རྗེ་ཙོང་ཁ་པའི་སློབ་གསོའི་བསམ་བློ་ལས་དེང་གི་སློབ་གསོའི་ མིག་ལྟོས་ཀྱི་དོན་སྙིང་ལ་དཔྱད་པ།

ཁྱུང་ཕྲུག་བློ་བཟང་དར་རྒྱས། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


[གནད་བཏུས] བོད་རིག་པའི་གནས་ཀྱི་ལོ་རྒྱུས་ཐོག་བཙུན་པའི་མཁས་པ་མི་ཉུང་པ་བྱུང་བ་བསྙོན་དུ་མེད་ལ། རྗེ་ཙོང་ཁ་པ་ནི་དེ་དག་ལས་ཆེས་རྩེ་མོར་སོན་པར་བརྩིས་ཆོག་པ་ཞིག་ཡིན། ཁོང་ནི་རང་གི་ཐུན་མོང་མ་ཡིན་པའི་རང་ལུགས་བརྟན་པོ་ཡོད་པ། བྱིས་པ་རང་ག་པ་ཞིག་ནས་མཁས་པ་ཆེན་པོར་གྱུར་པ་ཡིན་པ་མ་ཟད། ཟླ་མེད་པའི་བརྩམས་ཆོས་མང་པོ་དང་རབ་འབྱམས་ཤེས་བྱ་རིག་པའི་བསམ་བློ་པ་ཞིག་ཏུ་གསལ། དེ་དང་དུས་མཚུངས་སུ་བོད་རིག་པའི་འཕེལ་རྒྱས་དང་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་བསུབ་ཏུ་མེད་པ་བཞག་པའི་སློབ་གསོའི་བཅོས་སྒྱུར་མཁན་པོ་ཞིག་ཀྱང་ཡིན། ཁོང་གིས་བོད་རིག་པའི་འཕེལ་རྒྱས་ཀྱི་གོ་རིམ་ནང་དུ་ཆེས་དཀའ་བའི་འགག་སྒོ་ཆེན་པོ་བརྟོལ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་སློབ་གསོ་སྒྱུར་བཀོད་ཐེངས་ཤིག་མཛད་ཅིང་། ཕྱོགས་གང་ཐད་ནས་འཐུས་སྒོ་ཚང་པའི་སློབ་གསོའི་མ་ལག་ཅིག་གསར་འཛུགས་གནང་། དེ་ལ་རྗེ་རང་གིས་སྐབས་དེའི་བོད་རིག་པའི་གླེང་སྟེགས་ཁྲོད་ཀྱི་འགལ་འཁྲུལ་དང་འཕེལ་རྒྱས་ཁ་ཕྱོགས་ལ་དག་སྒྲིག་དང་གཙང་སེལ་གྱི་སྒོ་ནས་བོད་རིག་པ་སྤྱི་དང་སྒོས་སུ་ནང་བསྟན་སློབ་གསོའི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས། དེ་ཡང་རྗེ་རང་གིས་རང་ཉིད་ཀྱི་རིག་གཞུང་བརྩམས་ཆོས་དང་ལག་ལེན་མྱོང་བ་དངོས་དང་འཚམ་པ་བརྒྱུད་པས་ཡིད་རྟོན་ཆོག་པའི་སློབ་གསོའི་བསམ་བློ་རྨ་མེད་ཡིན་ནོ། ། དེ་བས་འདིར་ཡིག་ཚང་ཞིབ་འཇུག་གི་ཐབས་ལམ་མྱོང་རོལ་གྱི་སྒོ་ནས་ཁོང་གི་སློབ་གསོའི་བཅོས་སྒྱུར་དང་སློབ་གསོའི་བསམ་བློ་ལ་དཔྱད་ཞིབ་བྱས་ཡོད།

[གནད་ཚིག] རྗེ་ཙོང་ཁ་པ། སློབ་གསོའི་བཅོས་སྒྱུར། སློབ་གསོའི་བསམ་བློ། དགེ་རྒན་བྱེད་ཐབས། སློབ་གཉེར་བྱ་སྟངས།


དང་པོ། སློབ་གསོའི་བཅོས་སྒྱུར་ལེགས་འགྲུབ་ཐེངས་གཅིག

དེ་ཡང་རྒྱ་གར་ནག་ཡུལ་ནས་བོད་གངས་ཅན་ལ་ནང་རིག་པ་གཙོས་བོད་རིག་པ་བྱུང་བ་ནས་བཟུང་རིམ་བཞིན་དེ་ལ་སློབ་གཉེར་གནང་སའི་དགོན་སྡེ་མང་པོ་སྟེ། སློབ་གསོའི་བརྟེན་གཞི་ཁག་སོ་སོ་ནས་བརྒྱུད་སྤེལ་གྱི་མ་ལག་གྲུབ་པ་ཡིན། དེ་ཡང་རྒྱའི་མཁས་པ་ཆེན་པོ་ཆོས་འཕགས་ཀྱིས། བོད་ཀྱི་སློབ་གསོ་ནི་ནང་བསྟན་ཆོས་ལུགས་ཡིན་ནོ། ། ཆོས་ལུགས་དང་ཁ་བྲལ་ན་སློབ་གསོ་ནི་གཞར་ཡང་མ་མཆིས་སོ། །①ཞེས་གསུངས་པ་འདིས་བོད་ཀྱི་སློབ་གསོ་ནི་ནང་བསྟན་དང་ཁ་བྲལ་ཐབས་མེད་པར་གསལ་བཤད་བྱས་འདུག་གོ ། སྤྱི་ལོ779ལོར་བསམ་ཡས་དགོན་པ་གསར་བཞེངས་བྱས་པ་ནས་ནང་བསྟན་རིག་གནས་འཛིན་སྐྱོང་བྱ་བའི་རྩ་འཛུགས་ཅན་གྱི་ནང་བསྟན་དགོན་སྡེ་ཐོག་མ་བྱུང་། དེ་དང་དུས་མཚུངས་སུ་ཅུང་ཟད་ཆ་ཚང་བའི་སློབ་གསོའི་སྒྲིག་འཛུགས་ཀྱང་བྱུང་བ་ཡིན་ནོ། ། སློབ་གསོའི་སྒྲིག་འཛུགས་འདི་ནི་དགོན་པ་ལ་བརྟེན་པའི་སློབ་གསོའི་ར་བ་ཡིན་ལ། བླ་མ་ནི་འཆད་མཉན་གྱི་དགེ་རྒན་དང་། ནང་བསྟན་གཞུང་གི་བརྩམས་ཆོས་དག་བསླབ་དེབ་ཏུ་གསལ་ལོ། ། ཁྱད་པར་དུ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་བྱུང་བའི་རྗེས་ནས་དགོན་སྡེའི་སློབ་གསོའི་རྣམ་པ་དང་། སྒྲིག་སྲོལ། བརྗོད་དོན་བཅས་ཀྱི་ཕྱོགས་ལ་གྱ་ནོམ་པའི་འགྱུར་བ་བྱུང་། རྗེ་ཙོང་ཁ་པ་ནི་རི་བོ་དགེ་ལྡན་པ་གསར་གཏོད་གནང་མཁན་ཡིན་པས་སྔར་ཡོད་བོད་ཀྱི་སློབ་གསོའི་སྒྲིག་གཞི་ལ་རྩ་བའི་ཆ་ནས་བཅོས་སྒྱུར་བྱས་ལ། ཁོང་གི་སློབ་གསོའི་བསམ་བློ་གང་ཉིད་ཐེངས་འདིའི་བཅོས་སྒྱུར་གྱི་མགོ་མཇུག་ཀུན་ལ་སྦྱོར་བར་མཛད་པ་མ་ཟད། ཁོང་རང་ཉིད་ཀྱིས་གནང་བའི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ལག་ལེན་དང་མྱོང་བ་རྣམས་ལ་དཔག་སྟེ་བལྟས་ན་གཙོ་བོའི་ཆ་གཉིས་སུ་འདུག གཅིག་ནི་དགེ་རྒན་གྱི་ཐབས་ལམ་དང་། གཉིས་ནི་སློབ་གཉེར་གྱི་ཐབས་ལམ་སྟེ་འདི་གཉིས་སུ་བསྡུ་བར་བྱའོ། ། 

