ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་སྒྲིག་གཞི་ཡག་པོ་བཟོ་དགོས་གསུངས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-15


      ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་ནས། ཚབས་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་སྟབས་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་ནན་བཤད་གནང་བ། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ།
      ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་2ཚེས་14ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འགན་ལེན་བྱ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་འགན་གལ་ཆེན་ཞིག་རེད། མིག་སྔར་གཞིགས་ཏེ་ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པ་མ་ཟད། དེ་བས་ཀྱང་རྒྱང་རིང་ལ་གཞིགས་པ་དང་། ཉམས་མྱོང་ཕྱོགས་སྡོམ། བསླབ་བྱ་ལེན་པ་བཅས་བྱེད་པ། ད་ཐེངས་ཀྱི་རིམས་ནད་ལས་མངོན་པའི་ཞན་ཆ་དང་མི་འདང་སར་དམིགས་ཏེ་གང་མགྱོགས་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ། མཐའ་འཁྱོངས་བྱེད་དགོས་པ་རྣམས་མཐའ་འཁྱོངས་བྱེད་པ། འཐུས་ཚང་དུ་གཏོང་དགོས་རིགས་འཐུས་ཚང་དུ་གཏོང་བ། འཛུགས་དགོས་རིགས་འཛུགས་པ། དོན་འཁྱོལ་བྱེད་དགོས་རིགས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་སྟབས་བསྟུན་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་ཏིང་ཟབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། 
       ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འཕྲད་པའི་ཚོད་བགམ་ཆེན་པོ་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་དང་དེར་ཤུགས་སྣོན་རྒྱག་པ། སྒྲིག་གཞིའི་ཐོག་ནས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་སྟབས་བསྟུན་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་དང་། 
       ཞི་ཅིན་ཕིང་གིས། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་གཏོང་བ། འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་བདག་མེད་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ཞིབ་འཇུག་ནན་ཏན་བྱེད་དགོས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན། རྒྱལ་ཁབ་ཡུན་གནས་བདེ་འཁོད་ལ་སྲུང་སྐྱོང་བཅས་ཀྱི་མཐོ་ཚད་ཐོག་ནས་སྐྱེ་དངོས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་འཇུག་པ་དང་། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་མ་ལག་ཅན་གྱི་འཆར་འགོད་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་དངོས་སུ་འདོན་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་འགན་ལེན་མ་ལག་གང་མགྱོགས་འཛུགས་དགོས་ཞེས་ནན་གསུངས་གནང་བ་དང་།
      ཞི་ཅིན་ཕིང་གིས།  རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་སྔོན་འགོག་གཙོ་བོར་འཇོག་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱུན་གྲབས་ལྷོད་མེད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྔོན་འགོག་ཚད་གཞི་མཐོ་རུ་བཏང་ནས་ནད་གཞི་ཆུང་ངུ་རིམས་ནད་ཆེན་པོར་མི་འགྱུར་བ་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་གཏོང་གི་གྲུབ་ཆ་ལེགས་སུ་གཏོང་བ། གྲོང་གསེབ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགོག་སྲུང་འཛིང་རགས་དང་པོ་ཚགས་དམ་པོ་ཞིག་འཛུགས་དགོས། སྤྱི་པའི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་གཉེར་མི་སྣ་གསོ་སྐྱོང་དང་། ཚད་གཞི། བེད་སྤྱོད། ཐོབ་ཐང་འགན་སྲུང་། དཔྱད་ཞིབ་གདེང་འཇོག