སི་ཁྲོན་ལི་ཐང་རྫོང་གིས་ལས་གཞི་ཆེན་པོ་བཞི་ལག་བསྟར་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་བཏང་།

པདྨ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-28



        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་རང་ངོས་ཀྱི་དོན་དངོས་གཞིར་བཟུང་སྟེ། དེང་རབས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་ལ་རང་འགུལ་གྱིས་འཚམ་པར་བྱས་ཏེ་ལས་གཞི་“ཆེན་པོ་བཞི”ལག་བསྟར་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བདེ་བླག་ངང་གཏོད་རྒྱུར་རམ་འདེགས་བྱས།
        ཡུལ་སྐོར་ཤར་གཏོང་གི་ལས་གཞི་ལག་བསྟར་བྱས་ནས་“ནང་དུ་ཡོང་བའི”གནད་དོན་ཐག་གཅོད་བྱས་ཤིང་། འགྲིམ་འགྲུལ་གཙོ་གནད་དུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། མཛེས་ལྗོངས་ཁུལ་གྱི་ཆེད་སྤྱོད་འགྲོད་ལམ་འཛུགས་སྐྲུན་འཆར་འགོད་བྱ་རྒྱུར་ཤུགས་སྣོན། ཆུ་དང་གློག ལམ། སྔོ་ལྗང་ཅན། མཛེས་བཟོ་སོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལྗོངས་ཁུལ་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་ནས་དེའི་ཐེག་ནུས་ཆེ་རུ་གཏོང་བ། ཡུལ་སྐོར་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཡུལ་སྐོར་འོས་སྦྱོར་དྲ་ཚིགས་སྣ་ཚོགས་འཛུགས་པ། རྫོང་ཡོངས་ཀྱི་གཅིག་གྱུར་གྱི་དྲ་ཐོག་ཡུལ་སྐོར་སྤྱི་པའི་ཆ་འཕྲིན་ཞབས་ཞུའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བར་སྟབས་བདེ་ཞིང་མྱུར་བའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད། “ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་མཆོག་ལ་མཇལ་བ”ལ་དམིགས་ནས་“ལི་ཐང་གི་གཏམ་རྒྱུད”ཡག་པོ་བརྗོད་པ་དང་། ལི་ཐང་གི་རིག་གནས་ནང་དོན་སྔོག་འདོན་གང་ལེགས་བྱས་ཏེ་རིག་གནས་ཀྱི་ནང་དོན་གཏིང་ཟབ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལེགས་པར་མངོན་པ། ཆོས་ལུགས་ཀྱི་ལོ་རྒྱུས་ཡུན་རིང་བ། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་བཅས་“ལི་ཐང་གི་གཏམ་རྒྱུད་”སྔར་བས་མང་པོ་གྲུབ།
ལི་ཐང་རྫོང་གི་མང་ཚོགས་ཀྱིས་རྩྭ་ཐང་ཐོག་སྤྲོ་སྐྱིད་ལྡན་པའི་མི་ཆིག་སྟོང་གི་སྐོར་བྲོ་འཁྲབ་བཞིན་པ།
