《རྣམ་ཐར་ངོ་མཚར་དགའ་སྟོན》ལས་བྱུང་བའི་བོ་དོང་པཎ་ཆེན་གྱི་མཚན་གྱི་རྣམ་གྲངས་སྐོར་གླེང་བ།

རྡོ་རྗེ་མཚོ་མོ། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


[གནད་བཏུས] དཔྱད་རྩོམ་འདིར་དགེ་བསྙེན་འཇིགས་མེད་འབངས་ཀྱིས་མཛད་པའི《རྣམ་ཐར་ངོ་མཚར་དགའ་སྟོན》དུ་བོ་དོང་པཎ་ཆེན་གྱི་མཚན་གྱི་རྣམ་གྲངས་བཅུ་བཞི་ཙམ་བྱུང་ཡོད་པ་དག་ཇི་ལྟར་མཚན་དུ་གསོལ་ཚུལ་སྐོར་པཎ་ཆེན་ཉིད་ཀྱི་རྣམ་ཐར་དང་འབྲེལ་ནས་ངོ་སྤྲོད་ཞུས་ཡོད།


[གནད་ཚིག] རྣམ་ཐར་ངོ་མཚར་དགའ་སྟོན། བོ་དོང་པཎ་ཆེན། མཚན་གྱི་རྣམ་གྲངས།


བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནི་རབ་བྱུང་དྲུག་པའི་མེ་འབྲུག་ལོར(1376-1451)འཁྲུངས་ཤིང་།དགུང་ལོ་དོན་དྲུག་བཞེས་པ་རབ་བྱུང་བརྒྱད་པའི་ལྕགས་ལུག་ལོར་ཉིད་ཀྱིས་ཕྱག་འདེབས་མཛད་པའི་དཔལ་མོ་ཆོས་སྡིངས་སུ་སྐུ་གཤེགས། ལོ་ངོ་བཅུ་ཕྲག་བདུན་ལྷག་ཙམ་གྱི་དུས་ཡུན་རིང་ཁོང་གིས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་བོད་ཀྱི་ནང་བསྟན་རིག་གནས་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་གལ་ཆེན་ཞིག་སྟེ། སྐུ་ན་གཞོན་དུས་ནས་ཞང་པོ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་ཞིང་། མཁས་པའི་དབང་པོ་ཆོས་ཀྱི་རྡོ་རྗེའི་མདུན་སར་ཚད་མ་རིག་པའི་བསྟན་བཅོས་ཁག་ལ་གསན་བསམ་མཛད། དགུང་ལོ་བཅུ་དྲུག་སྟེང་དཔལ་ས་སྐྱར་ཚད་མ་རིག་པའི་གྲྭ་སྐོར་མཛད་པ་དང་དགུང་ལོ་ཉེར་གསུམ་ཙམ་ལ་སྐབས་དེར་བཤད་གྲྭ་ཤུགས་ཆེར་དར་བཞིན་པའི་གསང་ཕུ་སོགས་སུ་གཞུང་ཆེན་བཀའ་པོད་བཅོ་ལྔའི་གྲྭ་སྐོར་མཛད་པས་དགུང་ལོ་དང་མཉམ་པའི་པོ་ཏིའི་གྲྭ་སྐོར་མཛད་ཅེས་མཚན་སྙན་རབ་ཏུ་རྒྱས། དེ་ལྟར་མདོ་ཕྱོགས་མཚན་ཉིད་ཐེག་པར་གསན་བསམ་མཐིལ་ཕྱིན་གནང་རྗེས་བཀའ་བརྒྱུད་དང་ཞི་བྱེད་སོགས་ཆོས་བརྒྱུད་གཞན་གྱི་མཁས་གྲུབ་གང་ཡོད་ཀྱི་ཞབས་ལ་གཏུགས་ནས་རྒྱུད་ཕྱོགས་རྡོ་རྗེ་ཐེག་པར་སློབ་གཉེར་མཐིལ་ཕྱིན་གནང། དགུང་ལོ་སོ་ལྔ(སྤྱི་ལོ1410)ཙམ་ལ་རང་རྐང་གི་གྲུབ་མཐའ་འཛུགས་པར་བཞེད་ནས་དཔལ་མོ་ཆོས་སྡིངས་སྐུ་དངོས་ཀྱིས་ཕྱག་འདེབས་མཛད་ཅིང་གདུལ་བྱའི་སློབ་མའི་ཚོགས་འཆད་ཉན་གྱིས་བསྐྱངས་ཏེ་བོ་དོང་གྲུབ་མཐའི་སྲོལ་གསར་དུ་ཕྱེ། དེ་དང་མཉམ་དུ་ལོ་ངོ་བཅུ་ཕྲག་ལྷག་ཙམ་སྤྱད་ནས་དཔལ་དེ་ཉིད་འདུས་ཆེན་ཞེས་པོད་བརྒྱ་དང་སུམ་ཅུའི་བདག་ཉིད་ཅན་གྱི་གསུང་རྩོམ་རྩོམ་གནང་མཛད་པ་སོགས་ཀྱིས་པཎ་ཆེན་ཉིད་སྐུ་བཞུགས་པའི་སྐབས་སུ་ཆོས་བརྒྱུད་དེ་དབུས་ཀྱི་ལྷོ་ནུབ་ས་ཁུལ་ཁག་ཏུ་ཤུགས་ཆེར་འཕེལ། ཡིན་ནའང་རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རིམ་གྱིས་ཉམས་རྒུད་དུ་ཕྱིན་ཏེ་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་འགའ་དང་བལ་ཡུལ། འབྲུག་ཡུལ་བཅས་སུ་དགོན་སྡེ་ཉེར་བཞི་ཙམ་གྱིས་བོ་དོང་ལུགས་ཀྱི་ཆོས་བརྒྱུད་སྔར་མུས་སུ་འཛིན་སྐྱོང་བྱེད་བཞིན་མཆིས། དེ་སྔ་བོ་དོང་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་མང་པོ་མེད་པར་སྣང་མོད། ཉེ་བའི་ལོ་འགའི་སྔོན་དུ་བོ་དོང་པཎ་ཆེན་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་མཉམ་དུ་བོ་དོང་གི་ཆོས་བརྒྱུད་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཡང་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད། དཔྱད་རྩོམ་འདིར་དགེ་བསྙེན་འཇིགས་མེད་འབངས་ཀྱིས་མཛད་པའི《རྣམ་ཐར་ངོ་མཚར་དགའ་སྟོན》ལས་བྱུང་བའི་བོ་དོང་པཎ་ཆེན་གྱི་མཚན་གྱི་རྣམ་གྲངས་དག་ཇི་ལྟར་གསོལ་ཚུལ་སྐོར་པཎ་ཆེན་ཉིད་ཀྱི་རྣམ་ཐར་དང་འབྲེལ་ནས་ངོ་སྤྲོད་ཙམ་ཞུ་རྒྱུ་ཡིན། རྣམ་ཐར་འདི་ནི་བོ་དོང་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་སྟེ། བོ་དོང་པཎ་ཆེན་སྐུ་གཤེགས་ནས་ལོ་གསུམ་འདས་པའི་རྗེས་སུ་པཎ་ཆེན་ཉིད་ཀྱི་དངོས་སློབ་དགེ་བསྙེན་འཇིགས་མེད་འབངས་ཀྱིས་རང་གིས་དངོས་སུ་མཐོང་བ་དང་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་ཇི་ལྟར་ཐོས་པ། གཞན་ཡང་རྣམ་ཐར་ངག་དབང་མ་དང་དཔོན་ཡིག་དཀོན་མཆོག་རྒྱལ་མཚན་གྱིས་ཟིན་བྲིས་བྱས་པ་རྣམས་ལ་གཞི་བཅོལ་ནས་མཛད་པས། ད་སྔ་ཡོད་པའི་བོ་དོང་པཎ་ཆེན་གྱི་རྣམ་ཐར་གཞན་དག་ལས་དུས་ཚོད་ཀྱི་ཆ་ནས་སྔ་ཤོས་སུ་གྱུར་ཡོད་པ་མ་ཟད། དཔྱད་གཞི་ཁུངས་བཙུན་ཤོས་དང་རྣམ་ཐར་རྒྱས་ཤོས་ཀྱང་ཡིན། 

《རྣམ་ཐར་ངོ་མཚར་དགའ་སྟོན》དུ་མཚན་གྱི་རྣམ་གྲངས་བཅུ་བཞི་ཙམ་དང་། 《རྣམ་ཐར་ངོ་མཚར་རྒྱ་མཚོ》དང《ངོ་མཚར་ཕྲེང་བ》གཉིས་སུ་ཡང་མཚན་གྱི་རྣམ་གྲངས་རེ་ཟུང་བྱུང་ཡོད། གཞན《འཇིགས་བྲལ་ཐམས་ཅད་མཁྱེན་པའི་མཚན་བརྒྱ་བཞུགས་སོ》ཞེས་པའི་དཔེ་ཆ་སྣ་རིང་བཤུས་མ་ཞིག་ཏུ་བོ་དོང་པཎ་ཆེན་གྱི་མཚན་གྱི་རྣམ་གྲངས་བརྒྱ་ཙམ་བཀོད་ཡོད་པ་ལས་ཕལ་ཆེ་བ་ནི་གསོལ་འདེབས་ཀྱི་ཚུལ་དུ་བཙན་སྦྱོར་བྱས་པ་ལྟ་བུར་སྣང་ཞིང་། བོ་དོང་པཎ་ཆེན་གྱིས་མཛད་པའི་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་ཏེ། 《རྒྱལ་རྩེ་ཆོས་རྒྱལ་གྱི་རྣམ་པར་ཐར་བ་དད་པའི་ལོ་ཐོག་དངོས་གྲུབ་ཀྱི་ཆར་འབེབས》ཞེས་པར་ཡང་མཚན་མི་འདྲ་བ་མང་དུ་བཀོད་འདུག གཞན་ཡང་བོ་དོང་པཎ་ཆེན་དང་འབྲེལ་བ་ཡོད་པའི་དཔེ་ཆ་མང་པོ་ཞིག་ཏུ་མཁས་གྲུབ་ཆེན་པོ་འདི་ཉིད་གླེང་དུས་མཚན་མི་འདྲ་བ་མང་པོ་ཞིག་མཐོང་རྒྱུ་འདུག་མོད། དེ་དག་ནི་ཕལ་ཆེ་བ་གསོལ་འདེབས་ཀྱི་ཚུལ་དུ་བཙན་སྦྱོར་ལྟ་བུ་དང་རང་བཟོ་བྱས་དྲགས་པ་ལྟ་བུར་སྣང་བས། འདིར་ཆེད་དུ《རྣམ་ཐར་ངོ་མཚར་དགའ་སྟོན》ལས་བྱུང་བའི་མཚན་གྱི་རྣམ་གྲངས་བཅུ་བཞི་ཙམ་བཞུགས་པ་པཎ་ཆེན་ཉིད་ཀྱི་སྐུ་ཚེའི་མཛད་པ་དང་འབྲེལ་ནས་བརྗོད་པར་འདོད། 

