གནད་བསྡུས། བོད་དུ་བཙན་པོའི་དུས་སུ་བཞེངས་པའི་རྡོ་རིང་ཇི་སྙེད་ཅིག་ཡོད་པ་དེ་དག་ལ་ད་བར་ཞིབ་འཇུག་བྱ་ཐབས་དང་། རིག་ཚན་འདྲ་མིན་ནས་དཔྱད་དཔྱོད་གང་མང་སྤེལ་ནས་འབྲས་བུ་གཡུར་ཟ་ཐོབ་ཡོད། ཇི་ལྟར་ཡང་རྡོ་རིང་ཡི་གེ་དེ་དག་གི་ནང་དོན་སྤྱིར་བཙན་པོའི་དུས་ཀྱི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། ང་ཚོས་རྡོ་རིང་ཡི་གེ་དེ་དག་གི་ནང་དོན་བརྒྱུད་ནས་བཙན་པོའི་དུས་ཀྱི་བོད་ཀྱི་ཆོས་ལུགས་ཀྱི་རྩ་བའི་གནས་སྟངས་དང་། ཆོས་ལུགས་འཕེལ་རིམ་གྱི་ཁྱད་ཆོས་སམ་ལམ་བུ། བཙན་པོའི་དུས་ཀྱི་ཆོས་སྲིད་ཀྱི་འབྲེལ་བ་སོགས་ལོ་རྒྱུས་ཀྱི་གནད་དོན་དང་ཆོས་ལུགས་ཀྱི་གནད་དོན་དུ་མ་ཞིག་ཤེས་རྟོགས་ཐུབ་པས། བཙན་པོའི་དུས་ཀྱི་ཆོས་ལུགས་ཀྱི་ཞིབ་འཇུག་དང་། ཤེས་རིག་ཞིབ་འཇུག ལོ་རྒྱུས་ཞིབ་འཇུག་བཅས་ལ་ཕན་དགེ་ཤིན་ཏུ་ཆེན་པོ་ཡོད།
གནད་ཚིག བཙན་པོའི་དུས། རྡོ་རིང་། ཆོས་ལུགས་ཞིབ་འཇུག།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K877.42 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]
1005-5746(2019)03-034-11
གླེང་གཞི།
བོད་བཙན་པོའི་དུས་སུ་བཞེངས་པའི་རྡོ་རིང་ཇི་སྙེད་ཅིག་ཡོད་པ་སྟེ། ཞོལ་རྡོ་རིང་ཕྱི་མ་དང་།བསམ་ཡས་རྡོ་རིང་། ཞྭ་ལྷ་ཁང་གི་རྡོ་རིང་། རྒྱལ་སྡེ་དཀར་ཆུང་རྡོ་རིང་། ལྕང་ཕུའི་རྡོ་རིང་།(མཚུར་ཕུ་དགྀན་པའི་རྡོ་རིང་།) ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་། ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་རྡོ་རིང་།(འཕྱོངས་རྒྱས་ཟམ་སྣེའི་རྡོ་རིང་། འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་) དབོན་ཞང་རྡོ་རིང་། ཁྲམ་ཆེན་རྡོ་རིང་། དགེ་རྩ་རྡོ་རིང་། དེ་མོ་གཡུང་དྲུང་འཛིན་གྱི་རྡོ་རྐོས་ཡི་གེ བྲག་གཡབ་རི་མདའ་བྲག་རྐོས་ཡི་གེ་སོགས་མཆིས། ད་བར་དུ་རྡོ་རིང་དེ་དག་ལ་ཞིབ་འཇུག་བྱ་ཐབས་འདྲ་མིན་ནས་དཔྱད་དཔྱོད་གང་མང་སྤེལ་ཡོད་པ་ནི་དཔེར་ན། གནའ་དཔྱད་རིག་པ་དང་། ལོ་རྒྱུས་རིག་པ། ཆོས་ལུགས་རིག་པ། སྐད་བརྡ་རིག་པ། ཐ་སྙད་རིག་པ། དེ་མིན་སྒྱུ་རྩལ་དང་། བཟོ་བཀོད། ཡིག་གཟུགས། བརྡ་སྤྲོད། གནའ་ཡིག