ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱངས་བརྙན་འཕྲིན་བོད་ཡིག་དྲ་བ། སྤེལ་དུས། 02-28


ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་དང་གྲོས་མོལ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་མོང་གོལ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་དུས་ཆེན་ཟླ་དཀར་དུས་ཆེན་གྱི་གུང་གསེང་རྗེས་ཀྱི་ཉིན་དང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ལ་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད། དེའི་སྐབས་མོང་གོལ་སྲིད་གཞུང་དང་མི་དམངས་ཀྱི་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཡོད། སྐུ་ཞབས་ཙུང་ཐུང་རིམས་ནད་ཐོན་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ཕྱི་རྒྱལ་གྱི་གཙོ་བདག་ཨང་དང་པོ་ཡིན་པའི་ངོས་ནས། ཆེད་མངགས་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་གནང་བར་ཕེབས་པ་དེའི་ཐོག་ནས་སྐུ་ཞབས་ཙུང་ཐུང་དང་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཀྲུང་གོ་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་གང་ལེགས་མཚོན་ཡོད་ལ། ཀྲུང་གོ་དང་མོང་གོལ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པས། ང་རང་ནས་དོན་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་དང་།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཆེས་ཆ་ཚང་བ་དང་། ཆེས་ནན་པ། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་མགྱོགས་མྱུར་སྤྱད་ཡོད། ང་ཚོས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཧུའུ་པེ་ལ་ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་བཏང་ནས། གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར་། གཅིག་གྱུར་བཀོད་སྒྲིག་བཅས་བྱས་ཏེ་གང་གསུང་དེ་སྒྲུབ་ཐུབ་པ་བྱས་ཡོད། ཀྲུང་གོ་ཡོངས་ཀྱི་མི་དམངས་ནས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ང་ཚོར་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལས་རྒྱལ་ཐུབ་ངེས་ཀྱི་ཡིད་ཆེས་དང་། ནུས་པ། གདེང་ཚོད་བཅས་ཡོད་ཅེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆུང་ཤོས་སུ་ཧུར་ཐག་གཏོང་བཞིན་ཡོད། ང་ཚོས་ས་ཁུལ་མི་འདྲ་བའི་རིམས་ནད་ཀྱི་ཉེན་ཁ་དང་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས་ཁག་བགོས་དང་། རིམ་དབྱེ། གནད་སྨིན་བཅས་ཀྱི་སྒོ་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དོན་འཁྱོལ་བྱེད་པ་དང་། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། གཞི་རྩའི་དམངས་འཚོ་འགན་ལེན་ཏན་ཏིག་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་སྐུམ་འཐེན་རང་བཞིན་ཆེ་བ་དང་། ནང་མཁོའི་བར་སྟོང་རྒྱ་ཆེ་བ། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཅས་ཡོད་པས། ང་ཚོས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་དང་།

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་བ་མ་ཟད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལའང་འགན་འཁྲི་གཙང་སྒྲུབ་བྱེད་ཀྱི་ཡོད། ང་ཚོས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་པའི་ཐོག་ནས་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱས་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་དང་ཡོངས་ཁྱབ་ཀྱི་ཁས་ལེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅག་སྟེ་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོང་གོལ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་མོང་གོལ་རྒྱལ་ཁབ་དེ་ཉིད་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་པ་བཅས་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

པ་ཐེ་ཐུའུ་ལེ་ཀ་ཡིས་མོང་གོལ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་མི་དམངས་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་ཚུལ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་དུས་ཐོག་ཏུ་བཙུགས་ཏེ་རྒྱལ་ཡོངས་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་ཁ་གཏད་གཅོག་པ་དང་འབྲེལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་ཡིད་སྨོན་དང་བསྔགས་བརྗོད་ཆེན་པོ་ཞུས་ཡོད་པ་རེད།

པ་ཐེ་ཐུའུ་ལེ་ཀ་ཡིས། མོང་ཀྲུང་ནི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཞིག་ཡིན་པ་དང་། མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་དང་བདེ་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་པས། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཀྲུང་གོ་མི་དམངས་དང་ཕྱར་བ་གྲུ་འདེགས་བྱེད་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་རྒྱལ་ནང་དུ་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་དང་དྲོ་སྐྱིད་ལྡན་པའི་རྒྱབ་སྐྱོར་ཞེས་པའི་བྱ་སྤྱོད་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ཆེད་ཞལ་འདེབས་རྒྱག་རྒྱུར་མོང་གོལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་དང་ལེན་ཧུར་ཐག་ཞུས་ཡོད། མོང་གོལ་ཕྱོགས་ཀྱིས་དེའི་གོང་ཀྲུང་གོ་ཕྱོགས་ལ་ཞལ་འདེབས་བརྒྱབ་པའི་རྨང་གཞིའི་ཐོག་སླར་ཡང་ཀྲུང་གོ་ཕྱོགས་ལ་ལུག་ཁྲི་3ཞལ་འདེབས་བརྒྱབ་ནས་མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་རིམས་ནད་སྔ་ཙམ་བཀག་འགོག་དང་དཀའ་ངལ་ལས་རྣམ་པར་རྒྱལ་ནས་གཏན་འཁེལ་ཟིན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལེགས་གྲུབ་ཐུབ་སྟེ། རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་སྐྱིད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་མཐའ་འཁྱོངས་བྱེད་པའི་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཁྱིམ་མཚེས་མཛའ་གྲོགས་དང་གཉིས་ཕན་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་བ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

གྲོས་མོལ་གནང་གྲུབ་རྗེས། པ་ཐེ་ཐུའུ་ལེ་ཀས་ད་དུང་ཞི་ཅིན་ཕིང་ལ་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ལུག་ཁྲི་3ཞལ་འདེབས་བརྒྱབ་པའི་ལག་ཁྱེར་ཕུལ་གནང་བ་རེད།

དབྱང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་གྲོས་མོལ་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1