བོད་རིག་པའི་ལོ་རྒྱུས་ཐོག་བཙུན་པའི་མཁས་པ་ཟམ་མ་ཆད་པར་བྱུང་ཞིང་། རྗེ་ཙོང་ཁ་པ་ནི་དེའི་ནང་གི་ཆེས་ཕུལ་དུ་བྱུང་བའི་མཁས་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། ཁོང་ནི་ཐུགས་བསྐྱེད་བརྟན་པོ་ཁོ་ན་ཙམ་མིན་པར་བརྩོན་པ་ཆེན་པོས་མཁས་པའི་རྒྱལ་ཐབས་བསྙེགས་པའོ། ། དེ་ལས་ཀྱང་ཁོང་གི་བརྩམས་ཆོས་མང་པོ་དང་མཁྱེན་པའི་ཟབ་ཡངས་ཀྱི་བསམ་བློ་དག་གིས། བོད་རིག་པ་འཕེལ་རྒྱས་དང་བོད་ཁུལ་སློབ་གསོའི་ལས་དོན་ལ་གསུབ་ཐབས་མེད་པའི་སློབ་གསོ་བཅོས་སྒྱུར་ཆེན་པོ་ཉག་གཅིག་ཏུ་གྲུབ་པར་གྱུར་ཏོ། ། 

སྤྱི་ལོ1400ལོར། རྗེ་ཙོང་ཁ་པ་མཆོག་ལྷ་སའི་ནུབ་རྒྱུད་ཀྱི་དགའ་བ་གདོང་དགོན་པ་ནས་གྲྭ་བཙུན་བརྒྱ་ཕྲག་བཞི་ལྷག་ལ་ནང་བསྟན་གཞུང་ལུགས་བཤད་པའི་ཚེ་ན། ཁོང་གིས་དངོས་སུ་གྲྭ་བཙུན་རྣམས་ལ་ཆོས་འདུལ་བའི་བཅས་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྩ་ཡིན་པའི་བཞེད་དགོངས་བསྟན། དེའི་སྐབས་ཀྱི་གཞུང་ཁྲིད་དེ་ནི་རྗེ་ཙོང་ཁ་པའི་སློབ་གསོ་བཅོས་སྒྱུར་གྱི་མགོ་བརྩམས་པའི་རྟགས་མཚན་གལ་ཆེན་ཡིན། དེ་ཡང་ཀྲུང་གོའི་ཤེས་བྱའི་དྲ་བར་རྩོམ་ཡིག་ཆ་ཚང་འཚོལ་གཤེར་གྱི་མ་ལག་གི་སྒོ་ནས། ཙོང་ཁ་པ་དང་ཆོས་ལུགས་བཅོས་སྒྱུར་ཞེས་པའི་གནད་ཚིག་བཙལ་འབྲས་ལ། མིང་བརྡ་ཉིས་སྟོང་བདུན་བརྒྱ་རེ་གཅིག་རྙེད་པ་ཡིན་ལ། དེང་གི་ཞིབ་འཇུག་མང་པོས་རྗེ་ཙོང་ཁ་པ་ལ་ཚུལ་འདི་ལ་བརྟེན་ནས་ཆོས་ལུགས་བཅོས་སྒྱུར་མཁན་གྱི་མཚན་ཐོབ་གསོལ་ཡོད། འོ་ན་ཁོང་གི་མཛད་རྗེས་ལ་དཔགས་ཏེ་དཔྱད་ན་མཚན་འདོགས་དེ་ཡང་དག་ཅིག་ཏུ་མཐོང་ངམ་ཞེ་ན། དེ་ཡང་ཁོང་གི་མཛད་པ་ཀུན་ལས་གསུང་གི་མཛད་པ་ནི་ཆེས་བདེན་དཔང་འཕེར་བ་ཡིན་པས་དེ་ལ་བརྟེན་ནས་དཔྱད་ན་འདི་ལྟར། ཁོང་གིས་བཅོས་སྒྱུར་དང་དག་ཐེར་གནང་པ་ནི་རྒྱལ་བའི་བསྟན་པའི་གཟུགས་བརྙན་རྣམས་བཅོས་སྒྱུར་བྱ་བ་ཉིད་ཡིན་པ་ལས། སྔར་ཡོད་ཀྱི་ནང་བསྟན་གཞུང་ལུགས་ལས་འོངས་པའི་སྒྲིག་སྲོལ་རྣམས་གཏན་ནས་མིན་ལ། སྐབས་དེའི་ནང་བསྟན་གཞུང་དང་འགལ་བའི་སྒྲིག་སྲོལ་སྐྱོན་ཅན་དག་ལ་སུན་འབྱིན་དང་དག་སེལ་མཛད་པ་ཡིན། དེ་བས་རྗེ་ཙོང་ཁ་པས་སྔར་ཡོད་ཀྱི་ནང་བསྟན་ལ་བཅོས་སྒྱུར་བྱས་མེད། དེ་ཡང་ཁོང་གི་བརྩམས་གཞུང་ཁག་དང་མཛད་པ་ཉམས་བཞེས་ཀྱི་ནང་ནས་ཤེས་ཐུབ་ཅེས་ཁོ་བོས་མགྲིན་པ་བཏེགས་ནས་སྨྲ་བར་སྤོབས་སོ། ། 
རྒྱུ་མཚན་འདིའི་དབང་གིས་ཁོང་ལ་ཆོས་ལུགས་བཅོས་སྒྱུར་མཁན་ཞེས་བསྟོད་པའི་མཚན་འདོགས་དེ་ནི་འོས་འཚམས་ཤིག་མིན་པར་འགྲུབ་བོ། ། 

གཉིས་པ། སློབ་གསོ་བཅོས་སྒྱུར་ཡིན་པ་ལས་ཆོས་ལུགས་བཅོས་སྒྱུར་མིན།

དེ་ཡང་། ཆོས་ལུགས་བཅོས་སྒྱུར་ཞེས་པ་འདི་དབྱིན་ཇིའི་སྐད་དུ།“protestant Reformation”ཞེས་པ་ཡིན་ལ། དེ་ཡང་ཐོག་མར་ནུབ་ཕྱོགས་ནས་བྱུང་ཞིང་། བསྟན་དོན་ནི་ནུབ་ཕྱོགས་ཀྱི་ཡེ་ཤི་ཆོས་ལུགས་དེ་དུས་རབས་བཅུ་དྲུག་པ་ནས་བཅུ་བདུན་པའི་བར་བྱུང་བའི་གྲུབ་མཐའི་བཅོས་སྒྱུར་དེ་ཡིན། དེ་ཡང་ཡོད་ཧན་བེ་ཁུ་ལི་ཧྥུ། ཡང་ཧུའུ་ཟི། མཱ་ཏིན་ལུའུ་ཏི་སོགས་སྔ་རབས་པའི་ཆོས་རྒྱུད་སོ་མ་ནས་མགོ་བརྩམས་པ་ཡིན། ཤེས་གསལ་ལྟར་གནའ་བོའི་ཡོ་རོབ་གླིང་གི་སྤྱི་ལོ་ལྔ་བརྒྱ་ནས་ཆིག་སྟོང་ལྔ་བརྒྱའི་བར་ཏེ་དུས་རབས་བར་མའི་སྐབས་དེའི་མི་རྣམས་ཀྱིས་གནམ་བདག་ཆོས་ལུགས་ལ་དད་ཅིང་། ཆོས་ཀྱི་སྲོལ་ལུགས་ལ་ཧ་ཅང་མཐོང་ཆེན་བྱ་བ་རེད། ཆོས་ལུགས་ཁྱད་དབང་ནི་ཆེས་མཐོ་བའི་དོ་དམ་པའི་ལག་ཏུ་ཡོད་པས་ཁོང་ཚོ་ལ་ཆོས་ལུགས་ཀྱི་རྒྱུ་རྫས་མང་པོ་བཀོལ་རྒྱུ་འདུག་པས་དུས་མཚུངས་སུ་རུལ་སུང་འབྱུང་མགོ་ཚུགས་ཏེ་ཆོས་ལུགས་མི་སྣའི་སྤྱོད་བཟང་ཡང་རིམ་བཞིན་ལྷོད་པར་གྱུར། དེ་བས་ཆོས་ཚོགས་ཀྱི་ནང་དུ་གཏམ་ངན་རྒྱུན་ཆད་མེད་པ་བྱུང་ངོ་། ། མཐོ་གྲས་ཆོས་ལུགས་པ་མང་པོ་ཚང་མ་རྒྱུ་ནོར་ལ་བརྗེས་པའི་ཐོབ་དང་དབང་ཆ་ལེན་པར་ཕྱོགས། སྐབས་དེའི་མང་ཚོགས་དང་ཆོས་ཚོགས་སྒྲིག་འཛུགས་པའི་བར་གྱི་འཁོན་འཛིང་དང་འགལ་བས་ཆབ་སྲིད་ཀྱི་འཐབ་རྩོད་བསླངས་སོ། ། 