སྐུལ་ལྕག་བཅས་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། ནད་ཚང་མ་བལྟ་ཤེས་པའི་སྨན་པ་གསོ་སྐྱོང་དང་རིམ་དབྱེའི་ནད་བརྟག་སྨན་བཅོས་སོགས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་སྨན་བཅོས་ཞབས་ཞུའི་ལས་ཆོད་མཐོ་བ་དང་འབྲེལ་མཐུད་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། འགོག་བཅོས་ཟུང་འབྲེལ་དང་། མཉམ་དུ་སྔོན་འགོག་ཚོད་འཛིན། མང་ཚོགས་ཀྱིས་འགོག་བཅོས་བྱེད་པ་བཅས་ཀྱི་ལས་ཀའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། ཉེན་ཁའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཚབས་ཆེའི་ཉེན་ཁར་ཞིབ་གཅོད་དང་། དཔྱད་དཔོག བཀོད་ཇུས། སྔོན་འགོག་ཚོད་འཛིན་བཅས་ཀྱི་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་གནང་བ་དང་།
      ཞི་ཅིན་ཕིང་གིས། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་གྱི་སྟབས་བསྟུན་ལན་ཆའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། གཅིག་སྡུད་གཅིག་གྱུར་དང་ལས་ཆོད་མཐོ་བའི་འགོ་ཁྲིད་བཀོད་འདོམས་མ་ལག་འཛུགས་པ་བཅས་བྱས་ཏེ། བཀའ་རྒྱ་ཁ་གསལ་དང་། མ་ལག་དང་གོ་རིམ་ལྡན་པ། ལག་བསྟར་བདེ་བླག་དང་ནུས་ཡོད་བཅས་བྱས་ནས་རིམས་ནད་ཀྱི་འཐབ་ས་དང་པོའི་གནད་དོན་གནད་ལ་འཕིགས་པའི་ངང་ཐག་གཅོད་བྱེད་དགོས། ཚན་རིག་ཞིབ་འཇུག་དང་། རིམས་ནད་ཚོད་འཛིན། ནད་ཐོག་སྨན་བཅོས་བཅས་ཀྱི་ནུས་ཡོད་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཁག་གི་ལག་ལེན་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས། ལམ་ལུགས་ཅན་གྱི་གྲུབ་འབྲས་ཆགས་པ་བྱེད་པ་དང་། ཐོལ་བྱུང་དང་དམིགས་བསལ་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཚད་ལྡན་བཟོ་བ་དང་སྟབས་བསྟུན་སྐྱོབ་བཅོས་དོ་དམ་བྱ་ཐབས་འཐུས་ཚང་དུ་གཏོང་དགོས། ཞི་དྲག་ཟུང་འབྲེལ་དང་ཞན་ཆ་གསབ་པ། རིམས་ནད་ཚབས་ཆེན་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་དབྱེ་བ་དང་། བང་རིམ་དབྱེ་བ། ཁག་བགོས་བཅས་ཀྱི་འགོས་ནད་སོགས་ཚབས་ཆེའི་རིམས་ནད་སྐྱོབ་བཅོས་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འཐབ་ས་དང་པོའི་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། ནུས་ཡོད་ཀྱི་སྐྱོབ་བཅོས་ཇུས་གཞི་དུས་ཐོག་ཏུ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། གྲངས་གཞི་ཆེན་མོ་དང་། མི་བཟོས་རིག་ནུས། སྤྲིན་རྩིས་སོགས་གྲངས་གཞིའི་ལག་རྩལ་སྤྱད་དེ་རིམས་ནད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ། ནད་དུག་ཡོང་ཁུངས་འཚོལ་བ། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས། ཐོན་ཁུངས་བཀོད་སྒྲིག་སོགས་ཀྱི་ཐད་འདེགས་སྐྱོར་ནུས་པ་དེ་བས་ལེགས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གསུངས་གནང་བ་དང་།
