སློབ་ཆེན་གྱི་དགེ་རྒན།

འགྱན་སངས * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


ན་ནིང་དོ་ཚིགས། ཁ་བའི་སྡེ་ལུང་དོག་མོ་འདིའི་ནང་རོལ་ན་བཞུགས་པའི་སློབ་གསོ་ལས་འཛིན་པ་དང་སློབ་གསོ་དཔྱོད་འཇུག་པ། སློབ་གསོ་དོ་དམ་པའི་མཚན་འཛིན་རྣམས་ཀྱིས་སྨྲ་ཤེས་དོན་གོའི་བདག་ཉིད་དུ་གྱུར་པའི་སེམས་ཅན་གཞན་དང་ཡུལ་ལུང་གཞན་ལ་ཁ་མིག་ཡར་ལྟ་བྱས་ཏེ། སློབ་ཆེན་གྱི་བསྟེན་བྱ་དགེ་བའི་བཤེས་གཉེན་ལ་མཚན་ཉིད་ཇི་འདྲ་ཞིག་ཚང་དགོས་མིན་དང་། སྟེན་བྱེད་སློབ་མར་རང་སྟེང་གི་འབྱོར་བ་ཇི་འདྲ་ཞིག་ལྡན་དགོས་མིན། སྟེན་བྱེད་སློབ་མས་བསྟེན་བྱ་དགེ་རྒན་ཀུན་རྟོག་ཇི་འདྲ་ཞིག་གིས་བསྟེན་དགོས་མིན། དགེ་རྒན་རྣམས་ཀྱིས་རང་གི་ལས་ཁུར་དུ་གྱུར་པའི་སློབ་མ་དག་ལ་སློབ་གསོའི་སྙིང་པོ་ཇི་འདྲ་ཞིག་སྩོལ་དགོས་ལུགས་སོགས་ཀྱི་ལྟ་བའི་བཞེད་དགོངས་སྣ་ཚོགས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་འཐོར་འོང་བཞིན་པ་ཐལ་སྦྱར་རྗེས་སུ་ཡི་རང་ཞུ་ཡུལ་དང་པོ་ཡིན་པ་སྨོས་ཅི་དགོས་ཀྱང་། དེ་དག་ལས་དུས་བབ་ཀྱི་སློབ་ཆེན་དགེ་རྒན་ཞིག་ལ་འཛོམ་དགོས་ངེས་ཀྱི་རྩ་བ་གང་ཡིན་འཆད་སྐབས། མང་པོ་ཞིག་གིས་སྲོལ་རྒྱུན་གྱི་གཞུང་དག་ལས་བསྟན་པའི་མཚན་ཉིད་དེ། ཆེན་པོ་ཕྲག་པས་མི་ཁྱོག་པ། རྫིག་པོ་མིག་གིས་མི་བཟོད་པ། མཐོན་པོ་ལག་པས་མི་སྙོབ་པ་དེ་རིགས་ཞལ་ལ་ར་ཐོན་ལུག་ཐོན་གྱིས་དྲངས་ནས་ཕ་རོལ་ཟིལ་གནོན་གྱི་མཛད་པ་སྐྱོང་ལ་ཐུགས་སྤྲོ་སྟེ། ལེགས་པར་དཔྱད་ན། དཔྱོད་ལུགས་འདི་ཡུལ་ལུང་འདིའི་སློབ་དཔྱོད་མཁན་པོའམ་སློབ་ཆེན་དགེ་རྒན་རྙིང་ཁུངས་འཁྲིས་འཛིན་ཅན་དེ་ཚོའི་གཤིས་ལུགས་རྣམ་སྲོལ་དུ་གྲུབ་འདུག་པ་འདྲ་བས། དེ་ལ་ཕལ་བའི་ཕལ་བ་བདག་འདྲས་ཅི་ཡང་བྱར་མེད་པས་བཏང་སྙོམས་ཀྱི་ནར་འཇོག་པ་ལས་འོས་མེད་མོད། ཁོང་ཅག་གི་གསེར་ཞལ་གློག་མའི་དཀྱིལ་འཁོར་ལས་བཀྱེས་པའི་དེ་འབྲེལ་གྱི་གསུང་སྒྲོས་ཁ་ཅིག གྲུབ་མཐའ་ཕན་ཚུན་གྱི་གཞུང་བསྲེས་པ་ར་ཕོ་ལུག་ཁྱུར་བཅུག་པ་ལྟ་བུ། ཐེག་པ་གོང་འོག་གི་རྐྱ་འདྲེས་པ་རྟ་ཕོ་རྐྱང་ལ་འདྲེས་པ་ལྟ་བུ། མདོ་སྔགས་རང་ལུགས་ཀྱི་གནད་དཀྲུགས་པ་ཉྭ་དང་ཉུངས་མ་བསྲེས་པ①ལྟ་བུའི་ངང་ཚུལ་མང་གཤིས། གང་ཞིག་མིག་གི་གཟིགས་མོར་བཤམས་ཤིང་རྣ་བའི་གསོས་སུ་བསྟབས་པའི་རིག་པའི་ལོངས་སྤྱོད་དེ་དག དཔྱད་པ་ངེས་མེད་དང་སྤྲོས་པ་མདོ་མེད། རྩོད་པ་དོན་མེད། རེ་བ་འབྲས་མེད་དུ་སོང་འདུག་པའང་ཤིན་ཏུ་མང་ལ། དེ་དག་དེང་གི་སློབ་གསོའི་ལྟ་དགོངས་དང་སྦྱར་ན་རྙིང་པ་དུད་དྲེག་ཏུ་འགྱུར་ཚབས་ཆེ་བའམ་ཕན་ཚུན་སྤང་འགལ་དུ་འགྲོ་ཉེན་ཆེ་བར་མངོན་པས། དུས་བབ་ཀྱི་སློབ་གྲྭ་ཆེན་མོའི་དགེ་བའི་བཤེས་གཉེན་གྱི་མཚོན་བྱེད་དུ་སྤྱད་པས་སྤྱད་གོ་མི་ཆོད་པས་མཚོན། དེ་རིང་ཁ་སང་ཡིན་ཡང་ཕ་ཡིག་མ་སྐད་ཀྱི་ཕྱི་ནང་བར་གསུམ་ན་དེ་ཕྱོགས་ལ་བཞག་པའི་ངེས་འཕེར་ཁུངས་བཙན་གྱི་མཚན་ཉིད་ཅིག་དཔྱིད་ཀའི་དཀར་ཆུ་ལྟར་དཀོན་རིགས་སུ་སོང་འདུག་པར་སྣང་ན། སྲོལ་རྒྱུན་གྱི་རྙིང་མཐར་མ་ལྷུང་ཞིང་དེང་རབས་ཀྱི་གསར་མཐར་མ་རྒྱུག་པར་གསར་རྙིང་གཉིས་ཀྱི་དབུས་མཚམས་ནས་ད་ལྟའི་སློབ་ཆེན་གྱི་དགེ་བའི་བཤེས་གཉེན་ལ་སྤང་བླང་གི་རྣམ་གཞག་གམ་དུས་བབ་ཀྱི་མཚན་ཉིད་བདེན་དང་གཏན་ཚིགས་ཀྱིས་མ་ཕོངས་པ་ཞིག་བཞག་སྟེ། སློབ་གསོ་འབྲུ་དྲུག་ཞིང་ཁ་ནས་དཀའ་སྤྱོད་རིག་པའི་སོ་ནམ་པ་རྣམས་ཀྱིས་དཔྱོད་པ་མེད་པར་ཞི་ལ་སྟག་དང་ནོར་བ། སྦལ་ལྕོང་འབྲུག་ཏུ་བཀུར་བ། མགྲིན་བཟང་རྟ་རུ་འཁྲུལ་བ། བྱི་བ་གླང་ཆེན་དུ་འཛིན་པ་ལྟ་བུའི་འཁྲུལ་རྟོག་རབ་རིབ་ཀྱི་མུན་པ་ཅུང་ཟད་སེལ་དགོས་པར་སྣང་ངོ་། ། 

གཅིག གཞི་མའི་བླང་བྱ།

མི་རིགས་ཤིག་ལ་མཚོན་ན། དགེ་རྒན་ནི་ལར་ནས་རིག་གནས་སྲོལ་རྒྱུན་གྱི་སྐུ་སྲོག་མི་འཇིག་བསྐལ་པའི་ཕུག་ལམ་དུ་སྟོབས་ཀྱིས་སྲིང་མཁན་དཔའ་བོ་རུ་འདྲེན་དང་། རུས་པའི་བག་ཆགས་ཀྱི་ས་བོན་ཀུན་གཞིའི་རྣམ་ཤེས་ཀྱི་ཞིང་དུ་ཡལ་མེད་གཏིང་ཚུགས་སུ་འདེབས་མཁན་རྩོལ་ལྡན་ཞིང་པ། བུ་རབས་ཚ་རྒྱུད་རྣམས་ཡོ་མེད་བདེན་པ་ཆེན་པོའི་ཆ་བསགས་གྲོང་དུ་དྲང་སྟབས་ཀྱིས་འཁྲིད་མཁན་ལམ་གྱི་ཕོ་ཉ། གོ་རིག་མྱོང་གསུམ་གྱི་རིན་ཆེན་དང་པོའི་འདུ་སྒོ་ནང་ལ་ངོམས་མེད་དུ་འདྲེན་མཁན་འཕྲུལ་གྱི་གྲུ་གཟིངས། གཟུར་གནས་དྲང་གཞག་གི་མི་གཤིས་འཕེལ་སྐྱེད་ལ་ཡང་དག་པའི་ལམ་སྟོན་ཚུལ་བཞིན་གནང་མཁན་རིག་པའི་དེད་དཔོན། ལྟ་གསར་ཐོས་གསར་གྱི་བདུད་རྩིའི་ཆར་རྒྱུན་གཞུང་ལུགས་མཁའ་དབྱིངས་ནས་སིམ་སིམ་དུ་འབེབ་མཁན་སོས་ཀའི་ཆར་སྤྲིན། རྙིང་ཁུངས་ཞེན་འཛིན་གྱི་སྨག་མུན་མཐའ་ནས་སེལ་ཏེ་བུ་རབས་ཚ་རྒྱུད་གསར་གཏོད་གསར་རྙེད་ཀྱི་སྟན་ལ་འགོད་མཁན་ལྟ་བུའི་སྒྲོན་མེ། བདེན་རྫུན་དྲང་ལྡོག་གི་སྤོང་ལེན་ཚུལ་བཞིན་གནང་སྟེ་རྒྱུ་འབྲས་གནས་ལུགས་ཀྱི་གནམ་ཐིག་ས་ལ་འདེབས་མཁན་ཚངས་པའི་ཞལ་ལྕེ་ལྟ་བུ་ཞིག་ཡིན་དགོས་པ་ཀུན་ལ་རྩོད་མེད་ཡིན་པ་ལྟར། སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་རིགས་སུ་གྱུར་ཡོད་མེད་སྐྱེ་བོ་རང་ལྡོག་གི་མི་གཞིའི་བཟང་ངན་དང་ནུས་སྟོབས་ཀྱི་ཆེ་ཆུང་། བློ་རྟོགས་ཀྱི་མཐོ་དམའ། ཀུན་སློང་གི་ལེགས་ཉེས། ལྷག་བསམ་གྱི་ཆེ་ཆུང་སོགས་མ་མཐའི་རྒྱུ་ཚོགས་གྲངས་ཚང་གི་སྲང་ཁར་བཞག་ནས་གཞལ་དགོས་པར་སྣང་ཡང་། འཛམ་གླིང་སྤྱི་ལུགས་ལ་སྦྱར་ན། བདེན་སྲུང་བརྟུལ་ཞུགས་ལ་དགའ་བས་བརྟན་ཅིང་ཚུགས་ཐུབ་པ་སོ་ཁི་ར་ཐེ་ལྟ་བུ། སྒོ་གསུམ་དྲན་ཤེས་ཀྱིས་བསྡམས་པས་བཙུན་ཞིང་བག་ཡོད་པ་སི་པེན་ནའོ་ཟ②ལྟ་བུ། ཕྱི་ནང་རིག་གནས་ཀྱིས་ཕྱུག་པས་མཁས་ཤིང་དཀྱེལ་ཡངས་པ་དྲན་དབང་དགེ་ཆོས་ལྟ་བུ། སེམས་རྩ་བྱམས་བརྩེ་ཡིས་བརླན་པས་སློབ་ཅིང་ཕན་འདོགས་པ་མར་མི་དྭགས་གསུམ་ལྟ་བུ་སྟེ། གཞི་མའི་མཐུན་རྐྱེན་དུ་གྱུར་པའི་ཡན་ལག་བཞི་ཚང་དགོས་པ་ནི་སློབ་ཆེན་དགེ་རྒན་རྣམས་ཀྱི་སྤྱིར་བཏང་གི་བླང་བྱའོ། ། 