        སྤུས་ལེགས་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་ལག་བསྟར་བྱས་ནས་“སྡོད་བཟོད་པའི”གནད་དོན་ཐག་གཅོད་བྱས་ཤིང་། ལི་ཆུའི་འདམ་རའི་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་སྒེར་གྱི་རླངས་འཁོར་བཏང་ནས་སྒར་ས་རྒྱག་པ་སོགས་ལུས་རྩལ་འགུལ་སྐྱོད་དང་ཉེན་བརྟག་མྱུལ་དཔྱད་རྣམ་པའི་ཡུལ་སྐོར་རྣམ་གྲངས་བསྐྲུན་རྒྱུ་དང་། ཧོར་ཉི་ཤང་ལྟེ་གནས་སུ་བྱས་ནས་བརླན་སའི་སྤྱི་གླིང་གི་ཤར་སྒོའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་དང་དེ་བཞིན་འབྲོག་པའི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་གི་སྣེ་ལེན་ས་ཚིགས་བསྐྲུན་རྒྱུ་རེད། སྣོད་བཅུད་རིག་གནས་ཡུལ་སྐོར་དང་། སོས་དལ་སྤྲོ་གསེང་ཡུལ་སྐོར། སྒེར་འཁོར་བཏང་ནས་གནས་མཇལ་དུ་བསྐྱོད་རྒྱུ་བཅས་ཡུལ་སྐོར་གྱི་ལྟེ་བར་ངེས་པ་དང་། གཟིམ་ཁང་ཁྲོམ་ལམ་ལྟེ་བ་བྱས་ཏེ་མཆོད་རྟེན་དཀར་པོའི་སྤྱི་གླིང་ནས་བྱམས་ཆེན་ཆོས་འཁོར་གླིང་བར་གྱི་ཡུལ་སྐོར་སྤུས་རྟགས་ལམ་ཐིག་བསྐྲུན་པ། རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་ཡག་པོ་བྱེད་པ་དང་། “རིག་གནས་ཡུལ་སྐོར་སྟོབས་ལྡན་རྫོང་”འཛུགས་རྒྱུའི་དམིགས་འབེན་ལ་དམིགས་ནས་“གསར་བརྗེའི་”སྤུས་ལེགས་ཟོང་རྟགས་གྲགས་ཅན་གཙོ་གནད་དུ་བཟུང་སྟེ་གསར་བརྗེའི་རིག་གནས་ཡུལ་སྐོར་ཁུལ་བསྐྲུན་དགོས། རླངས་འཁོར་གྱི་སྒར་ས་དང་ཡུལ་སྐོར་སྐར་རིམ་གསོལ་མགྲོན་ཁང་བཅས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སྤུས་ལེགས་ཟོང་རྟགས་ཀྱི་མུ་འབྲེལ་གསོལ་མགྲོན་ཁང་དང་། སྟབས་བདེའི་མགྲོན་ཁང་། དཔལ་འབྱོར་རྣམ་པའི་མུ་འབྲེལ་ཚོང་གཉེར་མགྲོན་ཁང་བཅས་འབད་པས་ནང་འདྲེན་བྱས་ནས་ཚོགས་སྤྱི་མི་འདྲ་བའི་འཛད་སྤྱོད་དགོས་མཁོ་བསྐང་ཐུབ་པ་བྱེད་དགོས།
ལི་ཐང་རྫོང་གི་རྟ་རྒྱུག་མདའ་འཕེན་འགྲན་བསྡུར་བྱེད་བཞིན་པའི་ཡུལ་དངོས།
        མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་བྱས་ནས་“ཡུལ་སྐོར་གང་ལ་བྱ་བའི”གནད་དོན་ཐག་གཅོད་བྱས་ཤིང་། “ཁམས་བོད་རིག་གནས་ཡུལ་སྐོར་དམིགས་ཡུལ་དང་། འཛམ་གླིང་གི་རྩྭ་ཐང་དང་རི་ཁུལ་གྱི་རང་བྱུང་རིག་གནས་ཉམས་ལེན་ཡུལ་སྐོར་དམིགས་ཡུལ”ཡིན་པའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་བ་གཏོད་རྒྱུར་ཤུགས་བརྒྱབ་ནས་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ་དང་རིག་གནས་ཞིབ་འཇུག་ལས་དོན་པ་དེ་བས་མང་བས་ལི་ཐང་ལ་རྒྱུས་མངའ་ལོན་པར་བྱ་དགོས། ཡུལ་སྐོར་ལྗོངས་ཁུལ་དུ་འགྲེམ་ཁུལ་དང་། ཞིབ་འཇུག་སྦྱོང་བརྡར་བྱེད་ས། སྐོར་བྲོ་དང་ལྷ་མོ་འཁྲབ་པ་སོགས་ཀྱི་རྣམ་པ་རྣམས་བརྒྱུད་དེ་ཡུལ་སྐོར་གྱི་རོལ་རྩེད་རང་བཞིན་དང་ཉམས་ལེན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ་ལྗོངས་ཁུལ་གྱི་རིན་ཐང་མཐོ་རུ་