འདི་འདྲའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་རྗེ་ཙོང་ཁ་པས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་རྣམ་པ་ལ་འདྲ་ས་མང་པོ་འདུག འོན་ཀྱང་སྣང་ཚུལ་གྱི་སྒོ་ཁོ་ནས་ངོ་བོ་གཅིག་མཚུངས་སུ་མི་འགྱུར་རོ། ། ཆོས་ལུགས་བཅོས་སྒྱུར་ཟེར་བ་ནི་ངེས་པར་དུ་ཆོས་ལུགས་དེའི་ངོ་བོ་དང་བརྗོད་དོན་རང་བཞིན་ལ་བཅོས་སྒྱུར་བྱས་པ་ཞིག་དགོས་འདུག དེ་ཡང་ནུབ་ཕྱོགས་ཀྱི་ཆོས་ལུགས་བཅོས་སྒྱུར་གྱི་སྒོ་ནས་དཔྱད་ན། ཆོས་ལུགས་བཅོས་སྒྱུར་ལ་ངེས་པར་དུ་ཁྱད་ཆོས་གཉིས་ལྡན་ཞིག་ཚང་ན་ད་གཟོད་མིང་དེ་འདོགས་ཏེ། གཅིག་ནི་གྲུབ་མཐའ་རྙིང་པའི་རྩ་བའི་ནང་དོན་འགའ་ཤས་ལ་མངོན་སུམ་དུ་དགག་པ་རྒྱག་པ་སྟེ། ནུབ་ཕྱོགས་ཆོས་ལུགས་གསར་པས་སྐབས་ཐོག་གི་རོ་མ་གནམ་བདག་ཆོས་ལུགས་ཀྱི་ལུང་ཚིག་དང་། ཆོ་ག མགོ་འཛིན་དང་ཆོས་ཚོགས་ཀྱི་སྒྲིག་འཛུགས་ལ་མངོན་གསལ་ངོ་རྒོལ་བྱ་བའོ། ། གཉིས་ནི་གྲུབ་མཐའ་རྙིང་པ་ལ་ལྟ་བ་གསར་པ་འདོན་པ་སྟེ། དཔེར་ན། 1517ལོར་ལུའུ་ཏི་ནས་སྤེལ་བའི་རྩ་བའི་ལུང་གོ་ལྔ་པ་ཞེས་པར། ཆོས་ལུགས་བཅོས་སྒྱུར་མགོ་དྲངས་པ་བཞིན་ནོ། ། 

མདོར་ན་ཆོས་ལུགས་ཀྱི་བརྗོད་དོན་ལ་ལྟ་ཚུལ་མི་མཐུན་པ་དེ་ནི་ཆོས་ལུགས་བཅོས་སྒྱུར་འབྱུང་བའི་གནད་དུ་ཤེས་སོ། །དེས་ན་གོང་གི་ཁྱད་ཆོས་གཉིས་ལྟར་ན་རྗེ་ཙོང་ཁ་ཆེན་པོས་ནི་དེ་འདྲའི་བཅོས་སྒྱུར་གནང་བ་མིན་པ་མ་ཟད། ནང་རིག་རང་གཞུང་གི་ནང་དོན་ལ་ཐེ་ཚོམ་དང་བཅོས་སྒྱུར་ཅི་ཡང་གནང་མེད། ད་དུང་རང་ཉིད་ཀྱིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་རྩལ་བཏོན་ནས་བསྒྲུབས་ཏེ། ཆོས་ཁུངས་མ་དང་བཅས་པ་ལ་འདོར་སྤུས་ལྟ་ཅི། ཕྱི་རབས་པ་དག་ལ་ཡང་བསམ་བློ་དང་ཐབས་ཤེས་གང་ཕྱོགས་ཀྱི་ནོར་འཛོལ་ལ་ཡོ་བསྲང་གནང་ཡོད་པ་ལམ་རིམ་སོགས་ན་གསལ་བ་ལྟར་རོ། ། 

རྗེ་ཙོང་ཁ་པས་གསར་གཏོད་གནང་བའི་དགེ་ལུགས་པ་ཡང་ཇོ་བོ་བཀའ་གདམས་པའི་ལུགས་འཕེལ་རྒྱས་སུ་སོང་བ་ཉིད་ཡིན་པས་སྔོན་གྱི་རྨང་གཞི་ཅི་ཡང་མེད་པར་གློ་ནས་བརྡོལ་པ་ཞིག་མིན་ནོ། ། དེ་བས་སྔོན་གྱི་བཀའ་གདམས་དགོན་པ་དང་དེའི་རྗེས་འབྲང་དག་མིང་འགྱུར་ཏེ་མུ་མཐུད་རྒྱུན་བསྐྱངས་པའོ། ། དེས་ན་བཀའ་གདམས་གསར་རྙིང་ཞེས་པའི་བརྡ་ཆགས་པའང་དོན་ལ་གནས་པ་ཡིན། དེ་ཡང་འདི་ལྟར་འབྲོམ་སྟོན་གྱི་ཞལ་ནས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། ། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། ། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །②ཞེས་གསུངས་པ་བཞིན་བསྟན་པ་ཕྱི་དར་གྱི་ཚེ་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་ནས་ཆོས་སྤེལ་ཅིང་བྱང་ཆུབ་ལམ་སྒྲོན་ཞེས་པའི་བརྩམས་ཆོས་ཀྱང་བརྩམས། དེ་ལས་མགོ་སློབ་གཉེར་ནས་མཇུག་འཚང་རྒྱ་བའི་རིམ་པ་ལ་དགོས་ངེས་ཀྱི་ལམ་གྱི་རིམ་པ་གཏན་ལ་ཕབ་སྟེ་བསྟན། རྗེ་ཙོང་ཁ་པས་ཀྱང་དཔལ་ལྡན་ཨ་ཏི་ཤའི་རིང་ལུགས་ཉིད་ཕྱོགས་ཡོངས་ནས་རྒྱུན་འཛིན་མཛད་པ་མ་ཟད། བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་བྱང་ཆུབ་ལམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་མཛད་ཡོད་པ་ནི། ལམ་རིམ་ཉམས་མགུར་དུ། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། ། གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། ། ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུངས། །③ཞེས་བྱང་ཆུབ་ལམ་སྒྲོན་ལ་ཆེ་བ་བཞི་ལྡན་གྱི་བསྔགས་པ་གནང་བ་ཡིན། དེའི་ནང་གི་ཆེ་བ་དང་པོ་གཉིས་ནི་རྗེ་རང་གིས་རྗེས་འཇུག་སློབ་གཉེར་པ་ལ་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་ཉིད་དུ་ཁྱབ་སྤེལ་མཛད་འདུག་གོ །

དེ་ལྟར་རྗེ་ཙོང་ཁ་པའི་མཛད་པ་མཐའ་དག་ནི་མཉམ་མེད་ཇོ་བོ་རྗེ་ནང་བཞིན་སྔོན་གྱི་མགོན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་བཞེད་གཞུང་ལས་ཕྱི་རོལ་ཏུ་གྱུར་མེད་པ་ཉིད་དོ། ། 