དེའི་ཁར། ལྟོ་གོས་ཐོབ་གསུམ་གྱི་ཞེན་ཆགས་ཆུང་བས་གཙང་མའི་འཚོ་བར་རོལ་བ། ཆེ་འདོད་གྲག་འདོད་ཀྱི་སྲེད་པ་སྤངས་པས་ང་རྒྱལ་ཁེངས་དྲེགས་མེད་པ། ངོ་ཚ་ཁྲེལ་ཡོད་ཀྱི་ཕྱི་གོས་མནབས་པས་སྤྱོད་པའི་མིག་དཔེར་བཞེངས་པ། བུ་སློབ་ཁུར་འཁྱེར་གྱི་ཐུགས་སྟོབས་མངའ་བས་ཕྱོགས་ཞེན་རིས་གཅོད་མེད་པ་སྟེ་དམ་པའི་ངང་ཚུལ་དུ་གྱུར་པའི་མི་གཤིས་ཀྱི་ཡན་ལག་བཞི་ཚང་ཞིང་། དགའ་མོས་འཁྱེར་ཕྱོགས་མི་གཅིག་པའི་བུ་སློབ་ཚོའི་ཁམས་དབང་རྒྱུད་ཚོད་ལེན་ཤེས་པ། དབང་པོ་རྣོ་རྟུལ་མི་མཚུངས་པའི་བུ་སློབ་ཚོར་བརྙས་དམོད་ཁྱད་གསོད་སྤོང་ཤེས་པ། བློ་ཡི་ཤོང་ཚད་མི་མཚུངས་པའི་བུ་སློབ་ཚོར་སྙན་པའི་གཏམ་སྒོ་འབྱེད་ཤེས་པ། རིག་པའི་མྱུར་ཁྱད་མི་འདྲ་བའི་བུ་སློབ་ཚོར་ཡང་ཡང་འཆད་ངལ་བསྟེན་ཕོད་པ་སྟེ་སྒྲུབ་པའི་བར་ཆད་སྤོང་པ་གེགས་སེལ་གྱི་ཡན་ལག་བཞི་ཚང་ཁར། དགེ་བའི་བཤེས་གཉེན་གྱི་སྐྱེ་བ་བླངས་པ་སྐལ་ལྡན་ལས་ཅན་དུ་སེམས་པ། རིགས་ཀྱི་སློབ་གསོ་ལ་འབད་པ་ཚེ་ཡི་སྙིང་པོར་སེམས་པ། རང་བདེ་དོན་གཉེར་ལ་འཐམ་པ་མནོག་ཆུང་ཐ་མལ་དུ་སེམས་པ། ལོ་དང་ན་ཚོད་གཉིས་མི་རྟག་མཐའ་ཅན་དུ་སེམས་པ་སྟེ་རང་ལ་གཞེན་སྐུལ་འདེབས་པ་སྐུལ་ལྕག་གི་ཡན་ལག་བཞི་ཚང་བར་མ་ཟད། ད་དུང་། དཔེ་ཀློག་ལྟ་སྦྱོང་ལ་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པ། སློབ་གསོའི་བྱ་གཞག་ལ་སྙིང་སྟོབས་ཀྱི་འཇུག་པ་བརྟན་པ། སློབ་མའི་བྱ་བ་ལ་དཀའ་ཐུབ་ཀྱི་བཟོད་པ་བརྟན་པ། རིགས་ཀྱི་ཕུགས་འདུན་ལ་དཔྱོད་ཤེས་ཀྱི་ཀ་བ་བརྟན་པ་སྟེ་དངོས་གཞིའི་ཕྱག་ལེན་དུ་གྱུར་པ་གོ་ཆའི་ཡན་ལག་བཞི་ལ་སོགས་པས་མཚོན་པའི་འགལ་སྤོང་མཐུན་སྒྲུབ་བམ་ཕྱི་རྐྱེན་ནང་རྒྱུ་རྣམས་ཡོངས་སུ་ཚང་ན། སྤྱི་ལྡོག་ནས་སློབ་གྲྭ་ཆེན་མོའི་སློབ་དཔོན་ནམ་དགེ་བའི་བཤེས་གཉེན་གྱི་རིགས་སུ་གཞག་ཆོག་པར་འདོད་དོ། ། 