གཏོང་བ་དང་མི་རིགས་རིག་གནས་དར་སྤེལ་གཏོང་བའི་ཕན་འབྲས་ཉིས་བརྩེགས་མངོན་འགྱུར་ཡོང་བ་བྱ་དགོས། “318ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་གྱི་ཆེས་མཛེས་པའི་ཡུལ་ལྗོངས་ལི་ཐང་ན་ཡོད”ཅེས་དྲིལ་བསྒྲགས་འབོད་ཚིག་གི་ཆེད་དུ་རྒྱལ་སྤྱིའི་མ་ར་སོན་རྒྱང་རྒྱུག་འགྲན་བསྡུར་དང་། མ་ར་སོན་ལྕགས་རྒྱུགས་འགྲན་བསྡུར། མ་ར་སོན་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་སོགས་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་པ་ཧའི་འགྲན་བསྡུར་དང་མཁའ་ལམ་བརྒལ་བ་སོགས་འཛམ་གླིང་རིམ་པའི་འགྲན་བསྡུར་དེ་ལི་ཐང་རྫོང་དུ་སྤེལ་རྒྱུ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱས་ནས་ལམ་ཐིག་318ཀྱི་ལུས་རྩལ་བྱེད་སྒོའི་འགན་ནུས་མང་དུ་གཏོང་རྒྱུ་རེད།
        ཉམས་ལེན་འཛད་སྤྱོད་ལས་གཞི་ལག་བསྟར་བྱས་ནས་“གང་ཞིག་ཐོབ་པའི”གནད་དོན་ཐག་གཅོད་བྱས་ཤིང་། ཡུལ་སྐོར་གྱི་དགོས་མཁོ་སྣ་ཚོགས་དང་འཚམ་པའི་གསར་དར་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱེད་པ་དང་། ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་སྟེ། དཔེར་ན་རྒྱལ་བ་མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་རའི་ཞིང་གྲོང་དང་། དྲོད་བསང་ཁང་བཟང་ཉི་འོད་སོགས་ཀྱི་རྣམ་གྲངས་ཀྱིས་མཚོན་པའི་ཞིང་ལས་ལྗོངས་རྒྱུ་སྤྲོ་གསེང་ལྟ་སྐོར་བྱེད་པར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཡུལ་སྐོར་ཚོང་ཟོག་གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཕྱི་ཕྱོགས་ཀྱི་ཁེ་ལས་དང་དམངས་ཁྲོད་ཀྱི་མ་རྩས་ཡུལ་སྐོར་ཚོང་ཟོག་གསར་སྤེལ་ཐད་མ་འཇོག་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་མི་རིགས་ཀྱི་རྒྱན་ཆ་དང་། མི་རིགས་ཀྱི་གྱོན་ཆས། བརྐོས་རིས། ཐང་ག་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དྲན་རྟེན་སྔར་བས་སྤུས་ལེགས་བཟོ་བ་དང་། ཚགས་ཤ་དང་། ཤ་མོ། དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྤུས་ལེགས་བཟོ་བ། དེ་མིན་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་། མི་རིགས་ཀྱི་དམངས་སྲོལ། ཆོས་ལུགས་ཀྱི་མཁོ་ཆས་སོགས་ལི་ཐང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་རིག་གནས་མཚོན་ཐུབ་པའི་ཡུལ་སྐོར་ཚོང་ཟོག་ཁག་གཅིག་གསར་གཏོད་བྱས་ནས་སྤུས་ལེགས་ཚོང་ཁང་འཛུགས་སྐྲུན་བྱེད་པར་མགྱོགས་སུ་བཏང་སྟེ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1