དེའི་ཕྱིར་ཆོས་ལུགས་བཅོས་སྒྱུར་ཞེས་པའི་བཤད་ཚུལ་འདི་ནི་རྐང་ཚུགས་པ་ཞིག་མིན། དེ་ལྟ་ནའང་ནང་བསྟན་སློབ་གསོའི་ལག་ལེན་དང་ཁྱབ་སྤེལ་གྱི་གོ་རིམ་ནང་སློབ་གཉེར་པ་དག་གི་སློབ་གསོའི་ཁྱབ་ཁོངས་ཀྱི་ནོར་འཁྲུལ་གནད་དོན་གནས་པར་ཁོང་གིས་སྔོན་མའི་སློབ་གསོའི་ལམ་ལུགས་ལ་རང་ཉིད་ཀྱི་མྱོང་ཐོག་ལྟར་བཅོས་སྒྱུར་མངོན་གསལ་གནང་བས་དེ་ནི་སྔོན་མེད་ཀྱི་སློབ་གསོ་བཅོས་སྒྱུར་ཐེངས་ཤིག་ཡིན་པར་ཐེ་ཚོམ་མ་མཆིས་སོ། ། དེ་ལ་རྒྱལ་སྤྱིའི་མིང་གྲགས་ཅན་སློབ་གསོའི་བཅོས་སྒྱུར་གཞུང་ལུགས་ཀྱི་ཆེད་མཁས་སློབ་དཔོན་ཆེན་མོ་ཧྭ་བེ་ལོ་ཁུ(R.G.Havelock)ཡིས། སློབ་གསོའི་བཅོས་སྒྱུར་ནི་སློབ་གསོའི་གནས་བབ་ལ་བྱུང་བའི་དོན་སྙིང་ཡོད་པའི་འགྱུར་ལྡོག་ཡིན། ཞེས་སྡོམ་ཚིག་མཛད་ཡོད། འདིས་བོད་བརྒྱུད་ནང་བསྟན་འཕེལ་བའི་ལོ་རྒྱུས་ན་རྗེ་ཙོང་ཁ་པའི་སློབ་གསོའི་བཅོས་སྒྱུར་ལ་ཡང་སྤྱི་ཚོགས་དོན་སྙིང་ཟབ་མོ་ཡོད་པར་གྱུར་པ་ཤེས་ཐུབ། དེར་མ་ཟད་དེ་འདྲའི་དོན་སྙིང་དང་རིན་ཐང་གིས་སྐབས་དེའི་ཆོས་ལུགས་རྣམ་དག་དར་རྒྱས་ལ་སྨན་ཡོན་རྒྱ་ཆེར་ཐོན་པ་དང་ལྷན་དུ་དེང་གི་སློབ་གྲྭའི་སློབ་གསོ་ལ་ཡང་དེ་མཚུངས་ལྟར་ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་སྒོ་མོ་ཕྱེ་ཡོད་དོ། ། 

གསུམ་པ། བཅོས་སྒྱུར་གྱི་རྒྱབ་ལྗོངས།

རྗེ་ཙོང་ཁ་པས་སློབ་གསོའི་བཅོས་སྒྱུར་མཛད་པ་ལ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སམ་རྒྱུ་རྐྱེན་གཏིང་ཟབ་མོ་ཡོད་དེ། དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཡོད། ཕྱིའི་རྒྱུ་རྐྱེན་ནི་སྐབས་དེའི་ཆོས་བརྒྱུད་གྲུབ་མཐའ་མི་འདྲ་བ་ཁག་དང་སྲིད་ཕྱོགས་ཀྱི་སྟོབས་ཤུགས་གཉིས་མཉམ་འབྲེལ་ལ་ཐུག་ཅིང་། ནང་རྐྱེན་ནི་འདུལ་ཁྲིམས་ལ་སྣང་མེད་དང་ཚོགས་པ་རྣམས་ཁ་འཐོར་དུ་འགྲོ་བཞིན་པའོ། ། 

དེ་ཡང་དང་ཐོག་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཁག་དང་ས་གནས་དཔོན་རིགས་ཁག་གི་སྟོབས་ཤུགས་གཉིས་མཉམ་འབྲེལ་བྱས་པ་བརྟེན། གྲུབ་མཐའི་འཐེན་ཁྱེར་དེ་ཉིད་སྲིད་ཕྱོགས་ཀྱི་དཔོན་རིགས་ཁག་གི་ནང་ཕན་ཚུན་ལ་འཐབ་འཛིང་བརྒྱུད་སྤྱི་ཚོགས་ལ་གཡོ་འཁྱོམ་བྱུང་། བོད་བརྒྱུད་ནང་བསྟན་གྲུབ་མཐའ་མི་འདྲ་བ་ཁག་གི་སློབ་གཉེར་རམ་སློབ་གསོའི་ལམ་ལུགས་མི་མཐུན་པས། སྐབས་དེའི་སྲིད་འཛིན་པས་ཀྱང་ཆེས་སྟོབས་ཤུགས་ཆེ་བའི་ས་སྐྱ་པའི་ལུགས་ལ་རྒྱབ་སྐྱོར་མཛད་དེ། བོད་ཁུལ་གྱི་དགོན་སྡེའི་སློབ་གསོ་ཕལ་མོ་ཆེ་ཡང་ས་སྐྱ་པའི་ལུགས་གཙོ་བོ་གནང་ཡོད། དེ་ནས་དུས་རབས་བཅུ་བཞི་པའི་ནང་ས་གནས་སྲིད་གཞུང་གིས་བཀའ་བརྒྱུད་པ་ལ་རྒྱབ་སྐྱོར་གནང་བ་དང་དུས་མཉམ་དུ་རྙིང་མ་དང་། བཀའ་གདམས། ཇོ་ནང་། ཞི་བྱེད་པ་སོགས་ཀྱི་གྲུབ་མཐའ་ཁག་ལའང་རང་ས་ནས་དར་རྒྱས་བྱུང་སྟེ་ས་གནས་སྲིད་གཞུང་གི་སྟོབས་ཤུགས་ཀྱི་ཁ་གཏད་དུ་ལངས་པས་ཕྱོགས་སོ་སོར་གྱེས་མགོ་བརྩམས། དེ་ནས་དགོན་པའི་ངོས་ནས་བཤད་ན་འདུལ་ཁྲིམས་ལྷོད་ཅིང་སྒྲིག་གཞི་ཐོར། གྲྭ་བཙུན་གྱི་འཚོ་བ་ཉམས་དམས་སུ་གྱུར་ཏེ་རིམ་བཞིན་སྐྱིད་འཚོའི་རེ་སྙེག་དང་དབང་རྩོད་ཀྱི་ལམ་ལ་སོང་། དེ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། ། ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། ། བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། ། ཁྱོད་ཀྱིས་ཉིན་མོར་མཛད④ཅེས་གསུངས་པ་ལྟར་ཁོང་གིས་ལུང་གི་བསྟན་པའི་སློབ་གཉེར་དང་རྟོགས་པའི་བསྟན་པའི་བསླབ་པ་ཉམས་ལེན་ལ་སློབ་གསོའི་བཅོས་སྒྱུར་མཛད་པ་ཡིན་པའི་ཕྱིར། ཁོང་གི་རྣམ་ཐར་དད་པའི་འཇུག་ངོགས་ན། དེ་ལྟར་རྒྱལ་བས་ཚུལ་ཁྲིམས་གཞིར་བྱས་ནས་གནས་ལུགས་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་། དེའི་དོན་སྒོམ་བྱུང་གིས་ཡིད་ལ་བྱེད་པའི་བསླབ་པ་གསུམ་གྱི་གོ་རིམ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་གསུངས་པ་དེ་ཉིད་འབད་པས་འགོག་ཅིང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཐོས་པ་དང་སྒོམ་པ་ལ་སོགས་པ་ཕན་ཚུན་ཚ་གྲང་ལྟར་འགལ་བར་བསམས་ནས་སུན་འབྱིན་པ་དང་། ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་སྙིང་ཐག་པ་ནས་སུན་འབྱིན་པར་བྱེད་པའི་སྒོ་ནས། ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་མར་གྱུར་པའི་ཚེ། རྗེ་བཙུན་རིན་པོ་ཆེ་འདི་ཉིད་དམ་པའི་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་ཡོངས་སུ་གྲུབ་པའི་མཐུས་བྱང་ཕྱོགས་ཀྱི་རྒྱུད་འདིར་བསྟན་པ་རིན་པོ་ཆེ་གསོ་བའི་སླད་དུ་ཉེ་བར་བྱོན།⑤ཞེས་འབྱུང་བ་ལྟར་ཐོས་བསམ་མམ་སློབ་གསོའི་བཅོས་སྒྱུར་སྔོན་མེད་མཛད་པར་གསལ་སྟོན་གནང་ཡོད་པའི་ཕྱིར། སྐབས་དེ་དག་ཏུ་བོད་ཁུལ་ཡོངས་སུ་ནང་བསྟན་གྱི་གནས་བབ་ནི་རྙོག་དྲ་ཅན་དུ་གྱུར་འདུག་པ་མ་ཟད། རྗེས་འཇུག་སློབ་གཉེར་པའི་ལས་ཀའང་རེ་བ་ཇེ་ལོད་དུ་སོང་བ་ལ་བརྟེན་རིག་གནས་སློབ་གསོ་འཕེལ་རྒྱས་ཀྱིས་དབེན་པའི་གནས་སུ་གྱར། གཞན་ཡང་གནས་བབ་དེ་དག་གི་དབང་གིས་མཁས་པར་གྲགས་པ་རེ་གཉིས་ཀྱིས་ཀྱང་དེའི་ཕྱོགས་ལ་གཞོལ་ཏེ་གཞུང་བཙུགས་པར་སྣང་བས་རྒྱལ་བའི་བཀའ་ལ་འདོར་ལེན་བྱེད་པ་ཇེ་མང་དུ་སོང་སྟེ་ཐོས་བསམ་མམ་སློབ་གསོ་གཞི་ནས་འགྲིབ་པས། སློབ་གཉེར་པ་དག་ཀྱང་བཀའ་དང་དགོངས་འགྲེལ་ལ་རྩིས་མཐོང་མེད་པ་དང་དེའི་དོན་ཉམས་སུ་ལེན་པའི་དྲི་ཙམ་ཡང་མི་མངའ་བར་གྱུར། 