གཉིས། ཐུགས་ཀྱི་མཁྱེན་རླབས།

ལྗོངས་འདིའི་ཆོས་ལུགས་སྲོལ་རྒྱུན་གྱིས། སློབ་མས་དགེ་རྒན་བསྟེན་སྐབས། འདུལ་ལུགས་ལ་དགེ་བའི་བཤེས་གཉེན་གང་དེའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་སློབ་མ་རང་ལས་ཅུང་ཟད་ལྷག་དགོས་པ་དང་། ཕར་ཕྱིན་ལུགས་ལ་སྐུ་གསུང་ཐུགས་གསུམ་འཕྲིན་ལས་དང་བཅས་པའི་ཡོན་ཏན་སངས་རྒྱས་དངོས་དང་མཉམ་པ་ཉིད་དུ་གོ་དགོས་པ། སྔགས་ལུགས་ལ་ཕྱི་ནང་གསང་གསུམ་མཛད་པ་དང་བཅས་པའི་ཡོན་ཏན་སངས་རྒྱས་ལས་ཀྱང་ལྷག་པར་ལྟ་དགོས་པའི་བླང་བྱ་བཏོན་འདུག་པ་ལས། ཕྱི་མ་གཉིས་དེང་གི་སློབ་ཆེན་སློབ་གསོའི་དགེ་རྒན་བསྟེན་ཚུལ་ལ་སྦྱར་ན། མཁྱེན་པའི་ཕྱོགས་ནས་གླང་ཁལ་བེའུ་འགེལ་གྱི་དཔེ་དང་། དམིགས་པའི་སྒོ་ནས་ཤར་ནུབ་རི་བོའི་དཔེ་རུ་འགྱུར་ཉེན་ཡོད་པས་ཟ་ཆོག་ལེན་རྐྱང་གིས་ཇི་བཞིན་སྤྱོད་འཐུས་པར་མ་མཐོང་ཡང་། བླང་བྱ་དང་པོ་ལྟར་སློབ་ཆེན་གྱི་དགེ་རྒན་ཞེས་པའི་མིང་གི་ཁུར་ཆེན་འདི་ཉིད་ཕྲག་གོང་དུ་འཁུར་མཁན་ཞིག་ཡིན་ཙ་ན། རང་རྒྱུད་ཀྱི་ལྟ་བ་དང་རྟོགས་པ། བསམ་བློ་དང་མཁྱེན་རླབས་རྣམས་རབ་སློབ་མ་ལས་རྒྱང་གྲགས་གཅིག་གིས་དང་། འབྲིང་འདོམ་གང་གིས། ཐ་མ་ཡང་ཁྲུ་གང་གིས་འཕགས་དགོས་ལ། ཁྱད་པར་དུ་སློབ་ཆེན་གྱི་དགེ་རྒན་མཚན་ཉིད་པའམ་རབ་ཅིག་ལ་མཚོན་ན། གཟིགས་རྒྱ་དང་གསན་རྒྱ་ཆེ་བ་རྒོད་པོས་ནམ་འཕང་བསྟད་པ་ལྟ་བུ། རྟོག་པ་དང་དཔྱོད་པ་ཆེ་བ་མཁའ་ལ་གློག་ལྕེ་འཁྱུག་པ་ལྟ་བུ། གསར་རྟོགས་དང་གསར་རྙེད་མང་བ་རྒྱ་མཚོའི་རྦ་རླབས་འཕྱུར་བ་ལྟ་བུ། རང་ལྟ་དང་རང་ཚུགས་ཡོད་པ་བྲག་ལ་ཕུར་བ་བཏབ་པ་ལྟ་བུ་སྟེ་མཁྱེན་དཔྱོད་ཀྱི་རྩ་བར་གྱུར་པའི་ཡན་ལག་བཞི་ཚང་ཁར། གསར་རྙིང་ལ་ཕྱོགས་རིས་མེད་པ་ནམ་མཁའ་གཡའ་དག་པ་ལྟ་བུ། གནས་བབ་དང་འབྱུང་འགྱུར་མཐོང་བ་རི་རྩེ་ནས་ཀླུང་ལ་ལྟ་བ་ལྟ་བུ། བློ་འབྱེད་དང་གོ་སྐོན་ལ་མཁས་པ་སྨག་ལ་སྒྲོན་མེ་བཏེགས་པ་ལྟ་བུ། བསམ་མནོ་དང་དཔྱད་འབྲས་ཀྱིས་ཕྱུག་པ་གསེར་གྱི་ཐང་མ་བརྡལ་བ་ལྟ་བུ་སྟེ་མཁྱེན་དཔྱོད་ཀྱི་དགེ་བོགས་སུ་གྱུར་པའི་ཡན་ལག་བཞི་ཚང་དགོས་པར་མ་ཟད། ལྟ་བ་ལ་སེམས་ཅན་ཁ་སྒྱུར་གྱི་ཟིལ་ཤུགས་འཛོམས་པ་རི་སྒུལ་མཚོ་སྐྱོམ་དུ་གྱུར་པ། མཁྱེན་པ་ལ་འཚོ་གནས་གཙིགས་འཛིན་གྱི་དམིགས་གཏད་ཡོད་པ་འཇིག་སྐྱོབ་གེགས་སེལ་དུ་གྱུར་པ། བསམ་བློ་ལ་འཇིག་རྟེན་མཐུན་འཇུག་གི་ཁྱད་རྟགས་ལྡན་པ་འཚོ་བའི་ནད་སེལ་དུ་གྱུར་པ། དཔྱོད་པ་ལ་རིགས་དོན་ཁུར་འཁྱེར་གྱི་དཔའ་སྙིང་ཚང་བ་ཆག་སྦྱོར་ཆད་མཐུད་དུ་གྱུར་པ་སྟེ་མཁྱེན་དཔྱོད་ཀྱི་ནུས་རྩལ་དུ་གྱུར་པའི་ཡན་ལག་བཞི་རྣམས་ཅི་ནས་ཀྱང་ཚང་དགོས་ཏེ། དེང་སང་སློབ་ཆེན་གྱི་དགེ་རྒན་མཚན་ཉིད་པའམ་རབ་དང་མཆོག་དང་ཕུད་ཀྱི་ཁྲི་སྟེང་དུ་བཞུགས་སུ་གསོལ་བྱེད་རྟགས་དང་ཐམ་གས་མཚན་པའི་ཆོ་ལོ་སྟེ། ལྷུན་རྩེ་ལྟ་བུའི་མཁས་པ(珠峰学者)དང་འབྲི་ཆུ་ལྟ་བུའི་མཁས་པ་རྣམས་མ་ཟད། ན་གཞོན་ཕུད་བརྒྱ་བ(青年百人)དང་རིག་གཞུང་སྣེ་ཤན་པ། སློབ་གསོའི་རྐང་འཛིན་པ། ཚན་རྩལ་གསར་གཏོད་པ། ལེགས་པ་བཞི་འཛོམས་ཅན།(四有好老师)རྒྱལ་དགེན་མཚན་གྲགས་ཅན(国家级教学名师)ལ་སོགས་པའི་གཟིགས་གཟོས་བདག་རྐྱེན་གོང་མའི་ཡང་གོང་མ། སྟེང་མའི་ཡང་སྟེང་མ། བླ་མའི་ཡང་བླ་མར་གྱུར་པ་བསྩལ་དང་སྩོལ་བཞིན་པ་རྣམས། དོན་ལ་བྱ་དགའ་ནོད་པ་པོ་དེ་དག་མཁྱེན་དཔྱོད་ཀྱི་ཆ་ནས་ཕྱུག་པོ་ཡ་མེད་དང་འགྲན་གྱི་དོ་མེད། རྩོད་པའི་ཟླ་མེད་དེ། དགེ་རྒན་རབ་ཀྱི་རབ་ཏུ་གྱུར་ཡོད་ལུགས་གཟེངས་སུ་བསྟོད་ཆེད་ཡིན་པའི་ཕྱིར་རོ། །


བརྒྱ་ལ་གོང་འཁོད་ཀྱི་དགེ་བའི་བཤེས་གཉེན་རྒན་རབ་ཅིག་གམ་མཚན་ཉིད་པ་ཞིག་གི་འཛོམས་ཆོས་འདི་དག་རྒྱུད་ལ་རིག་པས་མ་འབྱོར། ཕྱག་ཏུ་བརྩོན་པས་མ་ལོན་ཡང་།འབྲིང་གི་འཛོམས་ཆོས་ཏེ་ལོ་དང་ཟླ་བའི་འཁོར་རིམ་ནས་ཡུལ་དང་བྱེས་བྲལ་དུ་མ་སོང་། དུས་དང་རྒྱང་ཆད་དུ་མ་ཕྱིན་པའི་ཕྱིའི་ཤེས་རྒྱ་དང་ནང་གི་རྟོགས་པ་རྣམས་རྒྱ་མཚོ་བཞིན་དུ་འཕྱུར་རྒྱུ་མེད་ཀྱང་ཆུ་མགོ་བཞིན་དུ་བཞུར་རྒྱུ་ཡོད་པ་ཞིག་ཅི་ནས་མཁོ་གལ་ཆེ་སྟེ། དྲུང་དུ་འདུས་པ་བརྒྱ་ཚོགས་དང་བྱེས་ནས་ཉན་པ་སྟོང་ཚོགས་ཀྱི་རྟོགས་འདོད་སད་འདོད་དང་མཐོང་འདོད་ཐོབ་འདོད་ཀྱི་ཡིད་ཀྱི་སྐོམ་གདུང་སེལ་བ་ལ། དགེ་རྒན་རང་རྒྱུད་ན་སྐོམ་སེལ་བདུད་རྩིའི་ཐིགས་པར་གྱུར་པ། ཚ་སེལ་ག་བུར་ཏིས་ལོར་གྱུར་པ། གདུང་སེལ་ཡིད་ཀྱི་དཔལ་སྐྱེད་དུ་གྱུར་པའི་རིག་གནས་ཡོན་ཏན་དང་བསམ་བློ་ལྟ་བའི་འབྱོར་བ་གང་ལ་དེ་ཕན་རེ་རྒྱུན་ཆད་མེད་པར་འཆུ་རྒྱུ་ཡོད་པ་ཞིག་ཅིས་ཀྱང་དགོས་པའི་ཕྱིར་རོ། ། དེ་ལྟ་བུའི་སློབ་ཆེན་དགེ་རྒན་གྱི་སློབ་ཁྲིད་དམ་གསུང་གླེང་དང་དཔྱད་གླེང་གང་དེ། བདུད་རྩིའི་རིལ་བུ་བརྡོལ་ལྟར་བརྗོད་བྱ་དོན་གྱིས་གཏམས་པ་ཟླ་གཅིག་ཟླ་གཉིས་ལ་མྱངས་ནས་མི་ཚར་བ་ཞིག་དགོས། ཚོང་པས་ནོར་བུ་བརྟག་ལྟར་དོགས་སློང་རྗེས་དཔྱོད་ཡོད་པ་ལྟོས་བཅས་ཀྱི་བདེན་པ་ཁས་ལེན་པ་ཞིག་དགོས། མུ་ཏིག་བསྟར་ལ་བརྒྱུས་ལྟར་གཏན་ཚིགས་ཀྱིས་སྦྲེལ་བ་གནས་ལུགས་དོན་སྙིང་ལ་བརྟེན་པ་ཞིག་དགོས། རྟ་ཕོ་ཆུ་ཁར་སླེབས་ལྟར་སྔ་བསམ་ཕྱི་མནོ་ཡོད་པ་འབྱུང་འགྱུར་ལ་དམིགས་གཏད་པ་ཞིག་དགོས་སོ། ། 

དེ་ཙམ་ཡང་འཛོམས་སྐལ་མ་བྱུང་བར་དབུ་ལ་སྲོལ་རྒྱུན་གྱི་དམུ་གབ་བྱུང་། ཡིད་ལ་ཆེ་འདོད་ཀྱི་ཡིག་ནག་བྲིས། ཞེ་ལ་དུག་ལྔ་ཡི་ཐལ་རླུང་དཀྲིགས། རྣམ་ཤེས་ཆོས་བརྒྱད་ཀྱི་ཆབ་ལ་སྦངས་ནས་ངེས་མེད་གཏད་མེད་ཀྱི་ལུང་ཚིག་ནེ་ཙོས་མ་ཎི་འདོན་པ་ལྟ་བུ། ཆེ་ཆེ་རྫིག་རྫིག་གི་ལྟ་བ་འབྲུག་སྐད་བྲག་ནས་འཁོར་བ་ལྟ་བུ། སྦམ་པོ་བཅོས་རྫུན་གྱི་བྱང་སེམས་གར་མས་གར་ཆུང་འཁྲབ་པ་ལྟ་བུའི་ཟོལ་གྱིས་བསྒྲགས་ཤིང་འཁྲབས་ཏེ།“གདུལ་བྱ”རང་གཤིས་རང་ཚུགས་ཅན་རྣམས་ཀྱི་ཟ་ཟུར་གྱི་ཁ་དང་སྒ་སྒང་གི་གཉའ། འབའ་འབུར་གྱི་མགོ་ལ་ཕྱིས་གནོན་འབུར་འཇོམས་ཁྲ་འཐབ་སྤྱང་འཐབ་ཀྱིས་བཏང་སྟེ། ཁོ་ཚོ་བླུག་ཀོང་གཅིག་ལས་བླུགས་པ་འདམ་གྱི་སཱ་ཙྪ་ལྟར་རང་མཚན་ནམ་རང་གི་ངོ་བོས་གཞི་ནས་སྟོང་པའི་སྲོག་མེད་ཀྱི་ཆོས་ཅན་དུ་བསྐྱེད་དེ་སྦྲང་བུ་རྒྱ་ལ་བཅུག་པ་ལྟ་བུ། འདབ་ཆགས་རྙི་ཡིས་ཟིན་པ་ལྟ་བུ། ཉ་མོ་དོལ་དུ་ཚུད་པ་ལྟ་བུ། བྲན་ཁོལ་སྒྲོག་གིས་བཅིངས་པ་ལྟ་བུའི་སེམས་ཅན་རྟོག་མེད་དཔྱོད་མེད། གཤིས་མེད་ཚུགས་མེད། གྲག་མེད་འགུལ་མེད་ཅན་དག་ཏུ་བསྒྱུར་ཡག་བྱས་ཏེ“གདུལ་བྱ་འདུལ་བའི་ཐབས་རྣམ”ལ་ཞལ་ཞེ་གཉིས་མེད་ཀྱིས་བརྩོན་མཁན་རྣམས། ཕྱི་བལྟས་བྱང་སེམས་རློམ་པ་འདྲ་ཡང་ནང་བལྟས་ཡིད་སྲུབས་ཁོང་ཞུགས་ཀྱི་གླུ་བྲོ་ནར་མར་བརྩམས་ཏེ་ཚེ་སྲོག་གི་ལྗང་མྱུག་བརྒྱ་མ་སྟོང་། ཁྲི་མ་འབུམ་གྱི་ཚེ་དང་མདངས། བླ་དང་སྲོག་རྣམས་ཐབས་ཀྱིས་བརྐུས། བཙན་གྱིས་ཕྲོགས། ཤེད་ཀྱིས་བཅོམ་སྟེ་གཉིས་འཕུང་བདག་བརླག་གི་སྦྱོར་བ་མཐའ་མེད་དུ་རྩོམ་མཁན་སྣ་ཚོགས་སྤྲུལ་སྒྱུར་གྱི་བྱེད་པོ་དངོས་ལས་མ་འདས་པས་ན། ངོ་བོའི་ཆ་ནས་ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱི་བདེ་བའི་གནང་སྦྱིན་ལ་ཅང་མེད་སྣོད་སྟོང་གི་མེད་ཁ་མུག་ཁ་ཆད་མེད་དུ་གཟེད་ཕྱིར། གདོང་སྤགས་ཀོ་བ་མཐུག་པོས་གཡོགས་ཏེ་སློབ་ཆེན་གྱི་འཁྲིད་སྟེགས་སྟེང་དུ་ཤེད་ཀྱིས་འཚང་ཁ་བརྒྱབ་ནས་ཡོང་མཁན་བདག་དང་བདག་འདྲའི་དགེ་རྒན་ཉི་ཚེ་བ་རྣམས་དང་འདྲ་བར་སློབ་ཆེན་གྱི་དགེ་རྒན་ཐ་མའི་རིགས་སུ་གནས་ལུགས་ཀྱིས་གཏོགས་དགོས་སྙམ་མོ། ། 