      ཞི་ཅིན་ཕིང་གིས། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྟབས་བསྟུན་སྨན་བཅོས་རོགས་སྐྱོབ་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཐོལ་བྱུང་གི་ནད་སོགས་ཛ་དྲག་གནས་ཚུལ་འཕྲད་སྐབས་སྨན་བཅོས་ལས་ཁུངས་ཀྱིས་སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་བསྡུ་བའི་འགན་ལེན་བྱེད་དགོས་པ་མ་ཟད། སྨན་བཅོས་འགན་བཅོལ་ས་གནས་གཞན་དུ་འཕྲལ་མར་མཇུག་རྩིས་རྒྱག་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དམིགས་བསལ་མི་ཚོགས་དང་དམིགས་བསལ་གྱི་ནད་གཞིའི་སྨན་བཅོས་སྨན་རིན་ཆག་ཡང་གཏོང་བའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་དཀར་ཆག་དང་། གཏོང་སྤྲོད་ཚད་བཀག སྨན་སྤྱོད་ཚད་སོགས་ཚོད་འཛིན་རང་བཞིན་གྱི་དོན་ཚན་མེད་པ་བཟོས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པའི་སེམས་ཁྲལ་ཆུང་དུ་གཏོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་དངུལ་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ལ་གཏོང་སྤྲོད་བྱེད་པའི་བསྡུར་ཚད་ཇེ་མཐོར་གཏོང་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་སྨན་བཅོས་ཞབས་ཞུ་སྦྲེལ་མཐུད་ནུས་ལྡན་ཡོང་བ་བཅས་བྱ་དགོས་ཞེས་བསྟན་གནང་བ་དང་།
      ཞི་ཅིན་ཕིང་གིས། གཅིག་གྱུར་གྱི་འཕྲལ་སྒྲུབ་དངོས་ཟོག་འགན་སྲུང་མ་ལག་བཙུགས་ཏེ་འཕྲལ་སྒྲུབ་དངོས་ཟོག་འགན་སྲུང་བྱ་རྒྱུ་དེ་རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་མ་ལག་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། གཅིག་སྡུད་དོ་དམ་དང་གཅིག་སྡུད་བཀོད་གཏོང་། རྒྱུན་ལྡན་ཞབས་ཞུ། གནོད་འཚེའི་སྐབས་ཀྱི་འཕྲལ་སྒྲུབ། ཉོ་བསྡུ་ཟུང་འབྲེལ། གྲོན་ཆུང་ནུས་མཐོ་བཅས་ཀྱི་རྩ་དོན་ལྟར་འབྲེལ་ཡོད་ལས་དོན་སྒྲིག་གཞི་དང་འཕྲལ་སྒྲུབ་སྔོན་ཇུས་གང་མགྱོགས་འཐུས་ཚང་བཟོ་དགོས། འཕྲལ་སྒྲུབ་དངོས་ཟོག་གལ་ཆེ་རིགས་ཀྱི་ཐོན་ནུས་འགན་སྲུང་དང་ས་ཁོངས་བཀོད་སྒྲིག་ལེགས་སྒྱུར་བྱེད་དགོས་པ་དང་། གཅིག་སྡུད་ཐོག་ཐོན་སྐྱེད་བཀོད་གཏོང་བྱེད་པའི་སྒྲིག་གཞི་འཛུགས་པ།  མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་པ། གནད་གཏན་འཁེལ་གྱི་ཐོན་སྐྱེད་བྱ་རྒྱུ་བཀོད་སྒྲིག་བྱེད་པ། སྤུས་ཚད་ཚད་གཞི་ཚད་ལྡན་བཟོ་རྒྱུ་བཅས་གཅིག་གྱུར་སྒྲིག་འཛུགས་བྱས་ནས་འཕྲལ་སྒྲུབ་དངོས་ཟོག་འགན་སྲུང་གོ་རིམ་དང་ལྡན་པ་ཞིག་ཡོང་རྒྱུའི་འགན་ལེན་བྱེད་དགོས། རྒྱལ་ཁབ་གསོག་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གསོག་འཇོག་བྱས་པའི་དངོས་ཟོག་རིགས་དང་། གཞི་ཁྱོན། གྲུབ་གཞི་བཅས་ལེགས་སྒྲིག་བྱས་ནས་གྲབས་གསོག་ནུས་པ་མཐོ་རུ་གཏོང་དགོས། རྒྱལ་ཁབ་གཅིག་གྱུར་གྱི་འཕྲལ་སྒྲུབ་དངོས་ཟོག་ཉོ་སྒྲུབ་མཁོ་སྤྲོད་སྒྲིག་གཞི་བཙུགས་ཏེ་འཕྲལ་སྒྲུབ་མྱུར་སྐྱོབ་དངོས་ཟོག་ལ་གཅིག་སྡུད་དོ་དམ་དང་། གཅིག་སྡུད་བཀོད་གཏོང་། གཅིག་སྡུད་སྐྱེལ་འདྲེན་བཅས་བྱས་ནས་འཕྲལ་སྒྲུབ་དངོས་ཟོག་གི་མཁོ་སྤྲོད་འགན་སྲུང་དྲ་བ་དེ་བས་ནུས་མཐོ་དང་བདེ་འཇགས་ཚོད་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།  
      གྲོས་ཚོགས་ཐོག་༼ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་2019ལོའི་ལས་དོན་གྱི་ཕྱོགས་སྡོམ་སྙན་ཞུ་༽དང་། ༼ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་2020ལོའི་ལས་དོན་གྱི་གཙོ་གནད་༽ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
      གྲོས་ཚོགས་ཐོག ༼དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པ་དང་། ༼ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་གཅིག་གྱུར་སྒྱུར་བཅོས་ཇུས་གཞི་༽ཞེས་པ། ༼ཚན་ཞིབ་མི་སྣར་འགན་གནས་ཀྱི་ཚན་རྩལ་གྲུབ་འབྲས་ཀྱི་ཁྱོན་ཡོངས་དབང་ཆའམ་ཡང་ན་ཡུན་རིང་སྤྱོད་དབང་ཆོག་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི་༽ཞེས་པ།  ༼བྱ་གཞག་ཚན་པ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཚོད་ལྟའི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་འཆར་༽ཞེས་པ། ༼རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པ། ༼རྨང་གཞིའི་སྒྲིག་ཆས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པ། ༼ཞབས་ཞུའི་ལས་རིགས་ཀྱི་སྒྱུར་བཅོས་སྒོ་དབྱེ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་༽ཞེས་པ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