ནང་སྒོས་སུ་རང་ཉིད་ནི་ཐེག་པ་ཆེན་པོའི་བསམ་གཏན་སྒོམ་པ་བར་ཁས་འཆེ་བ་མང་པོ་བྱུང་སྟེ་བླ་མའི་མན་ངག་ཁོ་ནས་ཐར་པ་ཐོབ་པས་སློབ་གཉེར་སློབ་གསོ་མི་དགོས་པར་བསྒྲགས། དེར་མ་ཟད་བཀའ་དང་དགོངས་འགྲེལ་ལ་སློབ་གཉེར་བྱེད་མཁན་ལ་ཟུར་ཟ་དང་མཚང་འདྲུ་བྱས། རྗེ་ཙོང་ཁ་པས་གོང་གི་སློབ་གསོའི་ཁ་དབུགས་དེ་ཉིད་སྔོན་དུས་བོད་ན་གྲགས་པའི་ཧྭ་ཤང་གི་ལུགས་ཀྱི་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་གྱི་ངོ་བོའམ་ཤུགས་རྐྱེན་དྲི་མ་མེད་པར་མཐུན་པར་གསུངས་ཏེ་དགག་པར་མཛད་ཅིང་། དེ་ལ་ད་དུང་དཔྱད་འཇོག་གི་སྒོམ་གཉིས་ལས་ཐོག་མར་དཔྱད་སྒོམ་སྟེ་སློབ་གཉེར་དང་ཞིབ་འཇུག་དགོས་གལ་ཆེ་བར་གདམས་པ་ཁོང་གི་བྱང་ཆུབ་ལམ་རིམ་ཆེ་ཆུང་ན་ལུང་རིགས་རྒྱ་ཆེན་གྱིས་བསྒྲུབས་འདུག་པ་ལྟར་རོ། ། གོང་གསལ་གནས་ཚུལ་དེ་ལ་བརྟེན་དགོན་སྡེའི་སློབ་གསོ་ཅང་མ་འགོར་བར་རིམ་བཞིན་ཉེན་ཁའི་ལམ་ཁ་རུ་ཞུགས་པར་གྱུར་པ་ཡིན། 

སྔོན་མའི་སློབ་གཉེར་ལམ་ལུགས་ལ་གཏོར་བརླག་ཐེབས་ཏེ་བོད་བརྒྱུད་ནང་བསྟན་ཁྱོན་ཡོངས་ཀྱི་སློབ་གཉེར་ཁོར་ཡུག་སྡུག་པོར་གྱུར་ནས་དགོན་སྡེ་རྣམས་ཀྱང་རིམ་བཞིན་སློབ་གསོའི་དཀྱིལ་སྙིང་གི་སྟོབས་ཤུགས་དང་མིག་ལྟོས་བྱ་ས་ལས་བོར་བར་གྱུར་ཏོ། ། དེ་ལྟ་བུའི་རྒྱབ་ལྗོངས་ལ་བརྟེན། སློབ་གསོའི་ལམ་ལུགས་མགྱོགས་མྱུར་གྱིས་བཅོས་སྒྱུར་བྱ་དགོས་པའི་དབང་གིས་རྩ་བའི་བཅོས་སྒྱུར་ཐེངས་ཤིག་གིས་བོད་བརྒྱུད་ནང་བསྟན་འདི་དད་ལྡན་མང་ཚོགས་ལ་སྔར་ལྟར་དད་འཇུག་དང་ཤུགས་རྐྱེན་ཅན་དུ་སླར་གསོ་འབྱུང་ཐུབ་པས་ཏག་ཏག་སྐབས་དེར་རྗེ་ཙོང་ཁ་པ་བྱོན་ཏེ་ཐེངས་འདིའི་སློབ་གསོ་བཅོས་སྒྱུར་མཛད་པ་ནི་དམངས་ཀྱི་འདོད་བློ་དང་མཐུན་པ་ཁོ་ནར་གྱུར་ན་དོན་དེ་ནི་ཆོས་ཉིད་ཀྱི་ཁ་ཕྱོགས་རྨ་མེད་པ་ཡང་ཡིན་ནོ། ། 