གསུམ། དམིགས་པའི་གཏད་སོ།

དགོན་སྡེའི་སློབ་གསོ་དང་སློབ་ཆེན་སློབ་གསོ་གཉིས་ཀྱི་དམིགས་པའི་གཏད་ཕྱོགས་དང་བསམ་པའི་ལང་ཕྱོགས་སོགས་དགོས་བྱེད་ཀྱི་དབང་གིས་གདོད་ནས་ཐ་དད་དུ་གྲུབ་པས་ན། དེ་གཉིས་ཀྱིས་བསླབ་པར་བྱ་བའང་ངོ་བོའི་ཆ་ནས་ཐ་དད་དུ་གྲུབ་དགོས་ཏེ། སྔ་མའི་དམིགས་བྱ་མྱང་འདས་དང་ཕྱི་མའི་དམིགས་བྱ་འཁོར་བ་ཡིན་པ་རང་གཞན་ཀུན་ལ་མིག་མཐོང་གཟུགས་གྲུབ་ཡིན་པའི་ཕྱིར་རོ། ། 

དེ་ལྟ་བས་ན། སློབ་ཆེན་གྱི་དགེ་རྒན་མཚན་ཉིད་པ་ཞིག་ཡིན་ཚེ། སྤྱན་ལ་ཡུལ་ལུང་གི་བདེ་སྡུག་སྣང་། ཐུགས་ལ་མི་རིགས་ཀྱི་འབྱུང་འགྱུར་བཏགས། ལྗགས་ལ་དཔྱོད་ཤེས་ཀྱི་བདུད་རྩི་འཁྱིལ། གསུང་ལ་འཚོ་གནས་ཀྱི་དྲི་བསུང་འཐིབ་འདྲ་ཞིག་བྱས་ཏེ། བུ་སློབ་རྣམས་ཀྱིས། དཔྱོད་པ་མེད་པར་སྣ་ཐག་གཞན་ལག་ཏུ་སྤྲོད་པའི་མུན་སྤྱོད་དགག་ཕྱིར་དོགས་སློང་དཔྱོད་ཤེས་ཡོད་པའི་དཔེ་ཀློག་དང་། ཕངས་པ་མེད་པར་རང་ཚུགས་གཞན་འོག་ཏུ་བསྐུར་བའི་ངན་གོམས་དགག་ཕྱིར་རང་དབང་རང་རྐྱ་འཕེར་བའི་བློ་དཔྱོད། རང་ལྟ་མེད་པར་གཞན་ཟེར་སྐྱབས་འཛིན་གྱི་བྲན་གཤིས་སྤང་ཕྱིར་གསར་རྟོགས་གསར་རྙེད་ནུས་པའི་བློ་སྟོབས། བསམ་པ་མི་འཆི་བདག་དཔྱོད་འོད་སྣང་སྤྱི་ལ་སྤྲོ་ཕྱིར་སོར་མོ་གར་སྒྱུར་གྱི་འབྲི་རྩལ་ཏེ། འདི་སྣང་འཚོ་བའི་རྦ་ཀློང་གི་འཇིངས་སུ་གེགས་མེད་དུ་བསྐྱོད་ལ་མེད་ཐབས་མེད་པའི་རྩ་ཆོས་བཞི་བོ་བསྐྱེད་ཅིང་བསྲིངས། གོམས་ཤིང་འདྲིས་པར་བྱས་ཏེ། ནམ་ཞིག་གི་དུས་ལ། ཁོ་ཚོ་རིགས་ཀྱི་འཁོར་བར་འཕེལ་སྐྱེད་འབྱུང་ལ། རྒུད་མེད་འབྱོར་བའི་དངོས་གྲུབ་སྩོལ་མཁན། རྒས་མེད་ལང་ཚོའི་གཟི་མདངས་སྐྱེད་མཁན། འཆི་མེད་ཚེ་ཡི་བཅུད་ལེན་སྟེར་མཁན། འཁྲུལ་མེད་ཐར་བའི་ལམ་སྟོན་གནང་མཁན། གེགས་མེད་བདེ་བའི་ས་རུ་འཁྲིད་མཁན་གྱི་མི་བུ་ནུས་འཕེར་རྔོ་ཐོགས་ཅན་གནམ་གྱི་ཀ་བ་ལྟ་བུར་འགྱུར་ལ་རེ་དགོས་པ་ལས། རིགས་ཀྱི་བུ་དང་བུ་མོ་ཐམས་ཅད་འཁོར་བ་ལས་ངེས་པར་འབྱུང་བ་ཡུ་མོས་རྫ་མཐའ་སྙེག་པ་ལྟ་བུ། འཚོ་བ་ལ་ཞེན་ཁ་ལོག་པ་སྐྱུགས་ནད་ཅན་གྱིས་དམར་ཟས་མཐོང་བ་ལྟ་བུ། འཇིག་རྟེན་གྱི་སྣང་གནས་མི་མཐོང་བ་ལོང་བ་བྱང་ཐང་ནས་འཐོམས་པ་ལྟ་བུ། སྤྱི་ཚོགས་ལ་གདོང་གཏོད་མི་ནུས་པ་མཁའ་ལྡིང་གི་གཤོག་ཡ་ཆད་པ་ལྟ་བུ། རིགས་དོན་ལ་ཇུས་གཏོགས་མེད་པ་བུ་ཆུང་བསམ་མེད་དུ་ལུས་པ་ལྟ་བུའི་སེམས་ཅན་སྐྱ་མིན་སེར་མིན། ར་མིན་ལུག་མིན་དག་ཏུ་བསྒྱུར་ནས་བྱས་ལོ་དང་གྲུབ་ལོའི་ངང་ལ་ལུས་སེམས་ར་བཟི་ནས་བསྡད་ན་ནི། སློབ་ཆེན་གྱི་སློབ་གསོ་སྒྲུབ་པའི་གོ་མ་ཆོད་པར་མ་ཟད། ཉེས་ན་ལུས་སྲོག་གཅིག་གིས་འདག་ཐབས་མེད་པའི་ཉེས་པ་སྦོམ་པོ། ལྟུང་བ་ལྕི་མོ། སྡིག་པ་ཆེན་པོའི་ལན་ཆགས་ཀྱི་བུ་ལོན་ཁུར་དུ་རྩིག་ཚུལ་མ་ཡིན་པའི་ངེས་པ་ཡང་མེད་དོ། ། 