འདིར་བརྗོད་པར་བྱ་བའི་མཚན་གྱི་རྣམ་གྲངས་ཕལ་ཆེ་བ་ནི་པཎ་ཆེན་ཉིད་སྐུ་འཁྲུངས་ནས་མ་གཤེགས་བར་གྱི་མཛད་པ་ཁྱད་པར་ཅན་རྣམས་དང་འབྲེལ་ནས་གསོལ་བའི་མཚན་ཡིན་པས། མཚན་གྱི་རྣམ་གྲངས་གཅིག་ཤེས་པ་དང་བསྟུན་ཁོང་གི་མཛད་པ་ཁྱད་པར་ཅན་གཅིག་ཤེས་པ་དང་གཅིག་མཚུངས་སུ་འགྱུར་ཞིང་། རྣམ་ཐར་གཞན་དང་ལོ་རྒྱུས་གཞན་དུ་མཚན་མི་འདྲ་བ་བྱུང་ཡོད་པ་དག་ཀྱང་འདི་ལ་གཞིར་བཅོལ་བ་ཤུགས་ཆེ། འདིར་བརྗོད་པའི་མཚན་གྱི་རྣམ་གྲངས་དག་ལ་བྱང་བར་གྱུར་ན་གཞན་དང་གཞན་དུ་འབྱུང་བའི་པཎ་ཆེན་འདི་ཉིད་ཀྱི་མཚན་ལ་རྨོངས་པར་མི་འགྱུར་བའི་དགེ་མཚན་ལྡན་པ་ཡིན་ནོ། ། 

དང་པོ། ཆོ་ག་མཁན་པོ་དང་བླ་མ་དག་གིས་གསོལ་བའི་མཚན། 

༡. གཡུང་དྲུང་སངས་རྒྱས་སྐྱིད་ཅེས་པ་ནི། ཆོ་ག་མཁན་པོས་གསོལ་བའི་མཚན་ཏེ། དམ་པ་གང་ཉིད་ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་འབྲུག་སྟེ། སྤྱི་ལོ1376ལོའི་སྟོན་ཁར་དེང་གི་གཞིས་རྩེའི་ས་གནས་དིང་རི་རྫོང་ཁོངས་ལ་སྟོད་ལྷོའི་དཔལ་གྱི་ཉེ་འགྲམ་ལག་པ་གོང་ཞེས་པའི་རི་ཕྲན་ཞིག་གི་ཉེ་ལོགས་དབྱི་གུ་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་།ཡུན་རིང་མ་ལོན་པར་སྲིད་སྲུངས་ཀྱི་རིག་བྱེད་ལ་མཁས་པའི་ཆོ་ག་མཁན་པོར་བསྟན་པས“དེས་ལག་པ་གཉིས་བཀན་ཏེ་སླངས་ནས་ཕུན་སུམ་ཚོགས་པོ་ཞིག་བཙས་སོ་ཞེས་བསྔགས་པར་བྱེད་ཅིང་། འདི་ནི་མ་ཡི་ལྟོ་བར་ཞུགས་པ་ཙམ་ནས་ཁྱིམ་དུ་ནོར་འཕེལ་བ་དང་།ནང་མི་དག་ལ་སྐྱིད་པའི་དཔལ་ཉེ་བར་སྣང་བས། འདིའི་མིང་ལ་ཡང་གཡུང་དྲུང་སངས་རྒྱས་སྐྱིད་ཅེས་བརྗོད་ཅིག་ཅེས་མཚན་བཏགས་སོ། །”①ཞེས་གསུངས་པ་ལྟར་དམ་པ་གང་ཉིད་མ་ཡི་ལྟོ་བར་ཞུགས་ཙམ་ནས་ཁྱིམ་དུ་ནོར་འཕེལ་བ་དང་ནང་མི་དག་ལ་སྐྱིད་པའི་དཔལ་ཉེ་བར་སྣང་ཚུལ་ནི་རྣམ་ཐར་ལས་དངོས་སུ་མི་གསལ་མོད། མངལ་གྱི་གནས་སྐབས་སུ་ལྟས་མཚན་ཁྱད་པར་ཅན་བྱུང་ཚུལ་ནི་རྣམ་ཐར་ལས“དེ་ཚེ་མཆོག་གི་སྐྱེས་བུ་ཆེན་པོ་འདི། ། གངས་རིའི་ཁྲོད་འདིར་འགྲོ་བ་མཐའ་དག་གི ། བསམ་པ་རྫོགས་སླད་སྐྱེ་རྒུའི་མ་མོ་དེའི། །ལྷུམས་སུ་ཟླ་བའི་གཟུགས་ཀྱིས་ཞུགས་པར་གྱུར། ། བསོད་ནམས་སྟོབས་ཀྱིས་ཐོབ་པའི་རྫོགས་སངས་སྲས། །མངལ་གྱི་དཔལ་ལ་དགེས་པ་དེ་ཚེ་ཡང་། ། དགེ་ལྡན་མ་དེ་རབ་དང་དྲི་མེད་བློས། ། དགེ་བའི་གཉིད་ལོག་གང་གི་རྨི་ལམ་དུ། ། ཟླ་རྒྱས་བདུད་རྩིར་བཅས་པ་སྐུ་ནང་ཞུགས། ། སྣ་ཚོགས་འོད་ཀྱི་ཕུང་པོ་འཕྲོ་ཞིང་འདུ། །རྣ་བའི་བཅུད་ལེན་སྒྲ་སྙན་ཚོགས་ཀྱིས་གང་། ། ཙན་དན་ལས་འགོང་དྲི་བཟང་གིས་གང་གྱུར། ། ཉི་མ་འཆར་བའི་ཐོག་མར་སྐྱ་རེངས་དང་། ། འཁོར་ལོས་བསྒྱུར་བའི་སྔོན་དུ་འཁོར་ལོ་ཆེ། ། ཆར་རྒྱུན་སྔོན་དུ་སྤྲིན་གསར་ཚོགས་ཀྱིས་བཞིན། ། མཆོག་འདི་འཁྲུངས་པའི་སྔོན་དུ་ལྟས་འདི་ཤར། །”②ཞེས་ཡུམ་དེ་ཉིད་བདེ་བའི་མལ་ན་འདུག་བཞིན་པའི་སྐབས་སུ་རྨི་ལམ་དུ་དྲི་མ་མེད་པའི་ཟླ་བ་ཉ་གང་བ་ག་བུར་གྱི་བདུད་རྩི་ཀུན་ཏུ་འཛག་པའི་འོད་ཟེར་བརྒྱ་བ་གཅིག་ལྟོ་བར་ཆགས་པ་སྙམ་བྱེད་པ་དང་ཁ་དོག་སྣ་ཚོགས་པའི་འོད་ཟེར་གྱི་དྲ་བ་ཆེན་པོ་ལུས་ལ་འཕྲོ་ཞིང་འདུ་བ་དང་འཇིག་རྟེན་གྱི་རོལ་མོར་བྱ་བ་མཐའ་དག་གིས་དཔེར་མ་མཆིས་པའི་སྒྲ་སྙན་པོས་གང་བ། མཆོག་གི་ཙན་དན་གྱི་དྲི་ལས་ཀྱང་ལྷག་པར་བྱས་པའི་སྤོས་ཀྱི་དྲི་བསུང་དང་ལྡན་པར་གྱུར། དེ་དག་གི་དོན་ཡང་རིན་པོ་ཆེ་གླ་འཁོར་བ་ཆོས་རྗེ་ངག་དབང་རྒྱལ་མཚན་གྱིས“དྭངས་མ་གསུམ་ལྡན་གྱི་འཇའ་ལུས་དགའ་མགུར་དབང་ཐོབ་པ་དང་། མཁས་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པ་དང་། བྱང་ཆུབ་སེམས་དཔའ་ཚེ་འཕོས་ནས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་བོ་ཉམས་པ་མེད་དོ། །”③ཞེས་གསུངས་པ་དང་གཞན་ཡང་།“ཁོ་བོ་ཅག་གི་བློའི་རི་མོ་ལ་ནི། དང་པོ་ཟླ་བའི་བརྡས་བསྟན་པའི་རྣམ་ཐར་མཆོག་ཏུ་གྱུར་པ་དང་། གཉིས་པ་སྐྱེས་བུ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བཀོད་པ་དང་། གསུམ་པ་དང་བཞི་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་ཚོགས་ཀྱིས་གང་ལ་མཆོད་པ་ཆེན་པོ་བྱེད་པ་ལ་ཞུགས་སོ་སྙམ་མོ། །”④ཞེས་གསལ་བ་འདི་དག་གི་ཤུགས་སུ་ཁྱིམ་ལ་ནོར་འཕེལ་བ་དང་ནང་མི་དག་ལ་སྐྱིད་པའི་དཔལ་ཉེ་བར་སྣང་བ་ནི་སྨྲ་མི་དགོས་སོ། ། 