བཞི་པ། བཅོས་སྒྱུར་གྱི་བྱེ་བྲག་ལག་ལེན།

རྗེ་ཙོང་ཁ་པ་མཆོག་གིས་སྐབས་ཐོག་དེའི་ནང་བསྟན་སློབ་གསོའི་ཁྲོད་གནས་པའི་ཞན་ཆ་ལ་ཁ་གཏད་དེ་རྣག་ཐོག་གཙགས་འཁེལ་གྱི་སྣ་ཚོགས་ཐབས་ཚུལ་གནང་བ་ལ་འབྲས་བུ་མངོན་གསལ་བླངས་སོང་པ་ཡིན། དེ་ཡང་ཐོག་མར་རང་ཉིད་ཀྱིས་མགོ་བརྩམས་ཏེ་འདུལ་ཁྲིམས་གནད་ཆེན་དུ་བཟུང་ནས་གྲྭ་བཙུན་གྱི་སྒྲིག་ལམ་ཀུན་སྤྱོད་འདུལ་གཞུང་དང་མཐུན་དགོས་པའི་དགོངས་བཞེད་བསྟན་ཡོད། ཆོས་ཀྱི་གཞུང་ལུགས་ལ་སྡེ་སྣོད་གསུམ་གང་རུང་དུ་ངེས་པ་དང་། ཆོས་ཀྱི་བརྗོད་བྱ་ལ་བསླབ་པ་གསུམ་དུ་ངེས་པར་གཏན་ལ་ཕབ། དེ་བས་ཆོས་གཞུང་ལ་སློབ་གཉེར་དགོས་པ་མ་ཟད་བརྗོད་དོན་ལ་ཉམས་ལེན་བྱ་དགོས་པ་བསྟན། དེས་ན་གྲྭ་བཙུན་རབ་བྱུང་བས་ནག་ཆང་རྐུ་གསུམ་དང་ཟང་ཟིང་གསོག་གསོབ་ཀྱི་ལས་སྤང་དགོས་པར་ཆེད་དམིགས་སྔགས་ཀྱི་ཉམས་ལེན་ལ་ཁ་གཡར་ཏེ་འདོད་ཡོན་འཇོལ་ཉོག་ཏུ་སྤྱོད་པ་འགོག་པར་མཛད། དེ་ནས་གནད་དོན་དེ་དག་གཞུང་བཙུགས་ཏེ་རང་གི་སློབ་མ་དག་ལ་བཀའ་དང་དགོངས་འགྲེལ་ལ་སློབ་གཉེར་དང་སྔགས་ལ་ཡང་ཐུན་མོང་ལམ་སྦྱངས་སྔོན་དུ་འགྲོ་དགོས་ཚུལ་བཤད་པ་མ་ཟད་མདོ་ཕྱོགས་བཀའ་པོད་ལྔ་ལའང་སློབ་གཉེར་གྱི་གོ་རིམ་གཏན་ལ་ཕབ་སྟེ་སློབ་གསོ་བཅོས་སྒྱུར་འཐུས་སྒོ་ཚང་ཞིང་སྒྲིག་གཞི་ཚགས་དམ་པོ་བྱུང་བ་འདི་ལགས། དེ་ཡང་གཞུང་བཀའ་པོད་ལྔ་སྡེ་སྣོད་གསུམ་དུ་བསྡུ་ཚུལ་ནི། གུང་ཐང་བསྟན་པའི་སྒྲོན་མེས་རྗེ་ཙོང་ཁ་པའི་དགོངས་པ་གཞིར་བཞག་སྟེ། དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། ། ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །⑥ཞེས་གསུངས་པ་བཞིན་ནོ། ། དེ་ལྟར་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་སྔོན་དུ་སོང་བའི་རྨང་གཞིའི་སྟེང་སྔགས་ཕྱོགས་ལ་སློབ་གཉེར་བྱ་དགོས་པ་ཡིན། དེ་ཡང་རྗེ་ཙོང་ཁ་པས། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། ། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག ། སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། ། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། ། ཞེས་བཀའ་སྩལ་པ་བཞིན་མདོ་ཕྱོགས་ཀྱི་སྦྱངས་པ་སོང་རྗེས་སྔགས་ལ་སྦྱངས་ན་སྦྱོང་བའི་གོ་རིམ་མ་འཆོལ་བ་ཡིན་པའི་དབང་གིས། སྔགས་ཟབ་མོ་མདོ་ཡི་དྲིན་ཡིན། ། ཐུད་ཚོན་པོ་མར་གྱི་དྲིན་ཡིན། །ཞེས་པའི་ཁ་དཔེའང་བྱུང་ངོ་། ། དོན་གྱི་དབང་དེར་གཟིགས་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ལ་འཇུག་པའི་སློབ་གསོའི་བཅོས་སྒྱུར་མཛད་པ་ཡིན་ནོ། ། དེ་བས་དེ་ནས་བཟུང་སྟེ་དགོན་སྡེའི་གྲྭ་བཙུན་དག་གིས་མདོ་ཕྱོགས་བཀའ་པོད་ལྔ་ལ་དམ་བཅའ་དང་རྒྱུགས་སྤྲོད་ཀྱི་སྒོ་ནས་དགེ་བཤེས་བཀའ་རམས་པ་དང་རྡོ་རམས་པ། ལྷ་རམས་པ་བཅས་ཀྱི་མཚན་བཏགས་ཐོབ། དེ་ནས་རྒྱུད་སྟོད་སྨད་ནས་སྔགས་ལ་སྦྱངས་ཏེ་དམ་བཅའ་བཞག་ནས་སྔགས་རམས་པ་ཞེས་པའི་མཚན་བཏགས་བླངས། དེ་དག་ནི་བོད་ཀྱི་བསླབ་གནས་རྩེ་གྲས་ཁག་ཡིན། དེ་ལྟར་སློབ་གསོའི་ལམ་ལུགས་ལེགས་བཅོས་མཛད་པ་ལ་བརྟེན་རིམ་བཞིན་ཆ་ཚང་བའི་སློབ་གཉེར་གྱི་སྒྲིག་གཞི་དང་གཟབ་ནན་གྱི་འགྲིག་ཡིག རྩོད་ཡིག འཛིན་གྲྭ་དགར་སྟངས། དཔེ་ཁྲིད་བྱ་སྟངས། རྩོད་མཚམས་བགོ་སྟངས། བརྩི་བཞག་གཏོང་སྟངས་སོགས་ཚགས་དམ་པོའི་རྩ་འཛུགས་ཡོད་པར་གྱུར། 

དེ་ལྟར་རྗེ་ཙོང་ཁ་པས་སློབ་གསོའི་ལམ་ལུགས་ལ་ཐེངས་ཤིག་གི་བཅོས་སྒྱུར་གནང་བ་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་གི་ཉེན་ཁའི་དཀྱོགས་མཚམས་ལས་གཡོལ་སྐྱོབ་དང་། ནང་བསྟན་གྱི་སྤྱི་ཚོགས་ཤུགས་རྐྱེན་དང་གྲྭ་བཙུན་གྱི་མཚན་སྙན་ལ་སྲུང་སྐྱོབ་མཛད་པ་ལ་བརྟེན། ནང་བསྟན་གྱི་མཛད་ཕྲིན་གཞི་ནས་གསོས་ཏེ་བསྟན་པའི་དབུ་འཕང་དགུང་ལ་བཙུགས་ཤིང་རིག་པའི་རུ་དཔུང་གྲལ་ལ་བསྒྲིགས་པ་བྱུང་བ་ཡིན་ནོ། ། 

ལྔ་པ། བཅོས་སྒྱུར་གྲུབ་འབྲས་དཔེ་མཚོན།

རྗེ་ཙོང་ཁ་པའི་སློབ་གསོའི་བཅོས་སྒྱུར་ནི་སྤྱི་ཚོགས་དང་དུས་རབས་ཀྱི་དགོས་མཁོ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། དེ་ནི་རྩ་བའི་ཆ་ནས་སྐབས་དེའི་སློབ་གསོ་ལ་གནས་པའི་སྐྱོན་ཆ་བཅོས་སྒྱུར་བྱས་པ་ཡིན། དེ་བས་སློབ་གསོ་པ་དང་སློབ་གསོ་མྱོང་མཁན་པའི་ཕན་ཚུན་ལ་གྲོགས་དན་དང་བདེ་ཐང་གི་འཕེལ་རྒྱས་ཀྱི་འཕྲུལ་འདེགས་ཉིད་ཡིན། དེ་ཡང་རྒྱའི་གནའ་བོའི་དག་ཡིག་ཏུ། སློབ་ཅེས་པ་ནི། ཡས་ཀྱི་སྦྱིན་པ་དང་མས་ཀྱི་མནོས་པའོ། ། གསོ་ཞེས་པ་ནི། བུ་སློབ་བསྐྱངས་ཏེ་དགེ་ལས་བསྒྲུབ་ཏུ་བཅུག་པའོ། །⑦ཞེས་གསུངས་པ་ལྟར་ན། སློབ་གསོའི་བྱེད་སྒོ་ཁྲོད་དགེ་རྒན་ཞུགས་པ་ལས་གཞན་སློབ་མ་ཡང་ཞུགས་དགོས་ལ། དེ་གཉིས་བར་གྱི་འབྲེལ་མཐུད་བྱེད་པའི་ཟམ་པ་ནི་སློབ་ཁྲིད་ཀྱི་ནང་དོན་ཡིན། དེ་ཡང་སློབ་གསོ་རིག་པ་ཞེས་པ་ལས། སློབ་གསོ་ཡི་རྩ་བའི་རྒྱུ་རྐྱེན་ནི། སློབ་གསོ་པ་དང་། སློབ་གསོ་མྱོང་མཁན། སློབ་གསོའི་བར་པའི་མ་ལག་གོ ། སློབ་གསོའི་བར་པ་ཞེས་པའི་ནང་དུ་སློབ་གསོའི་ནང་དོན་དང་སློབ་གསོའི་ཐབས་ཤེས་བཅས་འདུའོ། །⑧ཞེས་བཤད་པའི་རྒྱུ་རྐྱེན་འདི་དག་དཔྱད་གཞིར་བྱས་ན་རྗེ་ཙོང་ཁ་པས་བོད་ཁུལ་སྤྱི་ཚོགས་ལ་འོས་ཤིང་མཁོ་བའི་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་བཙུགས་པ་ལེགས་འགྲུབ་ཡིན་པ་ཤེས་ལ། དེ་ནས་རྗེ་ཙོང་ཁ་པས་གཙོས་མཁས་པ་མང་པོའི་སློབ་གསོ་པ་དག་གི་རྨང་གཞིའི་ཐོག་རིས་སུ་མ་མཆིས་པའི་སློབ་གསོ་མྱོང་མཁན་སྤྲིན་ལྟར་དཀྲིགས་པ་མ་ཟད་ཆེས་ལེགས་པའི་སློབ་གསོའི་བར་པའི་སྟོབས་ཤུགས་ཀྱང་ཡོད་པར་གྱུར།

