རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་མགོན་པོ་བཀྲ་ཤིས། )ཟླ་2ཚེས་17ཉིན་གྱི་སྔ་དྲོར། རྔ་བ་ཁུལ་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་གསར་འགྱུར་ཁྱབ་སྒྲགས་ཚོགས་འདུ་ཐེངས་གཉིས་པ་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཤིང་། རྔ་བ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྨན་ཁང་། ཁུལ་སློབ་གསོ་ཅུས། ཁུལ་ཞིང་ལས་གྲོང་གསེབ་ཅུས། ཁུལ་མི་ཤུགས་ཐོན་ཁུངས་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་བཅས་འབྲེལ་ཡོད་ལས་ཁུངས་བདུན་ཚོགས་འདུར་ཞུགས།
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། ཟླ་2ཚེས་16ཉིན་གྱི་དུས་ཚོད་13བར་དུ། རྔ་བ་ཁུལ་དུ་ཁྱོན་བསྡོམས་ནད་ངོ་བཟུང་བའི་ནད་པ་ཀུའོ་ཆེ་གེ་མོ་1ལས་མེད་ལ། རྔ་བ་ཁུལ་མི་དམངས་སྨན་ཁང་གིས་སྨན་བཅོས་དང་བརྟག་དཔྱད་འཐུས་ཤོར་གཏན་ནས་མ་བྱས་པས། ཚེས་17ཉིན་གྱི་སྔ་དྲོའི་དུས་ཚོད་11དང་སྐར་མ་30རུ། ཀུའོ་ཆེ་གེ་མོའི་ནད་ཡམས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པ་རེད། ད་ལྟ་རང་ཁུལ་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཅིག་ཀྱང་མེད་པས། རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་21(ཁུལ)ཁྲོད་ཀྱི་ཏོག་གསར་ནད་པ་མེད་པའི་ཁུལ་ཐོག་མ་དེ་ཡིན། འདི་ནི་ཁུལ་ཡོངས་ཀྱི་མི་དམངས་ཀུན་པོས་རིམས་འགོག་གི་ལས་ཀ་ཤ་ཐང་ཐང་གིས་བསྒྲུབས་པའི་དན་རྟགས་བསྙོན་མེད་ཅིག་ཡིན་པ་སྨོས་མ་དགོས།
ཁུལ་ཡོངས་སུ་ཁྱོན་བསྡོམས་དོགས་ཡོད་ནད་པ་11ཡོད་པ་དང་། དེའི་ཁྲོད་ཀྱི་དོགས་ཡོད་ནད་པ་9ལ་ཏོག་གསར་གློ་ཚད་འགོས་མེད་པ་གཏན་ལ་འཁེལ་ཅིང་། གསར་དུ་བྱུང་བའི་དོགས་ཡོད་ནད་པ་2ཡོད་པའི་དཔྱད་འབྲས་སྲིབས་གཤིས་ཡིན། ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་བྱུང་ཚད་ནི་ཁྲི་10ལས་0.106ཙམ་ལས་མེད་དོ།།