དངོས་པོའི་གནས་ཚོད་ལ་བབས་ན། འུ་ཅག་གི་འཁོར་བའི་གནས་རིས་འདི་ན། གྲོད་པ་དམར་སེར་དབུགས་ཀྱིས་སྦོས་ཀྱང་དཔྱོད་པ་བོང་ཕྲུག་རྟོད་ལ་མནན་འདྲའི་ཡོན་ཏན་པ་མང་དོན། སློབ་ཆེན་འཁོར་བ་རྒྱབ་གྱེས་ན། སྟོང་ལྟའི་འབྲུག་སྐད་དགུང་ནས་སྒྲོག་ཀྱང་བླ་ཚེ་སྲོག་གསུམ་རྐུས་ལ་ཤོར་པའི“ལྔ་རིག་པཎ་ཆེན”མང་བས་ལན་པ་རེད་ལ། འུ་ཅག་གི་འཁོར་བའི་གནས་རིས་འདི་ན། སྙིང་རྗེའི་མེ་ཏོག་ཁ་ནས་འཛུམ་ཡང་གྱ་གྱུའི་རྩ་བ་ཞེ་ལ་ཟུག་པའི་མཚན་ཉིད་པ་མང་དོན། སློབ་ཆེན་སྒྱུ་མའི་དགོན་ལྟག་ན། རྒྱུ་འབྲས་ཉེས་དམིགས་གར་དུ་འཁྲབ་ཞོར་འདྲ་བདེན་དྲང་གསུམ་ཞབས་ཀྱིས་རྫི་བའི“སྒྲོལ་བའི་མགོན་པོ”མང་བས་ལན་པ་རེད། འུ་ཅག་གི་འཁོར་བའི་གནས་རིས་འདི་ན། མི་ལུས་ཐོབ་ཐང་གླུ་རུ་གྱེར་ཡང་རྒྱུག་ཁྱིའི་རྣམ་ཐར་སྲོལ་ལ་རྩི་བའི་ཡི་གེ་བ་མང་དོན། སློབ་ཆེན་ངོ་འཛིན་གཞིས་ཀ་ན། སྐྱེ་བོའི་རྩིས་ཐང་རྡོག་པས་བརྫིས་ནས་སྟག་གི་མདུན་སར་ཁྱི་རྔ་གཡུག་པའི“སྐྱ་བ་འཛིན་པ”མང་བས་ལན་པ་རེད། འུ་ཅག་གི་འཁོར་བའི་གནས་རིས་འདི་ན། མཐུན་ལམ་ཆིག་དྲིལ་ཁ་ལ་འཁྱེར་ཡང་ཉེ་རྒྱང་བསྙེན་བསྲིང་སྲོག་ཏུ་འཛིན་པའི་དཔེ་ཆ་བ་མང་དོན། སློབ་ཆེན་ལྷ་མིན་འདུ་ར་ན། ཕྱོགས་ཞེན་མེ་ཆེན་སྙིང་ལ་སྦར་ནས་སྒོ་གསུམ་རིས་གཅོད་ཐབ་ལ་འཚོད་པའི“བླ་མགར་སྲོག་མགར”མང་བས་ལན་པ་རེད། འུ་ཅག་གི་འཁོར་བའི་གནས་རིས་འདི་ན། ལྟོ་ཆས་སྔོན་མོ་ནས་ལ་བྱེད་ཀྱང་སྒོ་ང་མི་ཡི་ལུང་པར་གཏོང་བའི་ངག་རིག་པ་མང་དོན། སློབ་ཆེན་དམིགས་མེད་ཡང་སྟེང་ན། མི་ཡི་པདྨ་བཀའ་ཐང་བཀླགས་ནས་རང་གི་ཡི་གེ་དྲུག་མ་བརྗེད་པའི“རིག་པའི་དེད་དཔོན”མང་བས་ལན་པ་རེད། འུ་ཅག་གི་འཁོར་བའི་གནས་རིས་འདི་ན། ཁ་བཤད་འོ་མའི་རྒྱ་མཚོ་འཕྱུར་ཡང་ཐབས་ངན་དུག་རྩ་ཞེ་ལ་ཉར་བའི་སྣེ་འཛིན་པ་མང་དོན། སློབ་ཆེན་བདེན་བརླག་གྲོང་ཚོ་ན། གཏིང་རྩུབ་བསམ་པ་ནག་པོ་ལ་ཁ་འཇམ་སོ་ཕྲེང་དཀར་རྩི་བྱུགས་པའི“སྒྱུ་མའི་བཟོ་བོ”མང་བས་ལན་པ་རེད། མདོར་ན། ཕྱི་བལྟས་རྫ་རི་སྨུག་པོར་སྣང་ཡང་ནང་བལྟས་རྫ་ཁོག་སྟོང་པར་སོང་བའི་འུ་ཅག་གི་སློབ་ཆེན་སློབ་གསོའི་ཕྱི་ནང་བར་གསུམ་ཞན་ཆ་བརྒྱ་དང་ཉེས་ཆ་སྟོང་གིས་བདག་གིར་བྱས་ཡོད་དོན། དགེ་རྒན་རིག་པའི་དཔུང་ཚོགས་དང་སྣེ་འཛིན་དཔུང་གི་ཁ་ལོ་བ་དག་གི་ཐུགས་ཀྱི་གཏད་ཕྱོགས་དང་ལྗགས་ཀྱི་སྐྱོད་ཕྱོགས། སྤྱན་གྱི་གཡོ་ཕྱོགས་ལ“རྒྱུ་འབྲས་ཁོང་རུལ”དང“འཛམ་གླིང་བྱེས་བྲལ”གྱི་མི་འདོད་ནད་རྟགས་ད་དུང་ངང་ངམ་ཤུགས་ཀྱིས་བྱུང་འདུག་པའི་རྐྱེན་གྱིས་རེད་ལ། དེ་ལ་བརྟེན་ནས་ཡུལ་ལུང་འདིའི་ཕྱི་ནང་བར་གསུམ་གྱི་འཕེལ་སྐྱེད་ལ་ཅིས་ཀྱང་ཐོན་དགོས་ངེས་ཀྱི་སློབ་གསོའི་སྣེ་ཤན་མཛུབ་སྟོན་ད་དུང་བུམ་ནང་གི་མར་མེ་དང་དོང་ནང་གི་མེ་ཏོག་དངོས་ཡིན་པ་འདིའོ། ། 

མཇུག་གི་སྨོན་སེམས།

མི་རིགས་འདིའི་དུས་བབ་ཀྱི་དགོས་བྱེད་ཕྱོགས་ནས་བལྟས་ན། འུ་ཅག་གི་སློབ་ཆེན་སློབ་གསོའི་འབྱུང་གནས་དོན་དམ་པར་ས་ཟད་རྡོ་ལ་ཐུག ལག་ཟད་དཔུང་བར་ཐུག་དང་ཐུག་འགྱུར་གྱི་སྔ་ལྟས་ཕྱི་རྟགས་མངོན་སུམ་མིག་ལ་གཟུགས་ཅན་དུ་འཆར་བཞིན་པ་འདི་ལགས་ན། སློབ་གསོའི་སྡེ་ཚན་རང་ཉིད་མུ་མཐུད་ནས་ལྟག་ཆད་ཀྱི་རྫིང་བུ་ཤི་རོའམ་ཤུལ་རིང་གི་མགྲོན་པོ་མགོ་འཁོར་དུ་འགྱུར་ཉེན་གྱི་རྐྱེན་རྩ་ཆུང་ཟློག་ལ་སྔ་མོ་ནས་འབད་དེ། འཛམ་གླིང་ཡུལ་གྲུ་གཞན་དང་འཁྲིས་ཀྱི་མི་རིགས་གཞན་གྱི་སློབ་ཆེན་སློབ་གསོ་ཇི་བཞིན། རྨོངས་འཁྲུལ་གཡོ་གསུམ་དང་སྒེར་དོན་སྤྱི་འགེབས་ཀྱི་འདམ་རྫབ་རྒྱ་མཚོ་ལས་མངོན་པར་ཐར་ནས། སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་པའི་ཕྱི་ནང་བར་གསུམ་གྱི་དགེ་བོགས་སྔར་ལས་ཀྱང་གཟུགས་ཅན་དུ་གཏང་རྒྱུ་ནི། འུ་ཅག་གི་སློབ་ཆེན་སློབ་གསོ་རྒན་མོ་ཕྱུགས་སྐྱོང་གི་དཔེ་རུ་མ་སོང་བར་ཡང་དག་དོན་གྱི་འཚོ་བའི་སྣེ་ཤན་དུ་འགྱུར་བའི་གནད་ཀྱི་དམ་པའོ། ། 

དེ་ལྟ་བས་ན། འུ་ཅག་གི་སློབ་ཆེན་དགེ་རྒན་རྣམས་ཀྱིས་ཀྱང་། སློབ་ཆེན་སློབ་གསོ་གང་ཞིག་སྲོལ་རྒྱུན་སློབ་གསོའི་དཔེ་ལུགས་ལས་རྣམ་པར་འབྱེད་བྱེད་དུ་གྱུར་པའི་དུས་རྟོགས་ཏེ། ཡོན་ཏན་གྱི་ཆུ་མགོ་དང་རིག་གནས་ཀྱི་ཕབས་རྟ། དཔྱོད་ཤེས་ཀྱི་བཙན་ས། གསར་གཏོད་ཀྱི་འབྱུང་གནས། གསར་རྙེད་ཀྱི་ནོར་གླིང་། དྲང་བདེན་གྱི་སོ་མཁར། ཀུན་སྤྱོད་ཀྱི་ཕ་ས། རྒྱུ་འབྲས་ཀྱི་རྫོང་གཞིས། གནས་ལུགས་ཀྱི་བཙན་རྫོང་། འཚོ་གནས་ཀྱི་ལམ་སྟོན། རང་དབང་གི་དགའ་ཚལ་ཏེ། དོན་ལ་སློབ་ཆེན་ཞེས་པའི་མིང་གི་ཆ་ཤས་ཕྱི་མ“ཆེན”ནམ“ཆེན་མོ”ཞེས་པ་འདི་ཉིད་ལ་དུས་བབ་ཀྱི་སྲོག་གི་དབང་པོ་དངོས་སུ་ཞུགས་པའི་ཉེར་བསྡོགས་འདི་དག སྲོལ་རྒྱུན་སློབ་གསོའི་ཐུགས་དབུས་པདྨ་གེ་སར་སྡོང་སྟེང་དུ་བཞུགས་སུ་གསོལ་ཐབས་ལ་ཞལ་ཞེ་གཉིས་མེད་ཀྱིས་འབད་དེ། མ་མཐའ་ཡང་ཨེ་ཤ་ཡ་ཤར་མའི་སློབ་ཆེན་འབྲིང་གི་གྲལ་མཐའ་ཙམ་ཨེ་ཟིན་ལ་འཁུར་བསམ་ཞེ་སྐྱེད་བླ་མེད་གནང་དགོས་ལ། དེ་ལྟ་བུའི་གནད་ཀྱི་འཁྲི་ཆ་འདི་ཉིད་དགེ་རྒན་གཅིག་པུར་མ་བགོས་སློབ་ཆེན་ཁྱིམ་གཞིས་ཆེན་མོའི་ནང་ལོགས་ན་འཚོ་ཞིང་གཞེས་པའི་མི་རྒྱུད་རྩ་ལག་དང་བཅས་པ་ཐུན་མོང་གི་ཕྲག་གོང་དུ་རང་ཆས་ཀྱིས་བབས་ཡོད་གཤིས། དུས་ཀྱི་གཉན་འཕྲང་འདི་འདྲའི་སྐབས་སུ། ཁྲག་གི་བཞུར་རྒྱུན་མ་འགགས་ཤིང་རུས་པའི་ཁ་དོག་མ་ཉམས་པའི་སློབ་ཆེན་པ་རྣམས་ཀྱིས་ཀྱང་། ཕོར་པ་ཆག་ན་སྒེར་གྱོང་དང་རྫ་ཁོག་ཆག་ན་སྤྱི་གྱོང་ཡིན་པའི་བསླབ་བྱ་འདི་ཉིད་ཚིག་གི་ན་ཡམ་ཙམ་མ་ཡིན་པར་དངོས་པོའི་གནས་ཚོད་འཁྲུལ་མེད་རང་ཡིན་ལུགས་མཐའ་གསལ་མཐིལ་མཐོང་གིས་ངེས་རྒྱུ་གཞིར་བྱས། ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས་ཁོང་གི《སྡོམ་གསུམ་རབ་དབྱེ》ལས། བླ་མ་ངན་ལ་དད་པ་དང་། ། ཆོས་ངན་པ་ལ་མོས་པ་དང་། ། སྒོམ་ངན་པ་ལ་དགའ་བ་ནི། ། མ་དག་པ་ཡི་དད་པ་ཡིན། ། ཞེས་དང་། ནུབ་ཕྱོགས་མཚན་ཉིད་མཁན་ཆེན་ཨ་རུ་སི་ཏོ་ཏལ་གྱིས།“ཁོ་བོ་རང་ཉིད་ཀྱི་དགེ་རྒན་ལ་དགའ་སྟེ། དེ་བས་ཀྱང་གནས་ལུགས་ལ་དགའ”ཞེས་དགེ་བའི་བཤེས་གཉེན་བསྟེན་སྐོར་གྱི་སྤང་བླང་འཇོག་ལེན་ཞིབ་ཏུ་གསུངས་འདུག་པ་དག་ལ་བློ་ཁ་ནང་བསྐོར་གྱིས་མིག་ལྟོས་ལེགས་པར་བྱས་ཏེ།“སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང”བའི་རྨོངས་ཞེན་ཨ་འཐས་ཀྱི་དགེ་རྒན་བསྟེན་ཚུལ་ལམ། སློབ་གཉེར་བྱེད་སྟངས་ཡུལ་དུས་གནས་བབ་དང་རྒྱབ་འགལ་དུ་ཕྱིན་པ་དེ་རིགས་ཀྱི་བག་ཆགས་ཕྲ་རགས་ད་ལྟ་ཉིད་ནས་སྤངས། སྲོག་ལྡན་གཞན་ལ“འཇིག་རྟེན་བྱེད་པོས”མ་གནང་པའི་དལ་འབྱོར་གྱི་བདག་རྐྱེན་གཙོ་བོ་སྟེ་སྤྱི་བོ་གནམ་གཏད་ཀྱི་འགྲོ་བ་འདི་ཁོ་ནར་དབང་བའི་རང་དབང་གི་བློ་དཔྱོད(自由意志)འདི་ཉིད་ཅི་ནས་ཀྱང་ཆུད་ཟོས་སུ་མི་གཏོང་བར་མི་ཡི་མཚན་ཉིད་དུ་གོ ཚེ་ཡི་སྙིང་པོར་རྟོགས། སྐྱེ་བའི་རྩ་བར་བཟུང་། ནུས་པའི་རྩལ་དུ་སྤྲུགས་ཏེ། བོད་དུ་སྐྱེས་ནས་བོད་རྩམ་མི་ཚེ་ལ་ཟོས་པའི་རིན་དོད་ཅུང་ཟད་རེ་དབུལ་ཨེ་ཐུབ་ལ་ལྷག་བློ་ཆེར་སྐྱེད་གནང་དགོས་སྙམ་མོ། །


