ཏོག་དབྱིབས་ནད་འགོག་ཀ་བཤད།

བསྟན་ཟླ་བོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


ཀྭ་ཡེ་གསོན་དང་དྲ་རྒྱའི་གྲོགས་པོ་ཚོ།

ཁ་རས་རྒྱག་རྒྱུ་ལག་པ་བཀྲུ་རྒྱུ་དང་།

ག་སར་མ་འགྲོ་ནང་དུ་སྡོད་རྒྱུ་བཅས།

ང་ཚོའི་ཏོག་དབྱིབས་ནད་འགོག་ཐབས་ཤེས་གསུམ།

ཅ་ཅོའི་དཀྲོག་གཏམ་མ་ཤོད་ཁ་རོག་སྡོད།

ཆ་མེད་ལྟོ་ཆས་མ་ཟ་ཡིད་གཟབ་མཛོད།

ཇ་ཆང་འདུ་འཛིར་མ་འགྲོ་ཁྱིམ་དུ་སྡོད།

ཉ་ཉུང་མཉམ་བསྲེས་བྱ་བ་མཐའ་དག་སྤོངས།

ལྟ་བ་འཁྲུལ་མེད་དོན་མེད་འཇིགས་སྣང་གཅིག

ཐ་ཤལ་ཁྲམ་པའི་དཀྲོག་གཏམ་ཉན་པ་གཉིས།

ད་དུང་ཅ་དངོས་ཉོ་བར་ཧབ་ཐོབ་སོགས།

ན་ཚོད་སྨིན་ཀྱང་ཕྲུ་གུའི་བྱེད་སྟངས་རེད།

པ་ཊའི་ཁང་བཟང་སྒེའུ་ཁུང་ཡངས་པོར་ཕྱེ།

ཕ་མ་ཉེ་དུར་ནད་འགོག་རྒྱུན་ཤེས་སློབ།

བ་ར་ལུག་གསུམ་ཕྱུགས་རིགས་འཇོག་ས་སོགས།

མ་ལུས་ཀུན་ལ་དུག་སེལ་གཙང་སྦྲ་བགྱིས།

རྩ་བའི་ནད་རྟགས་འགག་ཞིག་སྣང་ན་ཡང་།

ཚ་བ་རྒྱས་ཤིང་སྐམ་གློ་ལུ་བ་དང་།

ཛ་དྲག་དབུགས་ཀྱི་འབྱིན་རྔུབ་དཀའ་བ་གསུམ།

ཝ་ལེར་གསལ་བའི་ནད་རྟགས་ཆེ་གསུམ་ཡིན།

ཞྭ་གོས་དྲོད་སྲུང་ཆམ་རིམས་སྔོན་འགོག་དང་།

ཟ་མ་ཚོས་པོར་བཙོས་ནས་བཞེས་པ་དང་།

འ་ལད་སྣབས་ལུད་གང་སར་མི་གཡུགས་པར།

ཡ་མཚན་ནད་ལ་ཚན་རིག་འགོག་སྲུང་གནང་།

ར་གན་གསེར་བརྫུས་སྨན་རྫས་རྫུན་མར་དོགས།

ལ་ཀླུང་བརྒལ་བའི་ཕྱི་ཡི་མགྲོན་པོར་གཟབ།

ཤ་རུས་ན་ན་སྨན་དང་ལྷ་རྗེ་བསྟེན།

སྭ་ཧྭ་སྔགས་རིམ་ཐམས་ཅད་སྟོང་པ་ཡིན།

ཧ་གོ་དོན་རྟོགས་མཁས་རློམ་མ་གནང་བར།

ཨ་གསར་དུས་བསྟུན་གྲགས་འདོད་རྙོག་བཤད་མིན།

ཧ་ལས་ཏོག་དབྱིབས་ནད་དུག་སྐོར་གླེང་དུས།

ཨ་རོགས་ཁྱེད་ཚོར་ཕན་ཕྱིར་འདི་སྐད་ཐལ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1