཁྲོམ་ཆེན་དུ་ཐོན་པ་ན། སྡེ་སྲིད་མགོ་ཆེ་ཨེ་ཤེས་ཞེས་གང་ས་གང་དུ་ཡང་ཡང་དྲིས་པར། ཚང་མས་དེ་ལྟར་བོས་ན་ཁྱོད་བོད་གཞུང་གིས་ཁྲིམས་ལ་སྦྱོར་ངེས་རེད་ཅེས་བཤད་མོད། ཁོས་དོ་སྣང་མ་བྱས་པར་ཕོ་བྲང་པོ་ཏ་ལའི་ཞོལ་ནས་ཀྱང་སྡེ་སྲིད་མགོ་ཆེ་འདི་རུ་བཞུགས་སམ་ཞེས་ཡང་ཡང་དྲིས་པས། སྒོ་གཉེར་གྱིས་སྨྱོན་པ་ཞིག་ཐོན་འདུག་ཅེས་ཕྱིར་བདའ་རྩིས་བྱས། རེད་དེ། སྐབས་དེར་སྡེ་སྲིད་ཀྱིས་ཐོས་ཏེ། ཁོ་ནི་ཨ་མདོའི་ཡུལ་ནས་ཡོང་བའི་འགྲུལ་བ་གལ་ཆེན་ཞིག་ཡིན་ཞེས་པོ་ཏ་ལའི་ནང་དུ་ཁྲིད་དེ་སྣེ་ལེན་བྱས།  
        འཚམས་རིང་དཔོན་པོས་དབུས་མཇལ་གྲུབ་པ་དང་། གཞུག་ཏུ་ཕྱིར་ཡུལ་དུ་ལོག་ཁར་སྡེ་སྲིད་ཀྱིས་ཁོ་གཟིམ་ཁང་དུ་ཁྲིད་དེ། ཁོང་གི་གཟིམ་ཁང་དུ་བཞུགས་པའི་ཇོ་སྐུ་རྣམས་ལས་རྟེན་འགངས་ཆེན་ཞིག་འདེམས་དང་ཁྱོད་ལ་རྟེན་སྐལ་དུ་སྦྱིན་གསུངས་པར། ཁོས་སྡེ་སྲིད་ཀྱི་གཟིམ་སྔས་ཀྱི་ཇོ་སྐུ་དེ་བསླངས་པས། སྡེ་སྲིད་ཀྱིས་སྐུ་དེ་ཧ་ཅང་བྱིན་ཆེན་ཡིན་མོད། འགྲུལ་བ་གལ་ཆེན་ལ་རྟེན་གལ་ཆེན་དེ་གནང་བར་བྱའོ་ཞེས་གནང་བར་བཤད་དོ། ། 《མདོ་སྨད་ཆོས་འབྱུང》ནས་འཚམས་རིང་གོང་འོག་ཏུ་ལྷ་ཁང་དང་། བྱམས་ཁང་རྣམས་སུ་བཀའ་བསྟན་མང་པོ་གནས་ཡོད་ཅེས་བྲིས་འདུག་ལ་སྐབས་དེའི་ཇོ་སྐུ་ལའང་གོ་དགོས་པ་ཞིག་སྙམ་པ་རེད།
        འཚམས་རིང་དཔོན་པོར་ཇོ་སྐུ་གནང་རྗེས། དཔོན་རྒན་གྱིས་ཁོ་ནི་མི་ཉམ་ཆུང་འཁོས་ཞན་ཞིག་ཡིན་པས། གཞན་གྱིས་རྐུ་འཕྲོག་བཅོམ་གསུམ་ལ་ཤིན་ཏུ་དོགས་པས། སྡེ་སྲིད་ཁྱེད་ཀྱིས་སྲུང་མ་བཙན་པོ་ཞིག་འགོད་དགོས་པའི་རེ་བ་ནན་གྱིས་ཞུས་པས། སྡེ་སྲིད་ཀྱིས་བསེ་ཁྲབ་སྲུང་མར་བཀོད་པ་དང་། རིག་གསར་སོགས་ཀྱི་སྐབས་སུ་རྐུ་འཕྲོག་གཏོར་གསུམ་ཀྱི་འཇིགས་པ་མང་དུ་བརྒྱུད་ཀྱང་། ད་ལྟ་ད་དུང་སྒར་པ་ཞེས་པའི་ཁྱིམ་ཚང་དུ་བཞུགས་ཐུབ་པ་ཡང་སྲུང་མའི་བཀའ་དྲིན་ཡིན་ཚུལ་བཤད་སྲོལ་ཡོད། བསེ་ཁྲབ་ནི་ད་ལྟ་འཚམས་རིང་སྡེ་བས་གསོལ་མཆོད་གྱི་སྲུང་མ་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ། ། 
འཚམས་རིང་ཇོ་བོའི་སྲུང་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1