མཚན་འདིའི་མགོར་གཡུང་དྲུང་ཞེས་པའི་མིང་སྦྱར་བ་ནི་རིགས་རུས་དང་ཆོ་ག་མཁན་པོ་སོགས་གང་ཞིག་དང་འབྲེལ་བ་ཡོད་པའི་ཚུལ་མི་གསལ་ཡང་། རྣམ་ཐར་གྱི་མགོར་མཆོད་བརྗོད་དུ་སྦྱར་བ་ལས“དཔལ་ལྡན‘གཡུང་དྲུང’འགྱུར་བ་མེད་པའི་སྐུ་ཡི་དབང་ཕྱུག་མཆོག་གི་རྒྱལ་བའི་གོ་འཕང་བརྙེས་ཀྱང་སངས་རྒྱས་སྲས་པོ་ཆེན་པོའི་སྤྱོད་པས་ཀུན་ཏུ་དགྱེས་ཤིང་བཀྲ་ཤིས་ཚོགས་དང་ལྷན་ཅིག་གྱུར་ཏེ་ཡུམ་གྱི་ཁྱིམ་གང་སྐྱིད་པའི་དཔལ་འཛིན་བདེ་བར་བལྟམས་ལས་ངོ་མཚར་རབ་སྤྲོ་བསམ་གཏན་ལ་ཆགས་སྙིང་རྗེར་ལྡན། །”⑤
ཞེས་པ་ལས་མངལ་ན་གནས་པ་ནས་སྐུ་བདེ་བར་བལྟམས་པའི་བར་གྱི་ཚུལ་རྣམས་ཚིགས་བཅད་དུ་བསྡུས་ཏེ་བསྟན་པ་འདི་ལ་བརྟག་ན་གཡུང་དྲུང་ཞེས་པ་ནི་གང་གི་སྐུ་ཉིད་འགྱུར་བ་མེད་པའི་དོན་དུ་གོ་དགོས་པ་ལས་གཞན་དུ་མེད་སྙམ་མོ། ། 

༢. སངས་རྒྱས་རྒྱལ་མཚན་ཞེས་པ་ནི། ཉིད་ཀྱི་དགེ་བའི་བཤེས་གཉེན་གྱི་ཐོག་མ་ཞང་པོ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བར་མ་བཞེས་སྐབས་གསོལ་བའི་མཚན་ཏེ། རྣམ་ཐར་ལས“དེ་ལྟར་མཐའ་ཡས་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་བདག་ཉིད་ཆེན་པོ་གང་གི་དྲུང་དུ་སྲིད་པའི་སྡུག་བསྔལ་ཐམས་ཅད་འཕྲོག་ཅིང་། ཆགས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་གནས་སུ་ཁྱིམ་ནས་ཁྱིམ་མེད་པར་བར་མར་རབ་ཏུ་བྱུང་སྟེ། ཀུན་ཏུ་ཞི་བའི་མཉམ་པ་མེད་པ་རབ་ཏུ་བསིལ་བའི་དངོས་པོ་ཐོབ་པར་གྱུར་ཏོ། །”⑥ཞེས་དང“སངས་རྒྱས་བསྟན་པ་རྒྱལ་བའི་རྒྱལ་ཚབ་ཏུ། ། མི་ནུབ་ཆོས་ཀྱི་རྒྱལ་མཚན་ཟུངས་ཤིང(ཤིག)ཅེས། ། ཐུབ་པ་དེ་ཡི་མཚན་ཀྱང་སངས་རྒྱས་ཀྱི། ། རྒྱལ་མཚན་ཞེས་ནི་བོད་པ་གནང་བ་བསྩལ། ། ཞེས་བྱ་བ་ནི། ཕུན་སུམ་ཚོགས་པའི་རྒྱུ་མཚན་དུ་མ་ལ་དགོངས་ནས་ཉིད་ཀྱི་མཚན་ནི་སངས་རྒྱས་རྒྱལ་མཚན་དུ་བཏགས་སོ། །”⑦ཞེས་རབ་བྱུང་གི་སྡོམ་པ་བཞེས་སྐབས་སུ་རྒྱུ་མཚན་དུ་མ་ལ་དགོངས་ནས་མཚན་འདི་གསོལ་བར་གསུངས།

འོ་ན་ཕུན་སུམ་ཚོགས་པའི་རྒྱུ་མཚན་དུ་མ་ལ་དགོངས་ཞེས་པ་གང་ཡིན་ཞེ་ན། གོང་དུ་དྲངས་པའི་ལུང་ལས“སངས་རྒྱས་བསྟན་ལ་རྒྱལ་བའི་རྒྱལ་ཚབ་ཏུ། ། མི་ནུབ་ཆོས་ཀྱི་རྒྱལ་མཚན་ཟུངས་ཤིག་ཅེས། །”⑧ཞེས་བཀའ་བབ་ལྟ་བུའི་གསུང་འདི་ཡིན་པར་སྙམ་སྟེ། པཎ་ཆེན་ཉིད་དགུང་ལོ་ཆུང་དུས་ནས་མཁས་པའི་དབང་པོ་ཆོས་ཀྱི་རྡོ་རྗེའི་དྲུང་དུ་ཚད་མ་རིག་པའི་བསྟན་བཅོས་ཁག་ལ་གསན་བསམ་མཛད་དེ། དགུང་ལོ་བཅུ་དྲུག་སྟེང་ས་སྐྱར་ཚད་མ་རིག་པའི་གྲྭ་སྐོར་མཛད་པ་དང་དགུང་ལོ་ཉེར་གསུམ་ལ་རྩེད་ཐང་ཆོས་སྡེ་ཆེན་པོ་དང་གསང་ཕུ་སོགས་སྐབས་དེར་ཆོས་གྲྭ་ཤིན་ཏུ་དར་ཆེ་བའི་དགོན་སྡེ་རྣམས་སུ་གཞུང་ཆེན་བཀའ་པོད་བཅོ་ལྔའི་གྲྭ་སྐོར་གནང་པ་སོགས་འཆད་ཉན་ཤུགས་ཆེར་མཛད་ཡོད། རྣམ་ཐར་ལས“གཞན་ཡང་གངས་རིའི་ཁྲོད་ཀྱི་ཉི་འོག་གི་རྒྱལ་ཁམས་ན་འཁོད་པའི་དགེ་བའི་བཤེས་གཉེན་ཕལ་ཆེ་བའི་གསུང་གི་བཀའ་དྲིན་ནོད་དེ། རྣམ་དཔྱོད་དང་ལྡན་པའི་མཁས་པ་ཐམས་ཅད་ཀྱི་རལ་བ་ཉིད་ཀྱི་གཞུང་གིས་མཛེས་པར་བྱེད་ཅིང་།”⑨ཞེས་པ་ལྟར་སྐུ་ཚེ་གང་བོར་ལོ་ཆེན་གྲགས་པ་རྒྱལ་མཚན་དང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། མཁན་པོ་དཔལ་ལྡན་གྲགས་པ། ལོ་ཙཱ་བ་ནམ་མཁའ་བཟང་པོ། ལོ་ཙཱ་བ་ཤེས་རབ་དཔལ། འཁོན་རིགས་བསོད་ནམས་ཡོན་ཏན། ལམ་འབྲས་བློ་བཟང་དཀར་མོ། སྟག་ལུང་བ་བྱང་ཆུབ་མགོན་པོ། བཀའ་བཞི་བ་ནམ་མཁའ་འོད་ཟེར། གྲུབ་ཆེན་ཀུན་དགའ་བཀྲ་ཤིས་སོགས་ཆོས་བརྒྱུད་སོ་སོའི་མཁས་གྲུབ་གང་ཡོད་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་ལ་མཁས་པར་སྦྱངས་པ་དང་དགོན་སྡེ་ཕྱག་བཏབ་ནས་སློབ་ཚོགས་བསྐྱངས་པ། དགུང་ལོ་སོ་ལྔ་ཙམ་ནས་སྐུ་མ་གཤེགས་ཀྱི་བར་ཏེ་ལོ་ངོ་སུམ་ཅུ་ལྷག་གི་རིང་དཔལ་དེ་ཉིད་འདུས་ཆེན་ཞེས་གསུང་རྩོམ་པོད་བརྒྱ་དང་སོ་གསུམ་གྱི་བདག་ཉིད་ཅན་དེ་མཛད་པ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་རྒྱལ་བའི་རྒྱལ་ཚབ་ལྟ་བུར་གྱུར་ནས་ཆོས་ཀྱི་རྒྱལ་མཚན་བཟུང་བའི་མཛད་པ་ཁྱད་པར་ཅན་འདི་དག་ནི་ཕུན་སུམ་ཚོགས་པའི་རྒྱུ་མཚན་དུ་མ་ལ་དགོངས་ཞེས་པའི་དགོངས་གཞི་དེ་ཡིན་པར་གོར་མ་ཆག་གོ།

༣. ཆོས་ཀྱི་རྒྱལ་མཚན་ཞེས་པ་ནི། ཉིད་ཀྱི་ཞང་པོ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་གསོལ་བའི་མཚན་ཏེ། རྣམ་ཐར་ལས“དེར་ནི་རང་གི་མཁན་པོའི་བཀའ་དྲིན་གྱིས། ། དགེ་ཚུལ་དངོས་པོ་མཆོག་ཏུ་རབ་བསྒྲུབས་ནས། །དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ཞེས་པ་ཡིས། ། མཚན་གྱིས་ཁྱོད་ལ་དགེ་བར་རབ་ཏུ་བརྗོད། །”⑩ཅེས་པའི་འགྲེལ་དུ“རང་གི་མཁན་པོ་ཆེན་པོ་ལས། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ནོད་དེ། མཚན་ཡང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་གསོལ་ཏོ། །”ཞེས་པ་ལྟར་ཚིགས་སྔ་མའི་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་སུ་གསོལ་བའི་མཚན་ཡིན།