* འགྱན་སངས། བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


① དེ་སྐད་དུ《བྱང་ས》ལས། ཚུལ་ཁྲིམས་ལྡན་ཅིང་མང་དུ་ཐོས། ། རྟོགས་པ་དང་ནི་སྙིང་བརྩེར་ལྡན། ། མི་འཇིགས་བཟོད་ལྡན་སྐྱོ་བ་མེད། ། ཚིག་གི་བྱ་བ་ལྡན་པའོ། ། གསུངས་པའི་ཐེག་དམན་གྱི་དགེ་བའི་བཤེས་གཉེན་ནམ་ཡོངས་འཛིན་དང་། 《མདོ་སྡེ་རྒྱན》ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། ། གསུངས་པའི་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གཉིས་ཕན་དབྱེར་མེད་དུ་བསྲེས་པ། དེ་བཞིན་དུ《སུམ་བརྒྱ་བ》ལས། ཚུལ་ཁྲིམས་ལྡན་ཅིང་འདུལ་བའི་ཆོ་ག་ཤེས། ། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། ། ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། ། དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། ། གསུངས་པ་ལྟར་གྱི་སོ་ཐར་གྱི་དགེ་བའི་བཤེས་གཉེན་ནམ་སློབ་དཔོན་དང་། 《མདོ་སྡེ་རྒྱན》ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། སོགས་གོང་གི་ཚིག་རྐང་དག་གིས་བསྟན་པའི་ཐེག་ཆེན་བྱང་སེམས་ཀྱི་བླ་མའམ་སློབ་དཔོན་དང་། དེ་སྐད་དུ། རྡོ་རྗེ་སློབ་དཔོན་བརྟན་དུལ་བློ་གྲོས་ཅན། ། བཟོད་ལྡན་གཡོ་མེད་སྔགས་རྒྱུད་སྦྱོར་བ་ཤེས། ། བརྩེ་ལྡན་མཁས་ཤིང་དེ་ཉིད་བཅུ་མཐར་སོན། ། དཀྱིལ་འཁོར་ལས་མཁས་སྔགས་བཤད་སྤྱོད་པ་ཤེས། ། གསུངས་པ་ལྟར་གྱི་སྔགས་ཀྱི་བླ་མའམ་སློབ་དཔོན་གསུམ་ཕན་ཚུན་དབྱེར་མེད་དུ་བསྲེས་པ། སོ་ཐར་གཅིག་པུའི་དབང་དུ་བྱས་ན་དེ་ལ་མཁན་པོ་དང་ལས་ཀྱི་སློབ་དཔོན། གསང་སྟོན། གནས་སམ་ཀློག་གི་སློབ་དཔོན་སོགས་ཀྱི་དབྱེ་སྡུད་ཡོད་པ་རྣམས་དབྱེར་མེད་དུ་བསྲེས་པ། ཕར་ཕྱིན་གཅིག་པུའི་ལུགས་ལའང་དགེ་བའི་བཤེས་གཉེན་སོ་སྐྱེ་དང་བཤེས་གཉེན་བྱང་སེམས། བཤེས་གཉེན་སངས་རྒྱས་སྤྲུལ་སྐུ། བཤེས་གཉེན་ལོངས་སྤྱོད་རྫོགས་སྐུ་སོགས་ཡོད་པ་རྣམས་དབྱེར་མེད་དུ་བསྲེས་འདུག་པས་མཚོན་ནོ། །

② ཟི་པེན་ནོ་ཟ་ནི་བརྒྱ་ལོ༡༧པར་ནུབ་ཕྱོགས་ཧོ་ལན་ཡུལ་དུ་སྐུ་འཁྲུངས་པའི་མཚན་ཉིད་མཁན་ཆེན་དང་མི་ཆོས་མཁན་ཆེན་ཏེ། སྐུ་ཚེ་གང་པོ་དབེན་པའི་གྲོང་གསེབ་ནས་བསྐྱལ་ཅིང་། ཟང་ཟིང་གི་འབྱོར་བས་ཤིན་ཏུ་ཕོངས་ནས་ཉིན་རེའི་འཚོ་བའང་འཁྱོལ་དཀའ་བར་གྱུར་ནའང་། ཁ་དྲག་བཙན་ཕྱུག་དག་གི་གནང་འགྱེད་དང་གདན་ཞུ་ལས་བསྐོ་དང་དུ་མི་ལེན་པར་མི་གླ་རྒྱུགས་ཏེ་བདེན་པའི་ལྟོ་ཟོས། གཙང་མའི་གོས་གྱོན་ནས་འཇིག་རྟེན་སྤྱི་ལ་མི་བུའི་རྩིས་ཐང་སྲོག་ཏུ་བྱས་པའི་འདྲ་བདེན་དྲང་གསུམ་གྱི་མིག་ལྟོས་བླ་མེད་བཞག་ནས་མི་ཡུལ་དང་ཞལ་གྱེས་གཤིས། ནུབ་གླིང་འཇིག་རྟེན་དུ། སྔོན་ཆད་སོ་ཁི་ར་ཐེ་ཡོད། ད་ལྟ་ཟི་པེན་ནོ་ཟ་ཡོད་ཅེས་པའི་ཁ་རྒྱུན་དེ་ཡང་བྱུང་ངོ་། །



མ་འོངས་སློབ་གྲྭའི་ཡུལ་དུས་འཕོ་འགྱུར་གྱི་འཕེལ་ཕྱོགས།

ཀ་རིང་ཚེ་སྐྱོང་གིས་བསྒྱུར། *

“མ་འོངས་སློབ་གྲྭ”ཞེས་པ་ནི་གཟབ་ནན་གྱི་རིག་གཞུང་ཐ་སྙད་ཅིག་མ་ཡིན་པར་མ་ཟད། གཅིག་གྱུར་གྱི་དཔེ་དབྱིབས་རྣམ་པ་ཞིག་ཀྱང་མེད་ལ། དེ་ནི་མི་རྣམས་ཀྱི་རྒྱུན་སྲོལ་དང་མི་མཐུན་པའི་སློབ་གྲྭའི་ཚུགས་ཀ་རྣམ་པའི་རེ་སྙེག་སྣ་མང་ཅན་ཞིག་ཡིན་པ་རེད། དངོས་ཡོད་ཀྱི་སློབ་གྲྭའི་ཡུལ་དུས་ནི“ལས་ཕྱོད་ཀྱི་སྤྱི་ཚོགས”དང“རྒྱུགས་ལེན་གྱི་སློབ་གསོ”།“ཕན་པ་ཅན་གྱི་ཁྱིམ་ཚང་སློབ་གསོ”བཅས་ཀྱི་ཤུགས་རྐྱེན་ཅི་རིགས་ཐེབས་པའི་དབང་གིས། བཀག་སྡོམ་རང་བཞིན་དང་ས་ཁོངས་ཅན། ཆེད་ལས་རང་བཞིན་དང་ཚད་ལྡན་ཅན་གྱི་ཚུགས་ཀ་རྣམ་པ་ཞིག་མངོན་པར་ཆགས་ཡོད་ལ། གཞི་ཁྱོན་ཅན་དང་འཕྲུལ་ཆས་ཅན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་གནས་ཡུལ་དུ་གྱུར་ཡོད། དེ་ཡང་ཞིབ་ཚགས་ཀྱི་དོ་དམ་ནས་བྱེ་བྲག་གི་སྐར་མའི་བར་གྱི་སློབ་གྲྭའི་དུས་ཚོད་ཡིན་ནའང་འདྲ། ཡང་ན་གྲུ་ཟུར་རེ་རེར་ལྟ་ཞིབ་ཚོད་འཛིན་བྱེད་པའི་སློབ་གྲྭའི་བར་སྟོང་ཡིན་ནའང་འདྲ། གང་ལྟར་ཚང་མས་སློབ་གྲྭར་གང་ལ་གང་འཚམ་གྱི་བབ་བསྟུན་དང་གསོན་ཤུགས་ཀུན་ནས་ཤོར་དུ་བཅུག་ཡོད། ཏག་ཏག་འདི་འདྲ་བའི་རྒྱབ་ལྗོངས་དངོས་ཀྱི་འོག་ཏུ། འཛམ་གླིང་གོ་ལ་ཡོངས་ཀྱིས་མ་འོངས་པའི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་གནང་བའི་མགོ་ཡང་ལེགས་པར་བརྩམས་འདུག་པ་རེད། 