      གྲོས་ཚོགས་ཐོག དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཐོན་པའི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་སྐྱེད་གཏོང་བ། མ་ལག་གི་གཅིག་སྡུད་དང་མཐུན་སྦྱོར་ནུས་མཐོའི་བླང་བྱར་གཞིགས་ནས་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ། གནད་འཕིགས་ལག་བསྟར་དང་། གནད་འཕིགས་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་པ། འགག་རྩའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་གལ་ཆེའི་སྒྱུར་བཅོས་གསར་གཏོད་ཐུབ་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།
      གྲོས་ཚོགས་ཐོག འདྲ་མཉམ་གཅིག་གྱུར་དང་། འགན་དབང་གཅིག་གྱུར། རིམ་བགྲོད་གོང་འཕེལ་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་གཅིག་གྱུར་ལམ་ལུགས་སྔར་བས་འདྲ་མཉམ་དང་རྒྱུན་མཐུད་ཐུབ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར། འགན་དབང་ཁ་གསལ། འཚམ་མཐུན་འགན་སྲུང་། རྒྱུན་མཐུད་ཐུབ་ཅིང་བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་བཅས་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་དང་ཐོན་དབང་ལ་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་ཞིབ་མི་སྣར་འགན་གནས་ཚན་རྩལ་གྲུབ་འབྲས་ཀྱི་ཁྱོན་ཡོངས་དབང་ཆའམ་ཡང་ན་ཡུན་རིང་བེད་སྤྱོད་བྱེད་པའི་དབང་ཆ་སྤྲོད་པ། སྲིད་ཇུས་གཏན་འཁེལ་བྱེད་པའི་སྒྲིག་གཞི་འཐུས་ཚང་འཛུགས་པ། བཀོལ་སྤྱོད་བརྒྱུད་རིམ་ཚད་ལྡན་བཟོ་བ། དབང་སྤྲོད་རྣམ་པ་དང་། གྲུབ་འབྲས་དཔྱད་དཔོག ཁེ་སྤོགས་བགོ་འགྲེམས་སོགས་ཐད་ཀྱི་ལམ་ལུགས་འཚོལ་ཞིབ་བྱས་ནས་འགྲུབ་པ་བྱེད་དགོས། སྔོན་ལ་ཚོད་ལྟ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ལེགས་གཏོང་དང་། མཐུན་སྦྱོར། ནུས་མཐོ་བཅས་རྒྱུན་འཁྱོངས་བྱེད་པ། བྱ་གཞག་ཚན་པའི་སྒྲིག་གཞི་དང་འགན་ནུས་བཀོད་སྒྲིག་ལ་སྒྱུར་བཅོས་བྱེད་པ། སྲིད་དོན་དབང་ཚད་གསལ་ཐོ་དང་། ཚན་པའི་སྒྲིག་ཁུངས་འགན་ནུས་གཏན་འབེབས། སྒྲིག་ཡིག་དོ་དམ་སོགས་ཀྱི་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་པའི་རིག་མཛོད་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་བྱ་གཞག་ལ་དམིགས་ནས་བཏོན་པའི་བཀོད་ཇུས་གལ་ཆེན་ཞིག་ཡིན་པས། གང་དེ་ཡག་ཐོག་ཡག་བརྩེགས་དང་། ཚན་རིག་ལ་མཐོང་ཆེན། སྤུས་ཚད་འགན་ལེན་བཅས་ཡོང་བ་བྱེད་པ་དང་། ཇུས་ཐག་གཅོད་རིགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
      གྲོས་ཚོགས་ཐོག རྨང་གཞིའི་སྒྲིག་ཆས་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཁྱོན་ཡོངས་ལེགས་གཏོང་དང་། མཐུན་སྦྱོར་མཉམ་འདྲེས་ཁྲིད་སྟོན་དུ་འཛིན་པ་དང་། གསོག་འབོར་དང་འཕར་ཚད། སྲོལ་རྒྱུན་དང་རྣམ་པ་གསར་པའི་རྨང་གཞིའི་སྒྲིག་ཆས་གོང་འཕེལ་གཅིག་གྱུར་ཡོང་རྒྱུ་འཆར་འགོད་བྱེད་པ། གཅིག་སྡུད་ནུས་མཐོ་དང་། གོང་ཁེ་སྤྱོད་བདེ། རིག་ནུས་གནོད་མེད། བདེ་འཇགས་ཉེན་མེད་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་ཅིག་གཏོད་དགོས། ཞབས་ཞུའི་ལས་རིགས་ཀྱི་ཞུགས་འཐུས་ཚད་བཀག་རིགས་དབྱེ་དང་ལྷོད་གཏོང་བྱེད་དགོས་པ་དང་། ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་སྒྲིག་གཞི་འཐུས་ཚང་འཛུགས་པ། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཁོ་སྤྲོད་ཀྱི་སྤུས་ཚད་དང་ཕན་འབྲས་གོང་མཐོར་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད་པ་རེད།