གཉིས་པ། སྤྱོད་པ་ཁྱད་པར་ཅན་ལ་བརྟེན་ནས་གསོལ་བའི་མཚན།

༤. དབོན་པོ་ཤིག་གསོ་བ་ཞེས་པ་ནི། དམ་གང་ཉིད་གཞོན་ནུའི་དུས་སུ་འགྲོ་བ་གཞན་གྱིས་བོར་བའི་ཤིག་དག་ཉིད་ཀྱི་སྐུ་ལུས་ལ་བླངས་ཏེ་ཁྲག་གིས་ཚིམ་པར་མཛད་པས་མཚན་ཡང་དེ་ལྟར་གསོལ་བ་ཡིན་ཏེ། རྣམ་ཐར་ལས“རབ་ཏུ་ཞི་བའི་བསམ་གཏན་དེ་ཡང་།ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ངང་ཚུལ་ཞིག་སྟེ། གཞོན་ནུ་སྤྱན་གྱི་པདྨ་ཁ་ཕྱེ་མ་ཐག་པ་དེ་ཉིད་ཀྱི་ཚེ་ཡང་། འགྲོ་བའི་ཉོན་མོངས་པའི་དུག་གི་སྐྱོན་ཐམས་ཅད་འཕྲོག་པ་ལ་གཅིག་ཏུ་དཔའ་ཞིང་། སྙིང་རྗེ་རྒྱས་པའི་བདུད་རྩི་མཆོག་གི་ཐུགས་སྨིན་པར་མཛད་པས་དགུང་ལོ་བདུན་པ་ལ་བབས་པའི་ཚེ། སྡུག་བསྔལ་གྱི་ཁུར་གྱིས་ནོན་ཅིང་ཉམ་ཐག་པའི་སེམས་ཅན་སྤྱན་ལམ་དུ་གྱུར་པ་ན། དེའི་སྡུག་བསྔལ་གྱི་ཚེར་མ་མ་ཟད་པ་ཉིད་ཀྱི་ཐུགས་ལ་ཟུག་སྟེ་བཟོད་གླགས་མེད་པའི་སྙིང་རྗེ་ཆེན་པོའི་རྒྱ་མཚོ་རྡོལ་ནས་སྤྱན་ཆབ་མང་པོ་བཏང་ཞིང་།དེ་ཉིད་ནས་བརྩམས་ཏེ་དེ་འདྲ་བའི་ཚུལ་གཟིགས་པ་ན། ཞལ་གྱི་དཀྱིལ་འཁོར་སྙིང་རྗེའི་ཆུ་རློན་དང་མ་བྲལ་བའི་ངང་ཚུལ་ཅན་ཞིག་སྟེ།”ཞེས་པ་ལྟར་སྙིང་རྗེའི་གཞན་དབང་དུ་གྱུར་པའི་མཛད་པ་མང་དུ་སྣང་མོད། འདིར་ཆེད་དུ་སྐབས་བབ་ལྟར་དཔེ་མཚོན་ཙམ་བརྗོད་ན། རྣམ་ཐར་དུ“འགྲོ་བ་གཞན་གྱི་ཤིག་ལ་སོགས་པ་ཅི་དགའ་བར་བོར་བ་ན། གཞན་གྱིས་དོན་ལ་བཅགས་པའི་ཡིད་ཀྱི་ཉམ་ང་མེད་པར། པདྨ་ལྟར་འཇམ་པའི་ཕྱག་གིས་བླངས་ནས་རང་གི་སྐུའི་རུམ་དུ་བསྐྱངས་སོ། །


དེའི་ངང་ཚུལ་ལ་དཔགས་ཏེ། མཆོག་ཏུ་མི་སྲུན་པའི་སྐྱེ་བོ་དག་གིས་ཤིག་མང་པོ་རྡོ་ལེབ་ཀྱི་ཁར་བཞག་ནས། སླར་དེ་དང་འཚམས་པའི་རྡོ་བས་བསྣུན་ཅིང་། སྒོག་པ་བཞིན་དུ་བཟའ་བར་བྱེད་ཚུལ་བསྟན་པ་ན་སྙིང་རྗེ་ཆེན་པོའི་སྤྱན་ཆབ་བཏང་ཞིང་། མགྲིན་པ་མཆིལ་མས་འགགས་བཞིན་དུ་བརྩོན་པ་དྲག་པོས་བུ་རམ་དང་། མར་ལ་སོགས་པའི་བཟའ་བའི་ཁྱད་པར་དག་གིས་སྲོག་བླུས་ཏེ། རང་གི་སྐུ་ལུས་ཡོངས་སུ་བསྩལ་ནས་ཁྲག་གི་མཆོད་སྦྱིན་ཆེན་པོས་ཚིམ་པར་མཛད་དེ་བདེ་བར་ལོངས་སྤྱོད་དུ་བཅུག་པས། ཤིག་གི་ཚོགས་རྣམས་འགྲོ་བ་དང་། ཟ་བ་དང་། འཐུང་བ་ལ་རང་དབང་དང་ལྡན་པས། རི་བོ་འབིགས་བྱེད་ཀྱི་གླང་པོའི་དབང་བོ་བཞིན་དུ་བདེ་བར་རྒྱུ་བར་བྱེད་དོ། ། དེའི་ཚེ་ན་འཇིག་རྟེན་དག་ནི་དབོན་པོ་ཤིག་གསོ་བ་ཞེས་བོད་པར་ཡང་བྱེད་ཅེས་གྲགས་ལ།”ཞེས་གསལ་བོར་གསུངས་པ་ལྟར་རོ། ། 


༥. དཔལ་ངང་ཚུལ་ཞི་བ་ཞེས་པ་ནི། སྙིང་རྗེའི་གཞན་དབང་དུ་གྱུར་པའི་ཆ་ནས་གསོལ་བའི་མཚན་ཏེ། རྣམ་ཐར་ལས“སེམས་ཅན་གྱི་དོན་དུ་དམྱལ་བའི་མེ་འོབས་ཆེན་པོར་ཡང་པདྨའི་མཚོ་ལ་ངང་བ་འཇུག་པ་བཞིན་དུ་ཞུགས་ཏེ། བསྐལ་བའི་བར་དུ་སྡོད་པར་སྤོབས་པའི་བྱམས་པའི་ཤུགས་ཆེན་པོ་མངའ་བ་ཡིན་ནོ། ། དོན་དེ་དག་གི་སླད་དུ་ཉིད་ཀྱི་མཚན་དུ་དཔལ་ངང་ཚུལ་ཞི་བ་ཞེས་ཀྱང་གསུངས་པ་ཉིད་དོ། །”ཞེས་པ་ལྟར་སྐུ་གཞོན་ནུ་ཉིད་ནས“འཇིག་རྟེན་སྣང་བ་འདི་ལ་ཕར་བལྟས་པས། ། གང་ལ་བསམས་ཀྱང་ཡིད་འབྱུང་སྐྱེ་བའི་རྒྱུ། ། ཡིད་བརྟན་བློ་གཏད་ཐུབ་པ་ཅི་ཡང་མེད། ། གཏད་མེད་སྨྱོན་པ་འདི་འདྲ་སྙིང་རེ་རྗེ། །”ཞེས་ཆོ་ངེ་དང་བཅས་གསུངས་པར་བརྗོད་ལ། དེ་ལྟ་བུའི་སྙིང་རྗེ་དེ་ཡང་ཕྱོགས་རེར་སྤྱོད་པའི་ཉི་ཚེ་བ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་། དེ་ཡང་སེམས་ཅན་ཐམས་ཅད་སྙིང་རྗེ་བ་ཙམ་དུ་ཟད་ནས། སེམས་ཅན་རེ་རེ་ལ་བཀར་ན་གང་ལ་ཡང་སྙིང་རྗེ་མི་སྐྱེ་བ་དེ་འདྲ་མ་ཡིན་ཏེ།“སེམས་ཅན་གྱི་ནང་ཚན་རེ་རེར་ཕྱེ་ནས་ཀྱང་།སྡུག་བསྔལ་ཆེ་འབྲིང་ཆུང་གསུམ་ལ་སྦྱར་ནས་སྒོམ་པ་དང་། སྡིག་པ་ཆེ་འབྲིང་ཆུང་གསུམ་ལ་སྦྱར་ནས་སྒོམ་པ་ལ་སོགས་པའི་སྙིང་རྗེ་སྦྱོང་ཚུལ་མཐའ་ཡས་དག་མཛད་ནས། གདོང་ལ་ཐུབ་མེད་ཀྱི་མཆི་མ། ངག་ལ་ཐུབ་མེད་ཀྱི་སྨྲེ་སྔགས། ཐུགས་ལ་བཟོད་མེད་ཀྱི་སྙིང་རྗེ། དེའི་ངང་ལ་ཞག་བདུན་ཙམ་རེ་བར་མ་ཆད་པར་འདའ་བར་མཛད་པས། རང་དོན་འཇུག་པའི་ཆགས་པ་དང་བྲལ་ཞིང་། གཞན་ལ་ཕན་པར་རྟག་ཏུ་བརྩོན་པའི་སྙིང་རྗེའི་རྒྱ་མཚོ་ཆེན་པོ་སྲིད་པ་ཟིལ་གྱིས་གནོན་པའི་ཆོས་ཀྱི་མཆོག་ཐུགས་རྒྱུད་ལ་འཁྲུངས་ཏེ། སྐུ་སྲོག་འཕྲོག་པའི་དགྲ་བོ་ལ་ཡང་བུ་གཅིག་པའི་མ་ལྟར་ལྷག་པར་བརྩེ་བས་སྐྱོང་ཞིང་།”ཞེས་པ་ལྟར་གཞོན་དུས་ནས་སྙིང་རྗེ་ཆེན་པོ་ལ་གོམས་པར་གྱུར་ནས་རྟག་ཏུ་ཞི་བའི་ངང་ཚུལ་གྱིས་སེམས་ཅན་གྱི་དོན་གཅིག་ཏུ་མཛད་པས་ན་མཚན་ཡང་དེ་ལྟར་དུ་གསོལ་བ་ཡིན་ནོ། ། 