འཛམ་གླིང་སྟེང་དུ“མ་འོངས་སློབ་གྲྭ”ཞེས་མིང་བཏགས་པའི་སློབ་གྲྭ་ཐོག་དང་པོ་ནི་ཝེ་རོན་ཚོགས་ཁག་དང་ཨ་རིའི་ཧྥེ་ཁྲེང་སློབ་ཁུལ་གྱིས2003ལོར་གྲབས་འཛུགས་བྱས་པ་དང་། 2006ལོར་བདེ་བླག་ངང་ལེགས་པར་འཛུགས་གྲུབ་བྱུང་བ་ཡིན། 2011ལོར་སུའེ་ཏེན་རྒྱལ་ཁབ་ཀྱི་རང་དབང་སློབ་གསོ་རྩ་འཛུགས་ཀྱིས་རང་གི་རྒྱལ་ས་སི་ཐོག་ཁོར་མོ་རུ་མཚན་ལ“vittra Telefon-plan”ཞེས་པའི་སློབ་གྲྭ་ཞིག་གསར་འཛུགས་བྱས་པ་རེད། སློབ་གྲྭ་དེ་ཉིད་སྤྲོ་སྣང་གིས་ཡོངས་སུ་ཁེངས་པའི་གུ་ཡངས་སྒོ་འབྱེད་རང་བཞིན་དང་ཕན་ཚུན་སྤེལ་རེས་རང་བཞིན་གྱི་བར་སྟོང་ཞིག་ཏུ་ཇུས་འགོད་བྱས་ཡོད་པས། སྲོལ་རྒྱུན་གྱི་མཁྲེགས་འཛིན་དང་གཏན་ཆགས་ཀྱིས་དབྱེ་བའི་སློབ་ཁང་ནི་གཅིག་ཀྱང་མེད་པ་རེད། སློབ་གྲྭས་བྱིས་པ་རྣམས“རྩེད་འཇོར་རོལ”བའི་ལྷན་སྐྱེས་ཀྱི་གཤིས་ཀར་བརྩི་འཇོག་བྱེད་པ་གཙིགས་སུ་བཟུང་ནས། ཚོན་མདངས་རྣམ་པ་སྣ་ཚོགས་ཁྲ་ལམ་མེར་བཀྲ་ཞིང་བྱིས་པར་སྤྲོ་སྣང་གིས་ཁེངས་པར་བྱེད་པའི་བཟོ་དབྱིབས་ཚུགས་ཀ་ཅན་གྱི་ཁྱིམ་ཆས་ཅ་ལག་སྡེབ་སྒྲིག་བྱས་པ་ལ་བརྟེན་ནས། རོལ་རྩེད་དང་སློབ་སྦྱོང་གི་ཆེད་དུ་ཡོད་སྲིད་པ་མང་པོ་ཞིག་བཟོ་སྐྲུན་གང་ལེགས་བྱས་ཡོད། 

མ་འོངས་སློབ་གྲྭའི་ཡུལ་དུས་འཕོ་འགྱུར་གྱི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས་པ་ཡིན་ན། ང་ཚོས་སྔར་ལས་བཟང་པོའི་སྒོ་ནས་མ་འོངས་པ་ཞིག་འཐོབ་ཐུབ་པ་ལ་ཕན་ཐོགས་བླ་ན་མེད་པ་ཡོད་རྒྱུ་རེད།

གཅིག“བར་ཆོད་པའི་ཡུལ་དུས”ནས“ཕན་ཚུན་སྦྲེལ་བའི་ཡུལ་དུས”ཕྱོགས་སུ་སྐྱོད་པ།

མ་འོངས་སློབ་གྲྭ་དེ་སྲོལ་རྒྱུན་གྱི་སློབ་གྲྭ་ལ་ཁྱད་པར་འབྱེད་བྱེད་ཀྱི་མངོན་རྟགས་འབུར་དུ་ཐོན་པ་ཞིག་ནི་དེའི་ཡུལ་དུས་ཀྱི་ཕན་ཚུན་སྦྲེལ་བའི་རང་བཞིན་ཡིན་པ་དང་། དེ་ནི་གསལ་པོར་བཤད་ན།“མི་ཡོད་ཚད་ཀུན་ལ་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་བྱེད་ཐུབ་པ་ཡིན”ཞེས་པ་རེད། སྲོལ་རྒྱུན་སློབ་གྲྭའི་སློབ་སྦྱོང་དུས་རིམ་སོ་སོའི་དབྱེ་ཕྲལ་དང་ལོ་རིམ་རེ་རེའི་དབྱེ་འབྱེད། འཛིན་གྲྭ་སོ་སོའི་དབྱེ་འཛུགས་བྱེད་ཚུལ་རྣམས་སློབ་མའི་མཉམ་འབྲེལ་སློབ་སྦྱོང་དང་ལོ་ན་ཆེ་ཆུང་བསྲེས་ཏེ་སློབ་སྦྱོང་བྱས་པ་དང་བསྟུན་ནས་རིམ་གྱིས་ཞི་བར་ཡལ་སོང་། བཀག་སྡོམ་ཅན་གྱི་སློབ་གྲྭའི་གྱང་ར་དང་སློབ་ཁང་རེ་རེའི་བར་དུ་བར་མཚམས་གཅོད་བྱེད་ཀྱི་གྱང་ལྡེབས། སློབ་རའི་ནང་གི་སློབ་ཁྲིད་དང་འགུལ་སྐྱོད། འགྲོ་འཆག་ཉལ་འདུག་གི་འཚོ་བའི་ཁུལ་བཅས་ཀྱི་བྱེད་ལས་ཁོལ་གཅོད་བྱས་པ་སོགས་ལ་བཀག་སྡོམ་བར་ཆོད་ཀྱི་ནུས་པ་མི་ལྡན་པའི་རྐྱེན་གྱིས་མཐོང་ལམ་ནས་ཡལ་བར་གྱུར། སྔོན་ཆད་གཏན་འཇགས་ཡིན་པའི་མི་རྣམས་གཏན་ཆགས་ཀྱི་དུས་ཚོད་དང་ས་གནས་སུ་བསྡད་ཡོད་ཅིང་། འགྱུར་མེད་གཏན་ཆགས་ཀྱི་ནང་དོན་སློབ་སྦྱོང་བྱེད་པའི་སྲོལ་རྒྱུན་གྱི་སློབ་གསོ་དག་ནི་ད་ལྟ་རིམ་གྱིས་མེད་པར་ཡལ་བཞིན་འདུག་ལ། མི་གང་རུང་ཞིག་གིས་དུས་ཚོད་གང་ཞིག་དང་ས་གནས་གང་ཞིག་ཏུ་ནང་དོན་ཇི་ལྟ་བུ་ཞིག་སློབ་སྦྱོང་བྱེད་པའི་ཁྱབ་ཆེའི་སློབ་གསོ་ཚང་མ་ད་ལྟ་དར་བཞིན་པའི་སྒང་རེད། “འཕྲིན་སྦྲེལ་དྲ་བ”ལ་ངོ་བོའི་སྟེང་དུ་གུ་ཡངས་སྒོ་འབྱེད་དང་འདྲ་མཉམ། མཉམ་སྤྱོད། གསར་སྐྲུན་བཅས་ཀྱི་རང་གཤིས་ངོ་བོ་ལྡན་པ་དང་། བྱ་དངོས་ཡོད་ཚད་མཉམ་དུ་འབྲེལ་ཞིང་། མི་དང་འཕྲུལ་ཆས་ཕན་ཚུན་མཉམ་འབྲེལ་སྤེལ་རེས་བྱེད་པ་དང་། གནམ་ས་གཞི་གཅིག་ཏུ་བསྲེས་པ་བཅས་ནི་དེའི་བྱེད་ལས་ཀྱི་ནུས་པ་ལྷང་ངེར་གནས་ས་རེད། 

“འཕྲིན་སྦྲེལ་དྲ་བ+སློབ་གསོ”ཞེས་པའི་དུས་རབས་ཀྱིས་སྔར་ལས་ལྷག་པར་རྒྱལ་ནང་དང་རྒྱལ་ཕྱི། སློབ་གྲྭའི་ནང་དང་སློབ་གྲྭའི་ཕྱི། སྐུད་ལམ་དང་སྐུད་ལམ་མ་ཡིན་པ། འདས་པ་དང་མ་འོངས་པའི་མཉམ་འདྲེས་དང་བརྗེ་རེས་སྔར་བས་ཀྱང་ཐོབ་ཏུ་འཇུག་པར་འགྱུར་སྲིད། དཔེར་ན། ས་ཨེར་མན.ཁོ་ཧན་ལགས་ཀྱིས2006ལོར་གསར་འཛུགས་གནང་བའི་ཁོ་ཧན་སློབ་གླིང་ནི་རིན་པ་མི་ལེན་པའི་སློབ་གསོའི་ཐོན་ཁུངས་དྲ་ཚིགས་ཤིག་ཡིན་པ་ལྟ་བུ་རེད། དེའི་ནང་དོན་ལ་རྩིས་རིག་དང་ཚན་རིག ལོ་རྒྱུས། སྒྱུ་རྩལ་སོགས་ཀྱི་སློབ་ཁྲིད་བརྙན་ཐུང་མང་པོ་འདུ་བ་རེད། 2015ལོའིཟླ5པའི་བར་རག་ལ། ཁོ་ཧན་སློབ་གླིང་གི་གློག་བརྙན་ཐུང་ངུའི་བལྟས་ཚད་ནི་ཐེངས་གྲངས་དུང་ཕྱུར་གཉིས་དང་བྱེ་བ་ལྔ་རུ་སླེབས་ཟིན། དྲ་རྒྱའི་འཕྲིན་སྟེགས་འདི་ཉིད་བརྒྱུད་ནས། ས་ཁུལ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་སློབ་གྲྭ་དང་ཐོན་ཁུངས་གང་མང་ལ་ཀུན་ནས་སྦྲེལ་ཡོད་པས།“སའི་གོ་ལའི་གྲོང་ཚོ”མངོན་འགྱུར་བྱེད་པའི་འཕྲིན་སྦྲེལ་མཉམ་སྤྱོད་ཀྱི་དམིགས་འདུན་དེ་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ཏེ་མིག་མཐོང་ལག་ཟིན་གྱི་དངོས་ཡོད་དུ་བསྟན་འདུག

