“ཏོག་གསར་གློ་ཚད་དེ་ཆམ་རིམས་དང་འདྲ་བར་ལོ་ལྟར་འབྱུང་ངེས་ཆེ།” ཉིན་ཤས་གོང་། འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་ཀྱི“ནད་དུག་རྔོན་པ”རུ་འབོད་པའི་ཨ་རིའི་འགོ་ནད་རིག་པའི་ཆེད་མཁས་པ་དགེ་རྒན་ཆེན་མོ་བ་ལི་ཕུའུ་ཅིན་གྱིས་བརྗོད་ཅིང་། ཁོང་གིས་ལོ་རྗེས་མའི་དགུན་དུས་སུ་རིམས་ནད་དེ་སླར་ཡང་འབྱུང་ཉེན་ཆེ་ཞེས་བརྗོད་པ།
ཏོག་གསར་གློ་ཚད་མ་འོངས་པར་ལོ་ལྟར་འབྱུང་སྲིད་དམ། སང་ལོའི་དགུན་ཁར་ང་ཚོས་ཇི་ལྟར་བྱ་དགོས། ཞེས་གསར་འགོད་པས་ཀྲུང་ནན་ཧྲན་ཡོན་ཧྲི་ཚོགས་པའི་ཁོངས་མི། ཀོང་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོའི་དབུགས་ལམ་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པའམ་དགེ་རྒན་ཆེན་མོ་ཁྲེན་ཆོན་ལིང་ལ་བཅར་འདྲི་བྱས་པ་རེད།
ཏོག་གསར་གློ་ཚད་མ་འོངས་པར་ལོ་ལྟར་འབྱུང་སྲིད་དམ།
“རིག་པའི་གཞུང་ལུགས་ཐོག་ནས་བཤད་ན་འབྱུང་ངེས་ཆེ།” ཡིན་ནའང་ཚང་མས་དངངས་སྐྲག་ཆེན་པོ་བྱེད་དགོས་དོན་མེད། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་འགོ་ཚུགས་ཡོད་པས། ཕལ་ཆེར་ད་ལོའི་ལོ་མཇུག་གོང་ཁྲོམ་རར་འདོན་ཐུབ་པས། རིམས་འགོག་སྨན་ཁབ་ཐོན་རྗེས་རིམས་ནད་རྒྱ་ཁྱབ་ངང་མཆེད་པ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་ཐུབ་རྒྱུ་རེད།
ནད་དུགSARSདང་བསྡུར་ན་ཏོག་གསར་ནད་དུག་གི་འཆི་ཚད་ཅུང་དམའ་བ་དང་། སྔ་མའི་འཆི་ཚད9%-10%ཡིན་པ་དང་། ཕྱི་མའི་འཆི་ཚད་ཧ་ལམ1.4%ཡིན། དེའི་ཕྱིར་ཏོག་གསར་ནད་དུག་དེ་དངོས་གནས་དུས་ཡུན་རིང་པོར་གནས་ཤེས་ཆེ། SARSནད་དུག་གི་ནད་སྐྱེད་རང་བཞིན་ཆེ་བ་དང་། འཆི་ཚད་ཀྱང་མཐོ་བ། ནད་དུག་གི་འཁྲི་བདག་གསོད་སླ་བ། ནད་དུག་རང་ཉིད་ཀྱང་དུས་ཡུན་རིང་པོར་གསོན་པོར་གནས་མི་ཐུབ་མོད། དེ་བཞིན་ཏོག་གསར་ནད་དུག་གི་ནད་སྐྱེད་རང་བཞིན་ལྟོས་བཅས་ཀྱིས་དམའ་བས། རིག་གཞུང་སྟེང་ནས་བཤད་ན། དལ་བའི་རང་བཞིན་གྱི་ནད་དུ་འགྱུར་སྲིད།
གཞན་ཡང་། རང་རྒྱལ་གྱི་ནད་པ80%ནི་ནད་ཡང་མོ་ཅན་གྱི་ནད་པ་ཡིན་པ་དང་། ཉེ་ཆར་ད་དུང་ནད་རྟགས་མེད་པའི་ནད་པ་ཁ་ཤས་ལ་ནད་དུག་འགོས་ཡོད་ཀྱང་ནད་མ་བྱུང་བའི་གནས་ཚུལ་ཡང་བྱུང་འདུག མི་མང་ཆེ་བར་ཏོག་གསར་ནད་དུག་འགོས་རྗེས་འགོག་གཟུགས་འབྱུང་སྲིད་པ་དང་། ཏོག་གསར་ནད་དུག་གསར་པ་རང་ཉིད་ལའང་གཞན་འགྱུར་འབྱུང་སྲིད། དུག་ཤུགས་དེ་འདྲ་ཆེན་པོ་མེད་ཚེ་མིའི་རིགས་དང་མཉམ་དུ་འཚོ་བ་རོལ་ཐུབ། གཞུང་ལུགས་དང་དངོས་ཡོད་ཀྱི་གཞི་འཛིན་ས་འདི་དག་ལས་ནད་དུག་དེ་ཆམ་རིམས་དང་འདྲ་བར་དུས་ཡུན་རིང་པོར་གནས་སྲིད་པ་དང་། ལོ་རེ་བཞིན་འབྱུང་སྲིད་པ་མཚོན་ཡོད།
སང་ལོར་ཏོག་གསར་ནད་དུག་ད་དུང་རྒྱ་ཁྱབ་ངང་འབྱུང་སྲིད་དམ།
“དེ་ཕལ་ཆེར་འབྱུང་མི་སྲིད།” རིམས་འགོག་སྨན་ཁབ་ཞིབ་བཟོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་རིམ་སྤོར་བྱས་པ་དང་བསྟུན་ནས། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་པས། སང་ལོའི་དགུན་ཁར་ཏོག་གསར་གློ་ཚད་རྒྱ་ཁྱབ་ངང་མཆེད་མི་སྲིད། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཏོག་གསར་ནད་དུགSARSདང་འདྲ་བར་མེད་པར་འགྱུར་ཡང་སྲིད་ཅེས་གསུངས།