༦. རི་ཁྲོད་ལྡོམ་བུ་ཞེས་པ་ནི། ཚེ་འདིའི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་ལྟ་བར་གནས་དབེན་པ་དག་ཏུ་བཤད་པ་དང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་བཞུགས་པས་མཚན་ཡང་དེ་ལྟར་གསོལ་བ་ཡིན་ཏེ། རྣམ་ཐར་དུ“སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་བའི་བསྟན་པ་འཛིན་པ་ལ་འཕགས་པའི་ཡུལ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། གངས་རིའི་ཁྲོད་དུ་བདག་ཉིད་ཆེན་པོ་འདི་གཉིས་ལས་མཆོག་ཏུ་གྱུར་པའི་མཁས་གྲུབ་མེད་ཅེས་བགྱི་བར་རྔོ་ཐོགས་ནའང་། མངོན་པར་ཁེངས་པ་དང་བྲལ་ནས་འདུ་འཛིའི་འཆིང་བ་ཐམས་ཅད་བཏང་སྟེ་རྣམ་པར་གཡེང་བ་མེད་པའི་མགོན་པོ་ཆེན་པོར་རི་ཁྲོད་ལྡོམ་བུ་ཞེས་མིང་དུ་བོས་ཤིག་ཅེས་གདམས་ཤིང་།”ཞེས་གསུངས་པ་ལྟར་མངོན་པར་ཁེངས་པ་དང་བྲལ་ནས་འདུ་འཛིའི་འཆིང་བ་ཐམས་ཅད་བཏང་ཚུལ་དཔེ་མཚོན་ཙམ་བརྗོད་ན། 《རྣམ་ཐར་ངོ་མཚར་དགའ་སྟོན》ལས།“ཀུན་ཏུ་མི་རྟག་པ་ཐུགས་ལ་སྨིན་པའི་དགོངས་པ་ཆེན་པོར་ཚངས་པ་དང་། བརྒྱ་བྱིན་དང་།འཁོར་ལོས་བསྒྱུར་བའི་དཔལ་འབྱོར་ལ་ཡང་སྲེད་པ་གཏིང་ནས་ལོག་སྟེ། ཉོན་མོངས་པས་རྣམ་པར་མི་འཁྲུག་པའི་སྒྲུབ་ཆེན་ཚེ་འདི་བློས་བཏང་གི་སྐུ་མཚམས་དམ་པོར་བཅད་ནས། འཇིག་རྟེན་ཆོས་བརྒྱད་པོ་དང་ནམ་དུ་ཡང་མཇལ་ཁ་མི་བགྱིད་པའི་སྒྲུབ་པའི་རྒྱལ་མཚན་ཆེན་པོ་བྱིས་པ་ཁྲུ་མའི་ཆོས་གོས་འཛིན་པ་ཉིད་ནས་མཐར་རང་ཉིད་གང་ནས་གཤེགས་པའི་ཆོས་ཀྱི་དབྱིངས་སུ་བཞུད་པ་དེ་སྲིད་ཀྱི་བར་དུ་འཛིན་པར་མཛད་པ་ཡིན་ཏེ། ཚུལ་འདི་ནི་ལོ་དང་ཟླ་བ་ཁ་ཤས་ཀྱི་བར་དུ་མི་དང་མ་འཕྲད་པ་ཙམ་ལ་བླ་ན་མེད་པའི་སྒྲུབ་ཚུགས་འཛིན་པ་རྣམས་ཀྱི་ཆ་ཙམ་དུ་ཡང་སྒྲུན་པར་མི་ནུས་པའི་རྣམ་པར་ཐར་བ་ཆེན་པོ་ཡིན་ནོ། །”ཞེས་དང་། ཚོགས་ཆེན་པོའི་མཁན་ཆེན་དོན་འགྲུབ་དཔལ་བས་བོ་དོང་པཎ་ཆེན་ལ་དཔལ་ཐང་དུ་དགོན་པ་མཛད་པའི་རྒྱུ་མཚན་ཅི་ཡིན་སྐོར་ཞུས་པའི་ལན་དུ་“སའི་དཀྱིལ་འཁོར་གང་ན་ཡང་སྦྱིན་བདག་ཆེན་པོ་རྣམས་ལ་བརྟེན་པའི་དགེ་འདུན་གྱི་སྡེ་དང་བླ་མ་སོ་སོས་མངོན་པར་གང་ཞིང་། དེ་དག་ཏུ་ཁོ་བོ་འདུག་པའི་ཚེ་ན། ཀུན་གྱི་གདུལ་བྱའི་གེགས་སུ་གྱུར་པར་མཐོང་ནས། དེ་རྣམས་ལས་ཟུར་ཏེ། མིའི་འགྲོ་བས་སྤངས་པའི་ས་གསར་བ་ལ་བརྟེན་པ་ཙམ་ཡིན་གསུངས་སོ། །”ཞེས་པ་དག་ལས་བོ་དོང་པཎ་ཆེན་གྱིས་ཚེ་འདི་བློས་བཏང་གིས་དབེན་པའི་གནས་སུ་སྒྲུབ་པ་གཙོ་བོར་མཛད་ཚུལ་ཕྱོགས་ཙམ་རྟོགས་ནུས་པ་ཡིན་ནོ། ། 

གསུམ་པ། ལྷག་པའི་ལྷས་རྗེས་སུ་བཟུང་བའི་སྒོ་ནས་གསོལ་བའི་མཚན།

༧. དབྱངས་ཅན་དགའ་བའི་པཎྜི་ཏ་ཞེས་པ་ནི། ལྷག་པའི་ལྷ་དབྱངས་ཅན་མ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་མངོན་སུམ་དུ་ཞལ་གཟིགས་ཤིང་གདམས་པ་མང་དུ་བསྩལ་བ་ལ་བརྟེན་ནས་མཚན་ཡང་དེ་ལྟར་གསོལ་བ་ཡིན་ཏེ། དཔལ་ཨེ་ཆོས་འབྱུང་གི་ལྕགས་རིའི་མུ་ཁྱུད་ཀྱི་བྱང་ཤར་གྱི་ལྕོག་ཅིག་ཏུ་སྐུ་མཚམས་དམ་པར་བཅད་ནས་རྗེ་བཙུན་དབྱངས་ཅན་མ་ཉིད་ཀྱི་རྣལ་འབྱོར་ལ་མཉམ་པར་བཞག་པས། ཡུན་མི་རིང་བ་ཞིག་ན་སྲོལ་གྱི་ཐུན་རྫོགས་ཤིང་ནམ་གྱི་གུང་ལ་མནལ་བའི་མཐར་མཆོག་གི་ལྷ་མོས་བྱིན་གྱིས་བརླབས་ཏེ། པི་ཝཾ་གི་སྒྲ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རོལ་མོ་ཆེན་པོས་ཕྱི་ནང་གི་གཉིད་མ་ལུས་པ་སངས་པར་མཛད་ནས་ཞལ་མངོན་སུམ་དུ་གཟིགས་ཤིང་། དུས་དེ་ཉིད་ནས་བརྩམས་ཏེ་བཅོམ་ལྡན་འདས་མ་ཉིད་ཀྱིས་ཡང་དང་ཡང་དུ་ཞལ་ཉེ་བར་བསྟན་ནས་ཆོས་ཀྱི་རྣམ་གྲངས་དུ་མའི་ལུང་བསྩལ་བར་བརྟེན་མཚན་དེ་ལྟར་གསོལ་བ་ཡིན་ཏེ། རྣམ་ཐར་དུ“དེ་དག་དུས་ན། རྗེ་བཙུན་ལྷ་མོའི་བསྟོད་པ་བུང་བའི་གླུ་དབྱངས་ལ་སོགས་པ་མང་དུ་མཛད་ཅིང་།ཚུལ་དེ་ཉིད་ནས་བསྟན་བཅོས་མཛད་པ་དག་གི་ཞབས་སུ། དབྱངས་ཅན་དགའ་བའི་པཎྜི་ཏས་སྦྱར་ཞེས་པའི་མཚན་ཡང་བྲི་བར་མཛད་དོ། །”ཞེས་པ་ལྟར་རྗེ་བཙུན་ལྷ་མོའི་བསྟོད་པ་བུང་བའི་གླུ་དབྱངས་ལ་སོགས་པ་མང་དུ་མཛད་པའི་བསྟན་བཅོས་དག་གི་ཞབས་སུ་རྗེ་བཙུན་ཉིད་ཀྱིས་མཚན་དེ་ལྟར་བྲིས་པར་གསུངས་པ་དང་། གཞན་ཡང་རྣམ་ཐར་དུ“བཅོམ་ལྡན་འདས་མ་ལ་བསྟོད་པའི་ཞབས་ན། ལྷ་མོ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ལ་འཆད་རྩོམ་གྱི་སྤོབས་པ་ཐོགས་པ་མེད་པ་ཉིད་དུ་སྐྱེས་པས། དབྱངས་ཅན་གྱི་ཡིད་ལ་དགའ་བ་སྤེལ་བའི་པཎྜི་ཏས་སྦྱར་བའོ་ཞེས་འབྱུང་ངོ་། །”ཞེས་གསལ་བ་ལྟར་དབྱངས་ཅན་དགའ་བའི་པཎྜི་ཏ་ཞེས་པའི་མཚན་འདི་ནི་ལྷག་པའི་ལྷས་རྗེས་སུ་བཟུང་བའི་སྟབས་ཀྱིས་པཎ་ཆེན་ཉིད་ཀྱིས་རང་ཉིད་ལ་གསོལ་བ་ཡིན་པར་ཤེས་སླའོ། ། 