གཉིས།“གཅིག་མཚུངས་ཀྱི་ཡུལ་དུས”ནས“སྒེར་གཤིས་ཀྱི་ཡུལ་དུས”ཕྱོགས་སུ་སྐྱོད་པ།

མ་འོངས་པའི་སློབ་གྲྭ་དེ་སྲོལ་རྒྱུན་གྱི་སློབ་གྲྭ་ལ་ཁྱད་པར་འབྱེད་བྱེད་ཀྱི་འཕེལ་ཕྱོགས་གཞན་ཞིག་ནི་དེའི་ཡུལ་དུས་ཀྱི་སྒེར་གཤིས་ཅན་དེ་ཡིན་པ་དང་། དེ་ནི་གསལ་པོར་བཤད་ན།“སློབ་མ་རེ་རེའི་ཆེད་དུ་གཏན་སྲོལ་གྱི་སློབ་གསོ་འདོན་སྤྲོད་བྱེད་པ”ཞེས་པ་དེ་རེད། སྲོལ་རྒྱུན་གྱི་སློབ་གྲྭའི་གཅིག་མཚུངས་ཀྱི་སློབ་གྲྭའི་ལམ་ལུགས་དང་། གཅིག་མཚུངས་ཀྱི་སློབ་སྐབས། གཅིག་མཚུངས་ཀྱི་སློབ་གྲྭའི་འཕེལ་རིམ། གཅིག་མཚུངས་ཀྱི་སློབ་གྲྭར་འགྲོ་བ་དང་སློབ་གྲྭ་གྲོལ་བའི་དུས་ཚོད། འཛིན་གྲྭ་སོ་སོའི་གཅིག་མཚུངས་ཀྱི་སློབ་ཁྲིད་རེའུ་མིག་དང་གཅིག་མཚུངས་ཀྱི་སློབ་ཁང་ལ་སོགས་པའི“གཅིག་མཚུངས”འདི་དག་ནི་ཡོངས་སུ་གཏོར་ཏེ། ཚབ་མཚོན་དུ་བྱས་ཡོད་པ་ནི་དུས་ཚོད་དང་བར་སྟོང་གི་ཡུལ་དུས་གྲུབ་ཚུལ་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བརྒྱུད་ནས། དེ་ལས་གཞན་པའི་བསླབ་ཚན་དང་དགེ་རྒན། ལག་རྩལ། དོ་དམ་བདག་གཉེར་སོགས་ཕྱོགས་མང་པོ་ཞིག་མཉམ་འདྲེས་བྱེད་རྒྱུ་ཡིན་པ་དང་། ཆགས་གྲུབ་བྱུང་བའི་རྣམ་པ་དེ་ཉིད་ཀྱང་སློབ་མ་རེ་རེ་འཕེལ་རྒྱས་འབྱུང་བའི་སྒེར་གཤིས་ཅན་གྱི་རྒྱབ་སྐྱོར་མ་ལག་ལ་དེ་བས་ཀྱང་འཚམ་ཞིང་འཕྲོད་མཐུན་ཡིན་པ་རེད།

སློབ་གསོ་ནི་གདམ་གསེས་བྱེད་རྒྱུ་ཞིག་མ་ཡིན་པར། བརྟག་དཔྱད་གཏོང་རྒྱུ་ཞིག་ཡིན་པ་དང་། ཚད་ལྡན་ཅན་དང་རང་གཤིས་ཅན་དང་གཏན་སྲོལ་ཅན་དུ་གཏོང་བ་དེ་མ་འོངས་པར་ཤིན་ཏུ་གཙོ་རྒྱུག་ཆེ་བའི་སློབ་སྦྱོང་བྱེད་སྟངས་སུ་འགྱུར་རྒྱུ་རེད། མ་འོངས་པའི་སློབ་གྲྭར་གཅིག་མཚུངས་ཀྱི་སློབ་གྲྭའི་ལམ་ལུགས་མེད་པར་འགྱུར་རྒྱུ་ཡིན་པ་དང་། སྲོལ་རྒྱུན་གྱི་སློབ་རིམ་དང་འཛིན་གྲྭའི་རིམ་པ་ཡང་མི་འདུག་པ་རེད། སློབ་གྲོགས་རྣམས་ལ་ལོ་ཚད་དང་བསླབ་རིམ་གྱི་ཚད་བཀག་མེད་པ་ཡིན་པས། མི་རེ་རེ་ཚང་མ་ལ་རང་ཉིད་ཁོ་ནར་གཏོགས་པའི་སློབ་ཚན་རེའུ་མིག་གཅིག་རེ་ཡོད་པ་ལགས། དཔེར་ན། པེ་ཅིན་གྲོང་ཁྱེར་གྱི་སློབ་གྲྭ་བཅུ་གཅིག་གི་སློབ་མ་རྣམས་ཀྱིས“འཛིན་གྲྭའི་སློབ་ཁྲིད་ལ་ཉན་དུ་འགྲོ”བའི་ལམ་ལུགས་ཁྱད་པར་བ་དེ་སྤྱད་ནས། མི་རེ་རེ་ཚང་མས་རང་ཉིད་ཀྱིས་བདམས་པའི་བསླབ་ཚན་གྱི་བཀོད་སྒྲིག་ནང་ལྟར་མི་བུ་སྒེར་གྱི་ཉིན་གཅིག་གི་“བཞུད་ལམ”དུ་སྐྱོད་དགོས་པ་རེད།

གསུམ།“སྣ་གཅིག་གི་ཡུལ་དུས”ནས“སྣ་མང་གི་ཡུལ་དུས”ཕྱོགས་སུ་སྐྱོད་པ།

མ་འོངས་པའི་སློབ་གྲྭ་དེ་སྲོལ་རྒྱུན་གྱི་སློབ་གྲྭ་ལ་ཁྱད་པར་འབྱེད་བྱེད་ཀྱི་འཕེལ་ཕྱོགས་གཞན་ཞིག་ནི་དེའི་ཡུལ་དུས་ཀྱི་སྣ་མང་ཅན་དེ་ཡིན་པ་དང་། དེ་ནི་གསལ་པོར་བཤད་ན།“སློབ་མའི་ཆེད་དུ་དེ་ལས་མང་བའི་གདམ་གསེས་འདོན་སྤྲོད་བྱེད་པ”ཞེས་པ་དེ་རེད། 

སྲོལ་རྒྱུན་གྱི་སློབ་གྲྭ་ནི་སློབ་གྲྭའི་ལམ་ལུགས་དང་སློབ་སྐབས། བསླབ་ཚན། སློབ་ཁང་། སྒོ་སམ། ཁྲིད་སྟེགས། ས་སྨྱུག དགེ་རྒན། སློབ་དེབ་སོགས་ཀྱིས་གྲུབ་པ་ཞིག་ཡིན། སློབ་མ་སློབ་གྲྭ་རུ་ཞུགས་པ་ནས་བཟུང་སྟེ། གཏན་འཁེལ་བྱས་ཟིན་པའི་སློབ་རིམ་དང་། སློབ་ཁང་། འཛིན་གྲྭའི་རིམ་པ། གྲལ་མཚེས། སློབ་ཁྲིད་རེའུ་མིག དགེ་རྒན་སོགས་ལ་གདོང་གཏོད་བཞིན་དུ་སློབ་མཐར་ཕྱིན་རེག་བར་སྡོད་དགོས་པ་རེད།“དགེ་རྒན་གྱིས་འཆད་སློབ་མས་ཉན”པའི་དཔེ་དབྱིབས་རྣམ་པ་དེ་བརྟན་བརླིང་སྲ་མཁྲེགས་སུ་གྱུར་ཟིན་པས། དམག་སྒར་རམ་ཡང་ན་འཁོར་ཁང་གི་དྲ་མིག་ཅན་གྱི་ཁང་པ་དང་འདྲ་བའི་སློབ་ཁང་དང་ད་རུང་ཐུན་རེ་རེའི་སློབ་ཚན་གྱིས་གྲུབ་པའི་བསླབ་ཚན་རེའུ་མིག་དང་། སྣ་མང་ཕུན་སུམ་ཚོགས་པ་མ་ཡིན་པའི་རྐྱང་འགྱུར་གྱི་སློབ་གསེང་བྱ་འགུལ། དེ་མིན“ལྗང་ཞིང་གྲུ་བཞིའི་རྣམ་པ”ལྟ་བུའི་འདུག་གནས་ཅོག་ཙེ་རྐུབ་སྟེགས་ཀྱི་གྲལ་ཕྲེང་བསྒྲིགས་པ་ལ་སོགས་འདི་དག་ཡོད་ཚད་ལས་མི་རྣམས་ལ་སྲོལ་རྒྱུན་གྱི་སློབ་གྲྭས་བཞག་པའི་སྤྱི་ཁོག་གི་བག་ཆགས་ཟབ་མོ་དེ་གྲུབ་ཡོད་པ་རེད། འོན་ཀྱང་། ཚུལ་དེ་ལྟ་ནའང་། མ་འོངས་པའི་སློབ་གྲྭའི་ཡུལ་དུས་ནི་རྒྱུ་གཅིག་ཅན་ནས་རྒྱུ་མང་ཅན་གྱི་ཕྱོགས་སུ་འགྲོ་རྒྱུ་ཡིན་པ་དང་། སྣ་གཅིག་ཅན་ནས་མཉམ་འདུས་ཅན་གྱི་ཕྱོགས་སུ་སྐྱོད་རྒྱུ་ཡིན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་དཔག་ཐུབ་བོ། ། 

(2019ལོའི《འཛམ་གླིང་ཡོངས་ཀྱི་སློབ་གསོ་རྒྱང་ལྟ》འདོན་ཐེངས2པ་ལས་བདམས་ཏེ་བོད་ཡིག་ཏུ་བསྒྱུར་བ་ཡིན། ཝང་ཀྲན་གྱིས་བརྩམས)


* ཀ་རིང་ཚེ་སྐྱོང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1