དེ་ནས་ཐོག་མར་བཅོས་སྒྱུར་སློབ་གསོ་མྱོང་མཁན་གྱི་ངོས་ནས་བཤད་ན། གལ་ཏེ་ཁོང་བ་ཅག་དེ་ལ་ཞུགས་མེད་ཚེ། སློབ་གསོ་པ་དག་ལ་ཡང་དམིགས་འབེན་མེད་པར་གྱུར་པས་སློབ་གསོའི་བྱེད་སྒོ་སྤེལ་ཐབས་མི་འདུག་གོ ། སློབ་གསོའི་བྱེད་སྒོ་ནི་སློབ་གསོ་པས་སློབ་གསོ་མྱོང་མཁན་ལ་ཕྱི་རོལ་ཡུལ་གྱི་ཤེས་བྱའི་གནས་ལུགས་དེ་སློབ་མ་རང་གི་ཡོན་ཏན་དང་། རྩལ་ནུས། བསམ་བློ། ལྟ་བ་ལ་འགྱུར་བར་བྱེད་པ་དེ་ཡིན། དཔེར་ན་སློབ་མ་ལ་རྒྱུ་རྐྱེན་དེ་ཉིད་ཆད་པར་གྱུར་ན་སློབ་གསོའི་བྱེད་སྒོ་ལའང་བྱ་ཐབས་མི་འདུག དེའི་ཕྱིར་སློབ་གསོ་མྱོང་མཁན་ནི་སློབ་གསོའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཆ་ཤས་ཤིག་ཏུ་གསལ། རྗེ་ཙོང་ཁ་པའི་སྐུ་ཚེ་གང་པོར་སློབ་མ་བགྲང་ལས་འདས་པ་བྱོན། རྗེའི་རྣམ་ཐར་དུ་རྙིང་མའི་མཁས་ཆེན་ནེ་རིང་པ་འཆི་མེད་རབ་རྒྱས་ཀྱི་གསུང་དྲངས་པ་ལས། རྗེ་རིན་པོ་ཆེ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་འདི་ཉིད་བསོད་ནམས་ཆེན་པོའི་དཔལ་མངའ་བར་མཛད་པར་བརྟེན་ནས། སྐུ་གཞོན་ནུའི་གནས་སྐབས་རང་ནས་ཐོས་བསམ་གྱི་མཛད་པ་རྣམས་གྲུབ་ཅིང་། སྐུ་ཆེར་སོན་པའི་ཚེ་སྒོམ་པའི་དོན་ལ་ལེགས་པར་སྦྱངས་གྲུབ་ནས་རང་དོན་གྱི་རྒྱལ་ས་ཟིན་རྗེས་གདུལ་བར་འོས་པའི་གདུལ་བྱ་མང་པོ་ཞིག་ལ་མདོ་སྔགས་དང་འབྲེལ་བའི་ཆོས་མང་པོ་དང་། ཁྱད་པར་གསང་སྔགས་ཀྱི་དབང་ལུང་མན་ངག་གསུམ་དང་། ཁྲིད་ཆེ་ཆུང་མང་པོ་སྔ་ཕྱི་བར་གསུམ་དུ་སྩལ་ཏེ། དེ་ཡང་རེས་འགའ་དགེ་འདུན་བརྒྱ་ཕྲག་དུ་མ་ལ་ཆོས་གནང་བ་དང་། སྐབས་སུ་བབ་པའི་བུ་ཆེན་རགས་བསྡུས་མང་པོ་ལ་ཟབ་ཆོས་མང་པོ་སྒོས་ཆོས་སུ་གནང་བ་སོགས་ལ་བརྟེན་བུ་སློབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་འདུག་པས་མཐའ་གཅིག་ཏུ་བརྗོད་དཀའ། སྔ་རབས་ཀྱི་བུ་ཆེན་ཚོས་ཀྱང་གསལ་ཆ་ངེས་ངེས་བརྗོད་པ་མི་འདུག⑨ཅེས་གསུངས་པ་ལྟར་རྗེ་ཉིད་ལ་སློབ་མ་བསླབ་གསུམ་རྒྱན་གྱིས་མཛེས་ཤིང་སྐྱེས་བུ་གསུམ་དང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལྷུར་ལེན་པ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་རྔ་ཆེན་དབྱིངས་སུ་སྒྲོག་པའི་མཁས་པ་མཁའ་ལ་སྐར་ཚོགས་དཀྲིགས་པ། དབྱིག་འཛིན་སྒེག་མོར་རྐང་འཐུང་གིས་འཁྱུད་པ། སོས་ཀའི་ལྗོན་པར་མེ་ཏོག་ཁྲ་ལམ་མེར་བཞད་པ་ལྟ་བུར་བྱོན་པ་ཡིན།

དེ་ནས་སློབ་གསོའི་སློབ་ཁྲིད་ཀྱི་ཆ་རྐྱེན་ལ། ཕྱོགས་གཅིག་ནས་སློབ་ཁྲིད་ཆ་རྐྱེན་གྱི་ནང་སློབ་ཁྲིད་ཀྱི་བརྗོད་བྱར་གཞུང་ལུགས་དང་བསླབ་དེབ་སྟེ་ཕྱོགས་གཉིས་སུ་འདུས་ཡོད། དེ་ཡང་གཞུང་ལུགས་རིག་པ་དང་སློབ་གསོའི་སློབ་དེབ་གཉིས་ནི་སློབ་གསོའི་བྱེད་སྒོ་ལེགས་འགྲུབ་འོང་བའི་རྒྱུད་སྐུད་གཙོ་བོ་ཡིན། རྗེ་ཙོང་ཁ་པས་སྔར་ཡོད་ཀྱི་ས་བཀའ་རྙིང་གསུམ་གྱི་ཆོས་བརྒྱུད་རྒྱུན་འཛིན་ངོས་ཇོ་བོ་ཨ་ཏི་ཤའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་དགོངས་པ་རྩ་གནད་དུ་བཟུང་སྟེ་རིས་མེད་གྲུབ་མཐའི་ལེགས་ཆ་རྣམས་བླངས། མཐར་ཐུག་དབུ་མའི་ལྟ་བའི་གྲུབ་མཐའ་རང་རྐྱ་པ་འདི་བཙུགས། དེ་ཡང་ནང་རིག་གཞུང་གི་དགོངས་འགྲེལ་ལ་གཙོ་བོ་ལམ་རིམ་ཆེ་འབྲིང་ཆུང་གསུམ་དང་། ལྟ་བའི་ལེགས་བཤད་ལྔ། བསྟོད་ཆེན་ལྔ། གསང་འདུས་འགྲེལ་བ་བཞི་སྦྲགས་སོགས་ཆོས་ཚན་བརྒྱ་དང་དྲུག་ཅུ་ལྷག་དང་། གླེགས་བམ་ལ་དབུས་པར་ལྟར་ན་བཅོ་བརྒྱད་དང་སྐུ་འབུམ་པར་མ་ལྟར་ན་པོད་བཅུ་དགུ་བརྩམས་ཡོད་པ་ཡིན། 