༨. དཔལ་གསང་བ་བྱིན་ཞེས་པ་ནི། བཅོམ་ལྡན་འདས་མ་སྟེ་རྗེ་བཙུན་རྣལ་འབྱོར་མས་དཔལ་དེ་ཉིད་འདུས་ཆེན་རྩོམ་པར་གསུང་གི་གནང་བ་ཐོབ་པས་ན་མཚན་ཡང་དེ་ལྟར་གསོལ་བ་ཡིན་ཏེ། རྣམ་ཐར་དུ“དེ་ནས་དུས་ནམ་ཞིག་གི་ཚེ་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ཉིན་མོར་བྱེད་པའི་འོད་ཟེར་གྱི་ཕུང་བོ་དང་མཚུངས་པ་ཤིན་ཏུ་གསལ་ཞིང་དྭངས་པ་མདུན་གྱི་ནམ་མཁར་བྱོན་ཏེ་བྱིན་གྱིས་བརླབས་པའི་ཆ་འགའ་ཞིག་མཛད་ནས། དཔལ་དེ་ཁོ་ན་ཉིད་ལེགས་པར་རྩོམས་ཤིག་ཅེས་གསུང་གི་གནང་བ་ཐོབ་པར་གྱུར་ཏོ། ། དེ་ནས་ཉིད་ཀྱི་མཚན་གྱི་རྣམ་གྲངས་སུ་དཔལ་གསང་བ་བྱིན་ཞེས་འདོམས་པར་མཛད་པའང་ཡིན་ནོ། །”ཞེས་གསལ་བ་ལྟར་ལྷག་པའི་ལྷ་རྗེ་བཙུན་རྣལ་འབྱོར་མས་བསྟན་བཅོས་རྩོམ་པར་གནང་བ་བསྩལ་བས་མཚན་དེ་ལྟར་གསོལ་བ་ཡིན། 

གཞན་ཡང་དཔལ་དེ་ཉིད་འདུས་ཆེན་མ་བརྩམས་པའི་སྔོན་དུ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་གནང་བ་ཐོབ་པ་ཙམ་མ་ཟད། མཚན་ཞིག་ལ་ཉིད་ཀྱི་ཞང་པོ་གྲགས་པ་རྒྱལ་མཚན་མནལ་ལམ་དུ་བྱོན་ནས། ཁོང་གི་རྣམ་བཤད་རྣམས་ལ་ནོར་བ་སྣང་ན་སུན་ཕྱུང་དགོས་པ་དང་། རྡོ་རྗེ་ཐེག་པ་ལ་སོགས་པའི་གསུང་རབ་ཀུན་གྱི་སྙིང་བོའི་འགྲེལ་བ་དཔལ་དེ་ཉིད་འདུས་པ་དཔའ་བོ་ཁྱོད་ཀྱིས་ཅི་དགར་རྩོམས་ཤིག་ཅེས་བསྐུལ་བ་དང་། ཡང་མཚན་ཞིག་རྨི་ལམ་དུ་བུ་སྟོན་རིན་པོ་ཆེ་སྐུ་དར་ལ་བབས་པ་ཤིན་ཏུ་མཛེས་ཤིང་སྡུག་པའི་པཎྜི་ཏའི་ཆ་བྱད་ཅན་ཞིག་ཏུ་བྱོན་ནས། འདི་ལྟར་ཐུབ་པའི་གསུང་རབ་ཀུན་གྱི་དོན་འགྲེལ་བ་ནི་ཤིན་ཏུ་དགའ་ཞིང་འདུན་པར་བྱ་བའི་གནས་ལགས་ཀྱི། བདག་ཉིད་ཆེན་པོ་ཁྱེད་ཀྱིས་ཅི་དགའ་བར་དཔལ་དེ་ཉིད་འདུས་པ་མྱུར་བར་རྩོམ་པར་མཛད་ཅིག་ཅེས་ལྷག་པར་བསྐུལ་བ་གནང་འདུག་པས། དཔལ་གསང་བ་བྱིན་ཞེས་པའི་མཚན་འདི་ནི་རྡོ་རྗེ་རྣལ་འབྱོར་མ་དང་རང་གི་རྩ་བའི་བླ་མ་སོགས་སྐྱེས་བུ་ཁྱད་པར་ཅན་དུ་མས་མནལ་ལམ་དུ་གསུང་གི་གནང་བ་བསྩལ་བ་ལ་བརྟེན་ནས་གསོལ་བར་བརྗོད་ནའང་མི་ཆོག་པ་མེད་པར་འདོད་དོ། ། 

༩. སངས་རྒྱས་བསྐྱངས་ཞེས་པ་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་ཤོང་སྟོན་གྱི་ཆ་བྱད་བཟུང་ནས་གསུང་ཆོས་ཀྱིས་བསྐྱངས་པས་མཚན་དེ་ལྟར་གསོལ་བ་ཡིན་ཏེ། རྣམ་ཐར་དུ“དེ་ནས་རེ་ཞིག་གི་དུས་ན་འཕགས་པ་འཇིག་རྟེན་དབང་ཕྱུག་རང་བྱུང་བཞུགས་པའི་གནས་མང་ཡུལ་སྐྱིད་པའི་གྲོང་གི་སྨན་གདོང་ཞེས་པའི་ནགས་འདབས་ཤིག་ན་བཞུགས་པའི་ཚེ་ན། ཡོངས་སུ་རྫོགས་པའི་པཎ་ཆེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་གི་ཆ་བྱད་དུ་མཛད་ནས། གསུང་རབ་མཐའ་དག་གི་གླེགས་བམ་གླང་བོ་ཆེ་བདུན་གྱི་ཁུར་དུ་བཀལ་ཏེ་ཕེབས་པའི་སྣང་བ་བྱུང་། དེ་ནས་གསུམ་མདོ་ཆེན་པོ་ཞིག་ཏུ་དཔལ་ལྡན་སེང་གེའི་ཁྲི་ལ་མངོན་པར་བཞུགས་ནས་སྒྲ་དང་། སྡེབ་སྦྱོར་དང་། སྙན་ངག་ལ་སོགས་པ་གང་དང་གང་གི་གླེགས་བམ་དེ་དང་དེ་རྣམས་ལཉྫ་དང་། ཝརྟུ་སོགས་ཇི་སྙེད་པའི་ཡི་གེའི་ཚོགས་དང་ལྡན་པའི་རྒྱ་དཔེའི་རྣམ་པར་ཕྱག་ཏུ་བཟུང་ནས་ལེགས་པར་གསུངས་ཤིང་རབ་ཏུ་བསྩལ་ཏེ་མཐར་པོ་ཏི་ལྔ་ཙམ་ཞིག་ལ་འདི་དག་ལ་ནི་ཉིད་རང་མཁས་པར་སྣང་བས་ངས་བཤད་མི་དགོས་པ་ཉིད་དེ། མདོར་ན་ཁོ་བོས་ཁྱེད་ལ་ཐུབ་པའི་གསུང་རབ་ཀུན་གྱི་ལུང་བྱས་ཟིན་གྱི། ད་ནི་འདི་རྣམས་ཀྱི་བཤད་སྒྲུབ་དག་གི་བསྟན་པའི་བདག་པོ་བགྱིས་ཞེས་གསུངས་པའི་སྣང་བ་བྱུང་ངོ་། །”ཞེས་ཐུབ་པའི་གསུང་རབ་ཀུན་གྱི་ལུང་སྩོལ་མཁན་ཤོང་སྟོན་གྱི་ཆ་བྱད་མཛད་མཁན་ནི་དོན་དངོས་ལ་སྟོན་པ་བཅོམ་ལྡན་འདས་ཀྱིས་མཛད་པ་ཡིན་པར་རྣམ་ཐར་དུ་གསུངས་ཤིང་། གོང་དུ་དྲངས་པའི་ལུང་འདིའི་མཇུག་དེ་མ་ཐག་ཏུ“དོན་དེའི་དབང་གིས་མཚན་གྱི་རྣམ་གྲངས་སུ་སངས་རྒྱས་བསྐྱངས་ཞེས་གསུངས་པར་འགྱུར་བ་ཡིན་ནོ། །”ཞེས་གསལ་བ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དམ་པ་གཞན་གྱི་ཆ་བྱད་མཛད་ནས་ཆོས་ཀྱིས་བསྐྱངས་པས་ན་མཚན་ཡང་དེ་ལྟར་གསོལ་བ་ཡིན། 

༡༠. འབུམ་ཕྲག་བརྒྱ་བ་ཞེས་པ་ནི། རྒྱལ་བློན་ལོ་པཎ་རྣམས་ཀྱིས་རྒྱ་གར་ཤར་ནུབ་དང་ཁ་ཆེ། བལ་བོ། རྒྱ་ནག ཨོ་རྒྱན་ལ་སོགས་པའི་ཡུལ་གྲུ་སོ་སོ་ནས་སྤྱན་དྲངས་པའི་བཀའ་བསྟན་ཡོངས་སུ་རྫོགས་པ་ཐུགས་སུ་ཆུད་པས་ན་མཚན་དེ་ལྟར་གསོལ་བ་ཡིན་ཏེ། རྣམ་ཐར་དུ“སྡེ་སྣོད་རིན་པོ་ཆེ་གསུམ་དང་། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་སྟེ། ནང་རིག་པའི་གནས་ཀྱི་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་རྒྱལ་བའི་གསུང་རབ། དེ་ཡི་དགོངས་འགྲེལ་དང་བཅས་པ་ཉིད་ཀྱི་ཐུགས་སུ་ཆུད་པ་ལས་གཞན་པ་དག་ནི་འཕགས་པའི་ཡུལ་ནའང་དཀོན་པ་ཙམ་དུ་སེམས་ལ། དེ་ཡང་ཕྱོགས་འདིར་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཀའ་དྲིན་གྱིས། ལོ་པཎ་མཁས་གྲུབ་ཆེན་པོ་རྣམས་ཀྱིས། རྒྱ་གར་ཤར་ནུབ། ཁ་ཆེ་བལ་བོ། རྒྱ་ནག་ཨོ་རྒྱན་ལ་སོགས་པ་ཡུལ་སོ་སོ་ནས་སྤྱན་དྲངས་པར་གྱུར་པའི་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་གྱི་གླེགས་བམ་ཕྱོགས་གཅིག་ཏུ་དབུ་སྔས་སུ་མཛད་ནས། དྲི་མ་མེད་པའི་མཁྱེན་པའི་སྤྱན་རས་ཀྱི་གཟིགས་པ་བསྩལ་བས་དོན་བདེ་བླག་ཏུ་རྟོགས་པ་ཡིན་ལ།” ཞེས་དང་དེའི་མཇུག་ཙམ་དུ།“དོན་དེའི་སླད་དུ་ན་ཉིད་ཀྱི་མཚན་ཏུ་འབུམ་ཕྲག་བརྒྱ་བ་ཞེས་ཀྱང་ཞལ་གྱིས་བཞེས་པ་ཡིན་ནོ། །”ཞེས་རྒྱལ་བའི་བཀའ་དང་བསྟན་བཅོས་ཇི་སྙེད་པ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་པས་ཉིད་ཀྱིས་ཀྱང་མཚན་དེ་ལྟར་ཞལ་གྱིས་བཞེས་པར་གསུངས་པ་ལྟར་རོ། ། 