      གྲོས་ཚོགས་ཐོག སྤྱི་ལོ་2019ལོར། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་འགྲན་རྩོད་མདུན་དུ་ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གིས་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་རེ་བྱེད་པའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་ཀྱིས་གནད་ལ་འཕིགས་པ་དང་། གཙོ་གནད་དམ་འཛིན་ཐུབ་པ། འབེན་ཡོད་སར་མདའ་འཕེན་པ་བཅས་བྱས་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་གནས་བབ་ཆེན་པོར་གཞི་ཚུགས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཇུས་འགོད་བྱས་པ་དང་། མུ་མཐུད་དེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་སྒྱུར་བཅོས་ཇུས་གཞི་ཆེ་གྲས་བཏོན་པ། ཏང་དང་རྒྱལ་ཁབ་ཀྱི་ཚན་པའི་སྒྱུར་བཅོས་ཟབ་ཏུ་བཏང་བ། སྒྱུར་བཅོས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་པ། ས་གནས་ཀྱིས་གོ་རིམ་ལྡན་ངང་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་མ་ཟད་དུས་ཐོག་ཏུ་ཕྱོགས་སྡོམ་ཁྱབ་གདལ་བཏང་བ། སྒྱུར་བཅོས་ཀྱི་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བྱ་ཐབས་གལ་ཆེན་དོན་འཁྱོལ་བྱ་རྒྱུར་གཅིག་གྱུར་སྐུལ་འདེད་བཏང་བ་བཅས་བྱས་ཏེ་སྒོ་ཀུན་ནས་སྒྱུར་བཅོས་ཟབ་གཏོང་བྱ་རྒྱུར་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད་ཅེས་ནན་སྟོན་གནང་ཡོད།
       སྤྱི་ལོ་2020ལོ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་མཇུག་བསྡུའི་ལོ་ཞིག་རེད། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དེ་སྒྱུར་བཅོས་ཇུས་གཞི་གལ་ཆེན་ཁག་གཅིག་འདོན་དགོས། དམིགས་འབེན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་སྒྱུར་བཅོས་མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་མཐོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་གི་གཙོ་ཐིག་དམ་འཛིན་བྱས་ཐོག་དམིགས་བཙུགས་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ནུས་འབྲས་རང་བཞིན་བཅས་མངོན་པར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་དང་། ལག་ལེན་གྱི་དགོས་མཁོ་སྐོང་བ། གཞི་རིམ་གྱི་རེ་སྒུག་དང་མཐུན་རྒྱུ་བཅས་གཅིག་གྱུར་དང་། གནད་དོན་ཐག་གཅོད་དང་།  དངོས་གཉེར་གོ་ཆོད། སྟབས་བདེ་སྤྱོད་བདེ་བཅས་གཅིག་གྱུར་བྱེད་དགོས། གནད་དོན་གྱི་མཇུག་འབྲས་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་གཙོ་གནད་ཐོག་གཅིག་སྡུད་དང་། ཕན་འབྲས་ལ་དམ་པོར་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རིམ་གནས་ཚུལ་ལ་དཔྱད་དཔོག་བརྟག་དཔྱད་བྱེད་དགོས་པ་དང་།  ཕྱི་ཚུལ་རིང་ལུགས་དང་།  དཔོན་ཉམས་རིང་ལུགས་ཁྱད་བསད་ཀྱིས་ཁྱབ་ཁོངས་རེ་རེ་བཞིན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་དགོས།
      ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སུ་ཞུགས་པ་དང་།  ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཡང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1