ཡང་ཕྱོགས་གཞན་ཞིག་ནས་བཤད་ན། སློབ་གསོའི་དཔང་བོའི་ནང་སློབ་སྦྱོང་གི་ར་བ་བསྐྲུན་ན་སློབ་གསོ་གང་ཉིད་བདེ་བླག་ཏུ་མངོན་འགྱུར་བྱ་ཐུབ་པ་ཡིན། དེ་བས་སློབ་སྦྱོང་གི་ར་བ་ནི་སློབ་གསོའི་གོ་རིམ་ལས་ཆེས་དགོས་ངེས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་གོ ། དེ་ཡང་སློབ་གསོའི་བྱེད་སྒོ་ཁྲོད་ཀྱི་དངོས་པོ་མེད་དུ་མི་རུང་བ་ཞིག་ཡིན་ན། སློབ་གསོ་རང་ཉིད་ཀྱང་བྱེད་སྒོའི་རིགས་ཤིག་ལས་མ་འདས་ལ། གལ་ཏེ་ར་བ་དེ་འདྲ་མེད་ན་སློབ་གསོ་བདེ་བླག་ངང་སྒྲུབ་ཐབས་བྲལ་བ་ཡིན། དེ་ཡི་དབང་གིས་རྗེ་ཙོང་ཁ་པས་སྤྱི་ལོ1409ལོར་ལྷ་སའི་མི་དབང་གྲགས་པ་སོགས་ཀྱི་རྒྱུ་འབྱོར་དང་དབང་ཐང་གི་རྒྱབ་སྐྱོར་ལ་བརྟེན་ནས་ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་ཤིང་དེའི་ཚོགས་ཆེན་ལ་སྔོན་སྲོལ་རྙིང་བ་བཅོས་སྒྱུར། སྣ་ཚོགས་གྲུབ་མཐའ་རིས་མེད། སྣ་ཚོགས་སྤྱི་ཚོགས་འདྲ་མཉམ། སྐྱ་སེར་མཉམ་འབྲེལ་གྱིས་འདུས་པ་རྒྱ་མཚོར་གཏོང་སྒོ་དང་དབུལ་ཕོངས་སྤྲང་བོ་བཅས་ལ་སྦྱིན་གཏོང་སོགས་ཀྱི་བྱེད་སྒོ་སྤེལ། མཛད་པ་དེ་དག་གིས་བོད་བརྒྱུད་ནང་བསྟན་གྱི་ཕྱོགས་ལ་ཤུགས་རྐྱེན་ཟབ་མོའི་བཅོས་སྒྱུར་དང་སྔོན་མེད་ཀྱི་གསོན་ཤུགས་བསྐྲུན། སྨོན་ལམ་ཆེན་མོ་ཚུགས་རྗེས་ཅང་མ་འགོར་བའི་མཚམས་སུ་རྗེ་ཙོང་ཁ་པས་ཕག་མོ་གྲུབ་པ་ཡབ་སྲས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས་པའི་སློབ་གསོའི་ར་བ་ཆེན་པོ་འཛུགས་པར་མཛད། དེ་ལ་མཁས་པ་རྣམས་ཀྱིས་དགེ་ལུགས་པའི་མ་དགོན་ཞེས་འབོད་ཅིང་། དེའི་རྗེས་ནས་ཁོང་དང་རྟེན་ཅིང་འབྲེལ་བར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་སེ་ར། གཙང་གི་བཀྲ་ཤིས་ལྷུན་པོ། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་བྱམས་པ་གླིང་། རོང་པོ། ཀིརྟི་སོགས་མདོ་དབུས་ཁམས་གསུམ་ཀུན་ཏུ་སློབ་གསོའི་ར་བ་ཤིན་ཏུ་མང་པོ་བྱུང་བ་ཉི་མ་བཞིན་གསལ་བ་ལྟར་རོ། །


སློབ་གཉེར་སློབ་གསོའི་ཆ་རྐྱེན་མེད་དུ་མི་རུང་བ་ཉག་གཅིག་སྟེ། བསླབ་དེབ་ཀྱི་ཕྱོགས་ཀྱང་རྗེ་ཙོང་ཁ་པའི་ཡར་སྔོན་ཙམ་ན་བཅོམ་ལྡན་རིགས་རལ་ཡབ་སྲས་ཀྱིས་བོད་ན་བཞུགས་པའི་བཀའ་བསྟན་འགྱུར་རོ་ཅོག་གི་མ་ཕྱི་ཕྱོགས་བསྒྲིགས་མཛད་དེ་ཕྱི་རབས་སློབ་གཉེར་པ་ལ་སློབ་གསོའི་ཆ་རྐྱེན་བསྐྲུན་ནའང་བུ་བཤུས་ལག་རྒྱུན་གྱི་དབང་གིས་དཔེ་ཆས་ཅུང་ཙམ་ཁེགས་པ་སྨོས་མ་དགོས་སྟབས། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་རིང་ནས་བོད་ལ་རྒྱ་གཞུང་བོད་གཞུང་ཕོན་ཆེན་ཤིང་པར་དུ་བརྐོ་བའི་སྲོལ་རྒྱ་ཆེར་སྤེལ་བ་ཡིན་ཏེ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་། དིང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་མགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་།དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། ཞེས་དང་།⑩མཁས་དབང་དུང་དཀར་གྱིས། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་བོད་ཡིག་གི་བཀའ་འགྱུར་ཆ་ཚང་དཔར་སྐྲུན་བྱས་ནས་སྐབས་དེར་བོད་དུ་སྐད་གྲགས་ཡོད་པའི་ཆོས་ལུགས་མི་སྣ་ས་སྐྱ་པ་དང་། ཀརྨ་པ། ཙོང་ཁ་པ་བཅས་ལ་ཆ་ཚང་རེ་བསྐུར་པ་དེས་བོད་ས་གནས་སུ་དཔར་སྐྲུན་ལག་རྩལ་གསར་གཏོད་བྱེད་རྒྱུར་སྒོ་གསར་བ་ཞིག་ཕྱེ། ཞེས་ལོ་རྒྱུས་ཡིག་ཆར་གསལ་བ་ལྟར་རྗེ་ཙོང་ཁ་པ་ཡབ་སྲས་དག་གིས་དབུ་དྲངས་ཏེ་སློབ་གཉེར་པ་དག་གི་དགོས་མཁོ་ལ་གཟིགས་ཏེ་བཀའ་བསྟན་གཙོས་རྗེ་རང་གི་བཀའ་འབུམ་སོགས་ཤིང་པར་ལ་བརྐོས་ནས་བཀྲམས་པར་མཛད་པ་ནི་སློབ་གསོའི་ཆ་རྐྱེན་ལ་བཅོས་སྒྱུར་བླ་ན་མེད་པ་གནང་བ་ཤེས་དགོས་ལ། དེར་བརྟེན་བོད་རང་གི་སྐད་བརྡ་དང་ཡིག་གཟུགས། མིང་ཚིག་གི་དག་ཆ་ལ་ཡང་སྔོན་མ་ལས་ལྡབ་འགྱུར་གྱི་འཐུས་ཚང་གི་ལམ་དུ་སླེབས་པ་ཡིན། དེ་ནས་བཟུང་བོད་ཀྱི་རིག་གཞུང་ལ་ཡང་སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་གོམ་ཁ་གསར་པར་སྤོས་པ་མ་ཟད། བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཁག་ཀྱང་ཕན་ཚུན་ལ་གོ་བརྡ་འཕྲོད་མི་ཐུབ་པའི་གནས་བབ་ལ་ཡང་རིམ་བཞིན་འགྱུར་ལྡོག་བྱུང་། དེར་བརྟེན་དཔར་སྐྲུན་ལག་རྩལ་བྱུང་བ་དེས་ནི་བོད་ཀྱི་རིག་གནས་འཕེལ་རྒྱས་དང་སྐད་ཡིག་གཅིག་གྱུར་ལ་ཡང་སྐུལ་འདེད་གཏོང་ཐུབ་པར་བདེན་དཔང་གསལ་པོ་སྟེར་བ་འདི་ལགས་སོ། །



* ཁྱུང་ཕྲུག་བློ་བཟང་དར་རྒྱས། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

① 法尊 现代西藏[M]世界佛学苑汉藏教理院 1937:132 

② ཐུའུ་བཀྭན་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984:82

③ རྗེ་ཙོང་ཁ་པ། རྗེ་ཙོང་ཁ་པའི་བཀའ་འབུམ་ཐོར་བུ་བཞུགས་སོ། ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987:103

④ མཁས་གྲུབ་རྗེ། དཔལ་ལྡན་ས་གསུམ་མ་བཞུགས། བསྟོད་སྨོན་ཕྱོགས་བསྒྲིགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015:60

⑤ མཁས་གྲུབ་རྗེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:112

⑥ གུང་ཐང་བསྟན་པའི་སྒྲོན་མེས་བརྩམས། མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བ། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། རིན་ཆེན་རྡོ་རྗེས་བསྒྲིགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001:259

⑦ ཤོའུ་ཧྲིན་གྱིས་བརྩམས། གནའ་བོའི་དག་ཡིག [M] ཀྲུང་ཧྭ་ཧྲུའུ་ཅུའུ། 2014:64

⑧ ཝང་ཏོ་ཅོན་གྱིས་བརྩམས། ཀའོ་བིན་ཨན་གྱིས་བསྒྲིགས། སློབ་གསོ་རིག་པ། [M] མི་དམངས་སློབ་གསོ་དཔེ་སྐྲུན་ཁང་། 2009:17

⑨ འབྲུག་རྒྱལ་དབང་ཆོས་རྗེ། རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་འཕྲེང་བ་ཞེས་བྱ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:601

⑩ དགེ་འདུན་ཆོས་འཕེལ། བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ། ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:271-272

དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་དཀར་ཆག་རིག་པ། པོད་ཁ་པ། [M] མི་རིགས་དཔེ་སྐྲུན་ཁང་། 2004:139


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1