བཞི་པ། ཆེ་བསྟོད་ཀྱི་སྒོ་ནས་གསོལ་བའི་མཚན།

༡༡. གཞོན་ནུར་གྱུར་པའི་པཎྜི་ཏ་ཞེས་པ་ནི། སློབ་དཔོན་གྱི་དྲུང་དུ་སློབ་པ་ལ་མ་བརྟེན་པར་རང་ཉིད་ཀྱིས་ཟབ་རྒྱས་ཀྱི་བཤད་པ་ལྷུར་ལེན་མཛད་པས་ཞང་པོ་གྲགས་པ་རྒྱལ་མཚན་གྱིས་ཆེ་བསྟོད་ཀྱི་སྒོ་ནས་གསོལ་བའི་མཚན་ཏེ། རྣམ་ཐར་དུ“དེ་ལྟར་གཞོན་ནུ་འཇིགས་བྲལ་ཞབས་ཀྱི་རྣམ་པར་བཤད་པ་རབ་ཏུ་གསན་པས། ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་ལུས་ཡོངས་སུ་རྫོགས་པར་གཟིགས་ནས། ཁོ་བོའི་གཞོན་ནུ་འདི་ནི་བོད་དག་གི་བསོད་ནམས་ཀྱི་སྐལ་བས་ཐོབ་པའི་རྒྱ་གར་ཁ་སྤུ་ཅན་གྱི་པཎྜི་ཏ་དབྱིག་གཉེན་དང་། ཙནྡྲ་གོ་མི་ལྟར་ཐུབ་པའི་གསུང་རབ་མཐའ་དག་འདིར་སློབ་དཔོན་གྱི་ཁ་ལས་མ་ཐོབ་པར། རང་ཉིད་ཀྱིས་ཟབ་རྒྱས་ཀྱི་བཤད་པ་ལྷུར་བྱེད་པ་འདི་འདྲ་བ་དག་ནི། སྔོན་ཆད་བོད་འདིར་མ་བྱུང་ངོ་ཞེས་རྒྱ་ཆེར་བསྔགས་པར་མཛད་ཅིང་། ད་ནི་གཞོན་ནུར་གྱུར་པའི་པཎྜི་ཏ་ཆེན་པོ་འདི་ཡི་ལེགས་པར་བཤད་པ་མཐའ་དག་སའི་དཀྱིལ་འཁོར་ཆེན་པོ་གང་ལ་འཁོད་པའི་མཁས་པའི་ཚོགས་ཐམས་ཅད་ཀྱིས་ཐོས་ན་ཅི་མ་རུང་སྙམ་དུ་དགོངས་ནས། དབུས་འགྱུར་འཆང་གི་ལེགས་བཤད་སྒྲོགས་པའི་ཚལ་ཆེན་པོ་རྣམས་སུ་གྲྭ་སྐོར་ལ་མྱུར་དུ་ཐེགས་པའི་བཀའི་གནང་བ་ཐོབ་པར་གྱུར་ཏོ། །”ཞེས་པ་ལྟར་རྗེ་བཙུན་ཉིད་དབུས་ཕྱོགས་སུ་གྲྭ་སྐོར་དུ་འགྲོ་བར་དགོངས་ནས་ཉིད་ཀྱི་ཞང་པོ་གྲགས་པ་རྒྱལ་མཚན་ལ་ཞུས་པ་ན། མཁན་པོའི་ཐུགས་ཀྱང་ཐེ་ཚོམ་དུ་གྱུར་ནས་ཁོ་བོས་བརྟག་པར་བྱ་ཞེས་གསུངས་ཤིང་།རྗེས་སུ་དཔོན་སློབ་གཉིས་ཀྱིས་ཉིན་ཞག་བདུན་ཙམ་གྱི་རིང་སྐུ་མཚམས་བཅད་ནས་དྲི་བ་དྲིས་ལན་མཛད་པས་མཁན་པོའི་ཡིད་འཕྲོགས་ཤིང་གསུང་གི་གནང་བའང་ཐོབ་སྟེ།‘གཞོན་ནུར་གྱུར་པའི་པཎྜི་ཏ་ཆེན་པོ’ཞེས་ཆེ་བསྟོད་ཀྱི་ཚུལ་དུ་བསྔགས་པའི་སྒོ་ནས་པཎ་ཆེན་ཉིད་མཚོན་པར་བྱས་པ་ལ་བརྟག་ན་དེ་ཡང་མཚན་གྱི་རྣམ་གྲངས་སུ་བགྲངས་ན་མི་ཆོག་པ་མེད་པར་འདོད་དོ། ། 

༡༢. གཞོན་ནུ་སྨྲ་པའི་དབང་ཕྱུག་ཅེས་པ་ནི། རྣམ་ཐར་དུ“དེ་ནས་གཞོན་ནུ་སྨྲ་བའི་དབང་ཕྱུག་ཤེལ་དཀར་དུ་ཕེབས་ཏེ་ཟླ་བ་གསུམ་གྱི་བར་དུ་སྐུ་མཚམས་དམ་པར་བཅད་ནས། ཕར་ཕྱིན་དང་། འདུལ་བ་དང་། མངོན་པ་གོང་འོག་ལ་སོགས་པའི་རྒྱ་འགྲེལ་རྣམས་ལ་ཞིབ་ཏུ་གཟིགས་པས། ཡི་གེ་ཀློག་པའི་བྱ་བ་ཙམ་གྱིས་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད་དོ། །”ཞེས་གསུངས་པ་ལྟར་མཁན་པོ་དཔལ་ལྡན་གྲགས་པའི་ཞལ་ནས་དབུས་ཕྱོགས་སུ་གྲྭ་སྐོར་ལ་འགྲོ་ཆོག་པའི་གསུང་གི་གནང་བ་ཐོབ་རྗེས། གཞོན་ནུ་སྨྲ་བའི་དབང་ཕྱུག་ཤེལ་དཀར་དུ་ཕེབས་ཤིང་ཟླ་བ་གསུམ་ཙམ་གྱི་བར་དུ་སྐུ་མཚམས་དམ་པར་བཅད་ནས་དཔེ་གཟིགས་ཞིབ་ཏུ་མཛད་ཅེས་གསུངས་པ་ལྟར་ཚིག་གིས་དངོས་སུ་ཟིན་པའི་སྒོ་ནས་མཚན་གྱི་རྣམ་གྲངས་སུ་བགྲངས་མེད་མོད། གཞོན་ནུ་སྨྲ་བའི་དབང་ཕྱུག་ཤེལ་དཀར་ཏུ་ཕེབས་ཏེ་ཞེས་བརྗོད་འདུག་པས། རྗེ་བཙུན་ཉིད་ཀྱི་མཚན་གྱི་རྣམ་གྲངས་སུ་བརྗོད་ཆོག་པར་འདོད་དེ། སྨྲ་བའི་དབང་ཕྱུག་ཏུ་གྱུར་ཚུལ་ཡང་གཞོན་ནུའི་དུས་ནས་གྲྭ་སྐོར་དུ་ཕེབས་སྐབས་ས་སྐྱའི་མཁས་པ་གཡག་རོང་གཉིས་དང་མཁས་པ་བསོད་ནམས་སྐྱབས། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དང་རྩོད་པ་མང་དུ་མཛད་པ་ལས་ཀྱང་རྟོགས་ནུས། 

༡༣. འཇིགས་མེད་གྲགས་པ་ཞེས་པ་ནི། གྲྭ་སྐོར་སྟ་གོན་གྱི་ཚགས་ལེགས་པར་ཆུད་ནས་གསང་ཕུ་ན་གངས་རིའི་ཁྲོད་ཀྱི་རིག་པ་སྨྲ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་གཡག་མི་ཕམ་སངས་རྒྱས་དཔལ་བ་དང་རྩོད་པས་རྣམ་པར་རྒྱལ་བས་མཚན་དེ་ལྟར་གསོལ་ཡིན་ཏེ། རྣམ་ཐར་དུ“དེ་ལྟར་བདག་ཉིད་ཆེན་པོ་གོང་ལས་རྒྱལ་བ་ཡང་དག་པར་ཐོབ་པ་ནི་སྨྲ་མཁས་ཐམས་ཅད་ཀྱི་དྲེགས་པ་གཅོད་པ་ལ་གཅིག་ཏུ་དཔའ་བའི་རྒོལ་བའི་རྒྱལ་སྲིད་ཆེན་པོ་ཐོབ་པར་གྱུར་པ་ཡིན་ནོ། ། ཚུལ་དེ་དག་ལ་སོགས་པའི་སླད་དུ་ན། མཁས་པ་ཆེན་པོའི་མཚན་གྱི་རྣམ་གྲངས་སུ་འཇིགས་མེད་གྲགས་པ་ཞེས་ཀྱང་གསུངས་པ་ཉིད་དོ། །”ཞེས་པ་ལྟར་ཟབ་རྒྱས་ཀྱི་གཞུང་གང་ལའང་འཆད་རྩོད་ཀྱི་འཇིགས་པ་དང་ཀུན་ནས་བྲལ་བས་མཚན་དེ་ལྟར་གསོལ་བ་ཡིན། 

