རྟའུ། མུ་མཐུད་རིག་པ་དམ་པོར་སྒྲིམས་ཤོག

བོད་ལྗོངས་ཉིང་ཁྲིའི་ཕུར་བུ་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


མཛེས་པའི་རྟའུ། དགའ་བའི་ཡུལ་ལུང་།

ཁྱེད་ནི་ང་ཡི་ཕ་ཡུལ་མ་ཡིན་ཡང་།

ཕ་ཡུལ་ལས་ལྷག་པའི་བརྩེ་བ་ཁྱེད་ལ་ཆགས་སོང་།

མཛེས་པའི་རྟའུ། དགའ་བའི་ཡུལ་ལུང་།

ཁྱེད་ནི་ང་ཡི་རྣ་ཐོས་ཙམ་ལས།

མིག་ལམ་དུ་དངོས་སུ་མཇལ་མྱོང་མེད་ན་ཡང་།

ང་ཡི་སྙིང་ཁོངས་སུ་ཡལ་མེད་ཁྱེད་རང་དྲན་སོང་།

དེ་ཡང་ཕག་ལོ་ཕར་ལ་སྐྱེལ།

བྱི་ལོ་ཚུར་ལ་བསུ་ལ་ཉེ་བའི་དུས་ཏེ།

དགུན་དཔྱིད་གཉིས་ཀྱི་སོ་མཚམས་ན།

ཉི་འོད་སྤྲིན་ནག་གིས་མོག་མོག་པོར་བསྒྲིབས་ཤིང་།

ལྷགས་རླུང་འུར་འུར་བར་མེད་དུ་ལྡང་བའི་ཉིན་ཞིག་ལ།

ཝུའུ་ཧན་ནས་ཏོག་གསར་གློ་ཚད་ནད་ཡམས་དེ།

ཀྲུང་ཧྭའི་ས་ཕྱོགས་གང་སར་མེ་ལྟར་མཆེད་ཅིང་།

རྟའུ་ལ་ཡང་ནད་དུག་འགོས་པའི་མི་གསུམ་གྱི་ཨང་གྲངས་དེ།

དྲ་ལམ་དུ་ཡང་ནས་ཡང་དུ་མངོན་དུས།

ང་ཡི་སེམས་ལ་བཟོད་པར་དཀའ་བའི་ན་ཚ་ཞིག་བཟོས་སོང་།

དུས་དེ་ནས་བཟུང་། ཉིན་ལྟར་ཞོགས་པ་ཆུ་ཚོད་བརྒྱད་པའི་ཐོག

དུས་ཐོག་ཏུ་སྨན་འཐུང་བ་ལྟར།

དྲ་ལམ་ཐོག་༼རྟའུ༽ཞེས་པའི་ཡིག་འབྲུ་གཉིས་པོ་དེ།

ཡང་ནས་ཡང་དུ་མིག་བཤེར་ཕབ་ཅིང་།

ང་ཡི་དོ་སྣང་བྱ་ཡུལ་གྱི་གཙོ་གནད་དུ་གྱུར།

རྟའུ་ན་གནས་པའི་གདོང་དམར་བའི་རིགས་རྒྱུད་རྣམས།

ང་ཡི་འཁྲེང་སེམས་གྱི་ལྟེ་བ་རུ་གྱུར།

ཉིན་ལྟར་ནད་ཡམས་མྱུར་དུ་ཡལ་བའི་སྨོན་ལམ་ཡང་ཡང་བཏབ་ཀྱང་།

དོན་དངོས་ལ་ངོ་ཚ་མི་འདུག་སྟེ།

ནད་པའི་གྲངས་ཀ་ནི་གནས་སྐབས་ཇེ་མང་ཇེ་མང་དུ་སོང་།

སྐབས་དེ་དག་དང་དུས་དེའི་སྐབས་སུ།

རྟའུ་ཡི་གྲོང་དང་གྲོང་ཁྱེར་དག་ན།

རྒན་རྒོན་རྣམས་ཀྱི་དགོད་སྒྲ་ཆད།

དར་མ་རྣམས་ཀྱི་འབོད་སྒྲ་ཆད།

གཞོན་ནུ་རྣམས་ཀྱི་གླུ་སྒྲ་ཆད།

བྱིས་པ་རྣམས་ཀྱི་དཔེ་ཀློག་གི་སྒྲ་ཡང་ཆད་ལ།

ཐ་ན་ཡུལ་ཆུ་སྔོན་མོའི་བཞུར་སྒྲ་ཡང་ཆད་པར་གོར་མ་ཆགས།

འོན་ཏེ། ཀྲུང་དབྱང་གི་གཅིག་གྱུར་ཐབས་བཀོད་དང་།

ཕྱོགས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར།

སྨན་དོན་དང་ཉེན་རྟོག་མི་སྣའི་སྲོག་སྡོས་འབད་འཐབ་ཐོག

རྟའུ་རིགས་ཁག་མི་དམངས་ཀྱི་གཞོགས་འདེགས་འོག

མགྱོགས་ནས་མྱུར་དུ་ནད་ཡམས་ཀྱི་རླབས་ངན་ཕར་ལ་བཟློག་སྟེ།

བདེ་ཐང་དང་བདེ་སྐྱིད་ཀྱི་སྐྱ་རེངས་བསུ་ལ་འབད།

རྟགས་དང་རྟེན་འབྲེལ་བཟང་པོ་ཞིག་ལ།

བོད་ལོའི་ལོ་གསར་གྱི་བཀྲ་ཤིས་ཉིན་མོ་ནས།

ནད་པ་འཕར་བའི་གྲངས་ཀ་དེ་ཐིག་ལེར་གྱུར།

ང་ཡི་སེམས་ཡང་དེ་མར་ལྷོད་ལ་བབས་སོང་།

རྟའུ་ཡ་རྟའུ། རིག་པ་སྒྲིམས་ཤོག

དྲོད་འཇམ་དཔྱིད་ཀྱི་ཉི་གཞོན་འཆར་ལ་ཉེ་སོང་ལ།

ཡར་ལྷ་བཞག་བྲའི་མཛུམ་མདངས་ཀྱང་གྲོལ་ལ་ཉེ་སོང་།

རྟའུ་ཡི་སྣོད་བཅུད་མཛེས་སྡུག་སླར་ཡང་ངོམ་ལ་ཉེ་སོང་ལ།

ནད་ཡམས་ལ་འཐབ་པའི་མཐའ་མའི་རྒྱལ་ཁ་ཡང་བླང་ལ་ཉེ་སོང་།

རྟའུ། རིག་པ་སྒྲིམས་ཤོག

མུ་མཐུད་ནས་རིག་པ་དམ་པོར་སྒྲིམས་ཤོག 


རྩོམ་ཡིག་སྔོན་མ།
ཏོག་དབྱིབས་ནད་འགོག་ཀ་བཤད།
རྩོམ་ཡིག་རྗེས་མ།
རྟའུ་ལ་ཕུལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1