ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཉེ་དུས་ཀྱི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་ལ་འབོད་སྐུལ་བྱས་པ་དང་ལེན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞལ་འདེབས་ཕུལ་ནས་རྒྱབ་སྐྱོར་གནང་བ།
སྤྱི་ཟླ་2པའི་ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་ཀྲུང་དབྱང་གི་ཏོག་གསར་ནད་དུག་གི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྙན་སེང་གསན་པ་དང་། མིག་སྔའི་རིམས་ནད་དུས་བབ་ལ་དབྱེ་ཞིབ་དང་། ཉེ་དུས་ཀྱི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འབོད་སྐུལ་གནང་བ་དང་ལེན་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞལ་འདེབས་ཕུལ་ནས་རྒྱབ་སྐྱོར་ཞུས་ཡོད།
ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྐབས་མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་ལེགས་པའི་ཕྱོགས་སུ་འགྲོ་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གང་མགྱོགས་སླར་གསོ་བྱུང་དང་ཆབས་ཅིག་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། འབྲེལ་ཡོད་ས་ཁུལ་གཞན་དག་གི་རིམས་ནད་བསྐྱར་ལོག་གི་ཉེན་ཁར་སྣང་ཆུང་བྱ་རྒྱུ་མེད། ད་ལྟའི་དུས་འདིར་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ལ་དམ་འཛིན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ་དང་། རིམས་ནད་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དུས་བབ་ལ་དབྱེ་ཞིབ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་པ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱིའི་དམག་འཐབ། བཀག་འགོག་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་རྒྱུར་འགན་ལེན་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་ཆེད་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།
གྲོས་ཚོགས་ཐོག་སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་མུ་མཐུད་བྱེད་པ་དང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། བརྟག་བཤེར་དང་བསྡུ་ཉར་སྨན་བཅོས་ཀྱི་ཕན་འབྲས་བརྟན་དུ་གཏོང་བ་དང་། འགོས་ཁུངས་ཚོད་འཛིན་ཏན་ཏིག་དང་འགོ་ལམ་མེད་པ་བཟོ་དགོས། སྡེ་ཁུལ་གྱི་བརྟག་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ལས་བྱེད་པ་དེ་བས་མང་བ་གཞི་རིམ་དུ་རོགས་སྐྱོར་ལ་སྐོང་འཐེན་བྱེད་པ། རིགས་ཁག་གིས་ས་གནས་དེ་གའི་ལས་བྱེད་པས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱི་རང་ངོས་དོ་དམ་དང་རང་ངོས་ཞབས་ཞུའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་པ། སྡེ་ཁུལ་རྙིང་པའི་འཕྲོད་བསྟེན་རིམས་འགོག་དང་སྡེ་ཁུལ་གྱི་ཞབས་ཞུ་སོགས་ཀྱི་ཞན་ཆ་གང་མགྱོགས་གསབ་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལས་དོན་གཏིང་ཟབ་དང་ཚགས་ཚུད་པོ་སྒྲུབ་པ། བསམ་བླ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་སེམས་ཁམས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ནད་ཚབས་ལྕི་བའི་ནད་པའི་སྐྱོབ་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་ཚོགས་པའི་རུ་ཁག་གིས་མཉམ་དུ་འགག་སྒྲོལ་དང་རིག་ཚན་མང་པོའི་རིགས་གཅིག་མཁས་པ་དང་མཉམ་འབྲེལ་ཐོག་འགག་སྒྲོལ་ཡོང་བ། ནད་ཚབས་ལྕི་བའི་ཆེད་ལས་སྐྱོབ་བཅོས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ནད་ཐོག་སྨན་བཅོས་ཀྱི་གནད་འཕིགས་རང་བཞིན་དང་ནུས་ལྡན་རང་བཞིན་མཐོ་རུ་གཏོང་བ། ནད་གཞིས་རྐྱེན་པས་ནད་པ་འཆི་ཚད་དམའ་རུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས། དུས་ཐོག་ཏུ་ནད་གཞི་ཡང་བའི་ནད་པ་བསྡུ་ཉར་སྨན་བཅོས་བྱེད་པ་དང་། སྔ་ཙམ་ནས་སྨན་བཅོས་བྱེད་པ། ནད་གཞི་ཡང་བ་ནད་ཚབས་ལྕི་བར་འགྱུར་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། སྨན་སྤྱོད་འགོག་སྲུང་དངོས་ཟོག་གཤམ་སྤྲོད་དང་ཆ་སྦྱོར་གྱི་ལས་ཆོད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། ཐབས་ལམ་དང་འགག་གནད་ཤར་གཏོང་ཐུབ་པ། གང་མགྱོགས་དགོས་མཁོ་ཆེ་བའི་དངོས་ཟོག་སྐྱོབ་བཅོས་ཀྱི་འཐབ་ས་མདུན་མར་སྐྱེལ་དགོས། པེ་ཅིང་སོགས་གཙོ་གནད་ས་ཆའི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། འགོས་ཁུངས་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་གསུངས་གནང་ཡོད།
གྲོས་ཚོགས་ཐོག་དམིགས་བསལ་ས་ཆ་དང་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་བྱ་ཐབས་ཤུགས་ཆེར་གཏོང་དགོས། རྒན་གསོ་དང་། རོགས་སྐྱོབ། བྱིས་པའི་ཕན་བདེ། སེམས་ཁམས་འཕྲོད་བསྟེན་སྨན་བཅོས་སོགས་ཀྱི་ལས་ཁུངས་སུ་མི་ཚོགས་མང་ལ་ཁོར་ཡུག་བཀག་སྡོམ་ཡིན་པ། ཞབས་ཞུ་སྒྲུབ་ཡུལ་གྱི་རང་ངོས་འགོག་སྲུང་ནུས་པ་ཞན་པས། ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་ནན་ཏན་དང་དོ་ནན་ཤོས་ཀྱི་དོ་དམ་བྱ་ཐབས་ལག་བསྟར་བྱེད་པ། ཕྱི་ཕྱོགས་ཀྱི་འགོས་ཁུངས་ནང་དུ་འཛུལ་རྒྱུ་སྔོན་འགོག་བྱེད་པ། འགོས་ཟིན་པའི་ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་ལས་དོན་མི་སྣ་དང་སྨན་སྤྱོད་སྙིགས་རོ་དང་ཐད་ཀར་རེག་ཐུག་བྱེད་མཁན་མི་སྣ། རླུང་འགྲོ་མེད་པའི་བར་ཁམས་ནང་ཞབས་ཞུ་སྒྲུབ་མཁན་མི་སྣ་སོགས་མི་ཚོགས་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
གྲོས་ཚོགས་ཐོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གནད་ལ་འཕིགས་པ་དང་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ལས་ཞུགས་སླར་གསོ་དང་བརྟན་པོ། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་དང་བྱ་གཞག་ཚན་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལག་ལེན་ནན་པོ་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། ཁེ་ལས་དང་བྱ་གཞག་ཚན་པའི་རིམས་ནད་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་པ། ཁ་རས་དང་དུག་སེལ་དངོས་པོ་སོགས་འགོག་སྲུང་དངོས་ཟོག་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་བྱེད་པ། ཚན་པའི་རང་ངོས་ཁྱད་ཆོས་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ཚད་ལྡན་བཟོ་བར་མཛུབ་ཁྲིད་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཁྲོད་ཐོན་པའི་ནད་པ་ཁ་ཤས་ལ་བཟུང་བའི་སྟབས་བསྟུན་བྱ་ཐབས་དེ་ཚན་རིག་དང་མཐུན་པ་དང་གནད་པ་འཕིགས་པོ་ཡོང་བ་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཞབས་ཞུ་སྟབས་བདེ་ཅན་ལ་འགྱུར་ཚད་མཐོ་རུ་གཏོང་བ་དང་། ལུགས་དང་མ་མཐུན་པའི་ཞིབ་མཆན་བཀོད་པ་མེད་པ་བཟོ་དགོས། ཁེ་ལས་ལ་ཕན་པའི་སྲིད་ཇུས་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ་དང་། སྲིད་ཇུས་ཀྱི་ཆ་སྦྱོར་ལག་བསྟར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། གཞི་གཅིག་ཅན་གྱི་སྲིད་དོན་སྟེགས་བུའི་ཐོག་ཁེ་ལས་ཆུང་གྲས་དང་སྒེར་གྱི་ཚོང་པར་ཞབས་ཞུ་སྒྲུབ་ས་བཏོད་དེ་སྲིད་ཇུས་ཁག་ཤེས་སླ་བ་དང་ཐེངས་གཅིག་ལ་འགྲོ་ལུགས་གཉེར་ཐུབ་པ་བྱེད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།