༡༤. བློ་གྲོས་མི་ཟད་པ་ཞེས་པ་ནི། རྒྱལ་བསྟན་རིན་པོ་ཆེའི་ཟབ་རྒྱས་ཀྱི་དོན་ཐམས་ཅད་ཀྱི་སྤྲོ་སྡུད་ལ་མཁས་ཤིང་བྱང་ཆུབ་པས་ན་མཚན་དེ་ལྟར་གསོལ་བ་ཡིན། དེ་ལྟར་སྤྲོ་སྡུད་ལ་མཁས་ཚུལ་ནི་རྣམ་ཐར་དུ“སྤྲོས་ཚེ་གསུང་རབ་མཐའ་དག་ཞལ་ན་རྒྱུ། ། སྡུད་ཚེ་ཉུང་ངུའི་ཚིག་གིས་ཆོས་རྣམས་འགྲེལ། ། གདུལ་བྱའི་བློ་དང་འཚམས་པའི་ཆོས་འཁོར་གྱིས། ། རིམ་པ་རིམ་པས་རྣམ་པར་འདྲེན་ལ་མཁས། །”ཞེས་གསུངས་པ་ལྟར་སྤྲོ་སྡུད་ལ་ཧ་ཅང་མཁས་པ་ཡིན་ཏེ། སྔོན་མངའ་རིས་གུང་ཐང་ལ་དཔལ་གསང་བ་འདུས་པའི་རྒྱུད་གསུངས་པ་ཞིག་གི་ཚེ་ན་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་བཤད་སྲོལ་གྱི་སྒོ་ནས་ཨོཾ་ཨཱཿཧཱུཾ་གསུམ་པོ་ཁོ་ནའི་བཤད་པ་ཟླ་བ་ཕྱེད་ཙམ་གྱི་ཡུན་སོང་བར་སྣང་ཞིང་། བསྡུས་ཏེ་འདོད་པ་དག་ལའང་ཡུན་ཙུང་ཟད་ཙམ་རེའི་བར་གྱི་ཆོས་ཐུན་གཅིག་གིས་ཀྱང་བརྗོད་བྱའི་གནས་དེའི་ལུས་ཡོངས་སུ་རྫོགས་པར་གོ་ནས་ཐེ་ཚོམ་གྱི་དྲ་བ་གཅོད་པར་མཛད་པ་ཡིན། དེའི་སྐོར་ཟུར་ཙམ་བརྗོད་ན་སྣ་དཀར་རྩེའི་རྒྱལ་བོའི་གཞིས་ཀ་ལ་ཆོས་ཀྱི་བདུད་རྩི་སྤྲོས་པའི་སྐབས་སུ་པཎྜི་ཏ་ཆེན་པོ་བསོད་ནམས་རྒྱལ་བ་ཡང་བདག་ཉིད་ཆེན་པོའི་གསུང་གི་བགོ་སྐལ་བཞེས་པ་ལ་ཕེབས་ཏེ། དེར་ཇ་དཀར་བོ་སྦྱོར་བ་གཅིག་གི་རིང་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་མངོན་པར་རྟོགས་པ་དཔལ་མངོན་དགའི་ཆོས་གྲྭར་དེའི་སྔོན་ཙམ་དུ་བཤད་པ་མཛད་པ་ལ་ཞག་བཅུ་ཙམ་འགོར་བ་དེ་ཡོངས་སུ་རྫོགས་པར་ཚང་བ་བདེ་བླག་ཏུ་གསུངས་པ་ཡིན། དེ་བས་རྣམ་ཐར་དུའང“དེ་ལྟར་ན་གསུང་རབ་རྒྱ་མཚོ་ལ་མངོན་པར་བྱང་ཆུབ་པས་སྤྲོ་ཞིང་སྡུད་པའི་ཚོད་རིག་ཅིང་གནས་འདི་ཁོ་ན་ལ་ཡང་ལྷག་པར་མཁས་པ་ཡིན་ཏེ། དོན་དེ་དག་གི་སླད་དུ་ན་གང་གི་མཚན་དུ་བློ་གྲོས་མི་ཟད་པ་ཞེས་ཀྱང་གསུངས་པ་ཉིད་དོ། །”ཞེས་རྒྱལ་བསྟན་རིན་པོ་ཆེའི་ཟབ་རྒྱས་ཀྱི་དོན་ཐམས་ཅད་ཀྱི་སྤྲོ་སྡུད་ལ་མཁས་ཤིང་བྱང་ཆུབ་པས་ན་མཚན་ཡང་དེ་ལྟར་གསོལ་བ་ཡིན་པར་བརྗོད་པ་བཞིན་ནོ། ། 

མཇུག་སྡུད་པའི་གཏམ།

འཇིགས་མེད་གྲགས་པའམ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་ནི་བོད་ཀྱི་རིག་གནས་སྤྱི་ལ་མཛད་རྗེས་བླ་མེད་བཞག་མྱོང་བའི་མི་སྣ་གལ་ཆེན་ཞིག་ཡིན། པཎ་ཆེན་ཁོང་གིས་མི་ལོ་བཅུ་ཕྲག་བདུན་ལྷག་གི་རིང་བོད་ཀྱི་ཆོས་བརྒྱུད་སོ་སོའི་མཁས་གྲུབ་ཕལ་ཆེ་བའི་ཞབས་ལ་གཏུགས་ཤིང་མདོ་སྔགས་གཉིས་ལ་སློབ་གཉེར་མཐིལ་ཕྱིན་མཛད་དེ། དུས་རབས་བཅུ་བཞི་བའི་སྟོད་དུ་བོ་དོང་གྲུབ་མཐའི་སྲོལ་གསར་དུ་ཕྱེ། དཔལ་དེ་ཉིད་འདུས་ཆེན་ཞེས་པོད་བརྒྱ་དང་སུམ་ཅུའི་བདག་ཉིད་ཅན་གྱི་གསུང་རྩོམ་མཛད། རྗེས་འཇུག་སློབ་བུའང་མང་དུ་བྱུང་སྟེ་དུས་རབས་བཅུ་བཞི་བའི་ནང་དབུས་ཀྱི་ལྷོ་ནུབ་ས་ཁུལ་ཁག་ཏུ་བོ་དོང་བའི་ཆོས་བརྒྱུད་ཤུགས་ཆེར་དར་སྤེལ་གནང་བ་སོགས་དམ་པའི་མཛད་པ་ཁྱད་པར་ཅན་མང་དུ་མཛད་ཡོད། དེར་བརྟེན་ལོ་རྒྱུས་དང་རྣམ་ཐར་ཁག་ཏུ་ཁོང་གི་མཛད་པ་ཁྱད་པར་ཅན་རྣམས་དང་འབྲེལ་བའི་མཚན་གྱི་རྣམ་གྲངས་མི་འདྲ་བ་མང་དུ་ཡོད་པ་དག་ལས་འདིར་གཡུང་དྲུང་སངས་རྒྱས་སྐྱིད་དང་དབོན་པོ་ཤིག་གསོ་བ། སངས་རྒྱས་རྒྱལ་མཚན། ཆོས་ཀྱི་རྒྱལ་མཚན། དཔལ་ངང་ཚུལ་ཞི་བ། དབྱངས་ཅན་དགའ་བའི་པཎྜི་ཏ། གཞོན་ནུ་སྨྲ་བའི་དབང་ཕྱུག འཇིགས་མེད་གྲགས་པ། འབུམ་ཕྲག་བརྒྱ་བ། དཔལ་གསང་བ་བྱིན། སངས་རྒྱས་བསྐྱངས། བློ་གྲོས་མི་ཟད་པ། རི་ཁྲོད་ལྡོམ་བུ་བཅས་མཚན་མི་འདྲ་བ་བཅུ་བཞི་ཙམ་དམིགས་སུ་བསལ་ནས་ཇི་ལྟར་གསོལ་བའི་ཚུལ་དགེ་བསྙེན་འཇིགས་མེད་འབངས་ཀྱིས་མཛད་པའི《དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན》ཞེས་པའི་རྣམ་ཐར་གཞིར་བཟུང་སྟེ་ངོ་སྤྲོད་དང་གསལ་བཤད་བྱས་ཡོད། 


རྡོ་རྗེ་མཚོ་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི2017ལོའི་སྐད་བརྡ་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།


དཔྱད་གཞིའི་ཡིག་ཆ།

[1] རྩོམ་པ་པོ་མི་གསལ། རྣམ་ཐར་ངོ་མཚར་ཕྲེང་བ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016ལོའི་པར་གཞི།

[2] འཆི་མེད་འོད་ཟེར། དཔལ་དེ་ཁོ་ན་ཉིད་འདུས་པ་ལས་བོ་དོང་ཆོས་འབྱུང་གསལ་བྱེད་སྒྲོན་མེ། སྣ་ཐུང་དབུ་མེད་ལག་བྲིས།

[3] མི་བསྐྱོད་རྡོ་རྗེ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྣམ་པར་ཐར་བ་ངོ་མཚར་གྱི་རྒྱ་མཚོ། སྣ་ཐུང་དབུ་མེད་ལག་བྲིས།

① ② དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་
བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:22.18-19.

③④⑤⑥⑦⑧དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:19.20. 1~2.38.38-39.39.

⑨⑩ དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:38~39.40.40.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:40~41.32.33.45.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:44.44.~45.327~328.268~269.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:382.50.51.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:222.223-224.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:225.113.113.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:60~61.78.239.

དགེ་བསྙེན་འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་བ་ངོ་མཚར་གྱི་དགའ་སྟོན། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991:241.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1