ཡིག་སྒྱུར། མི་རིགས་འབྲེལ་བ། ཆོ་ག་དང་། མི་སྣ། དཔོན་གནས། ཡིག་ཚངས་སོགས་ཕྱོགས་ཡོངས་ཀྱི་ཞིབ་འཇུག་རྒྱ་ཆེར་སྤེལ་ཡོད། འོན་ཀྱང་། རྡོ་རིང་ཡི་གེ་དེ་དག་གི་ནང་དོན་སྤྱིར་བཙན་པོའི་དུས་ཀྱི་ཆོས་ལུགས་དང་བྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།
དང་པོ། བོད་དུ་ནང་བསྟན་ཇི་ལྟར་གོང་འཕེལ་བྱུང་ཚུལ་དང་ཚུགས་ཚུལ་གསལ་བ།
སྤྱིར་བོད་ཀྱི་ཆོས་ལུགས་ལོ་རྒྱུས་བཤད་རྒྱུན་དུ། བསྟན་པ་སྔ་དར་ནི་ལྷ་ཐོ་ཐོ་རིའི་སྐབས་སུ་དབུ་བརྙེས། སྲོང་བཙན་སྒམ་པོའི་སྐབས་དངོས་སུ་དར། ཁྲི་སྲོང་ལྡེ་བཙན་དུས་སུ་བོད་དུ་ཚུགས། གླང་དར་དུས་ནས་ཉམས་ཉེས་སོང་ཞེས་གྲགས་སོ། །ཐོག་མར་དར་བའམ་ལེན་པ་ནི་སྤྱི་ལོའི་དུས་རབས་བདུན་པར་སྲོང་བཙན་དུས་སུ་ཡིན་པ་གླེང་མེད་ལ། “ཚུགས་”པའི་དུས་དེ་གཙོ་བོ་དུས་རབས་བརྒྱད་པར་ཁྲི་སྲོང་ཡབ་སྲས་གཉིས་ལ་ཐུག་པ་ཡིན།
སྐར་ཆུང་རྡོ་རིང་གི་ཡིག་ཕྲེང་4-7ལས། ༄། །འཕྲུལ་གྱྀ་ལྷ་བཙན་པོ། མྱེས། ཁྲི་སྲོང་བརྩན་གྱྀ་རིང་ལ། །སངས་རྒྱས་ཀྱྀ་ཆོས་མཛད་དེ། །ར་སའི་གཙུག་ལག་ཁང་ལས་སྩོགས་པ་བརྩྀགས་ཤྀང་། །དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་།”[1]ཞེས་སྤྱི་ལོའི་དུས་རབས་བདུན་པར་སྲོང་བཙན་སྒམ་པོའི་དུས་སུ་ར་ས་འཕྲུལ་སྣང་དང་། རྒྱ་སྟག་ར་མོ་ཆེ་སོགས་གཙུག་ལག་ཁང་བརྩིགས་ནས་སངས་རྒྱས་ཀྱི་བསྟན་པ་བོད་དུ་དངོས་སུ་དར་བ་གསལ་བ་དང་། མང་སྲོང་མང་བཙན་དང་འདུས་སྲོང་མང་པོ་རྗེའི་དུས་སུ་དེ་ཙམ་འཕེལ་རྒྱས་མེད་ཀྱང་ཆོས་ཀྱི་རྒྱུན་མུ་མཐུད་ནས་བསྐྱངས་ཚུལ་སྐར་ཆུང་རྡོ་རིང་ཡིག་ཕྲེང་7-15ལས། “མྱེས་ཁྲི་འདུས་སྲོང་གྀ་རྀང་ལ། གླིང་གྀ་ཁྲི་རྩེ་ལས་སྩོགས་པར་། གཙུག་ལག་ཁང་བརྩྀགས་སྟེ། །དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་། །མྱེས་ཁྲི་ལྡེ་གཙུག་བརྩན་གྱྀ་རིང་ལ་། །བྲག་མར་གྱྀ་ཀྭ་ཅུ་དང་། མཆྀང་ཕུར་གཙུག་ལག་ཁང་བརྩྀགས་སྟེ། །དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་། ཡབ་ཁྲྀ་སྲོང་ལྡེ་བརྩན་གྱྀ་རིང་ལ། བྲག་མར་གྱྀ་བསམ་ཡས་ལས་སྩོགས་པ་དབུས་མཐར་གཙུག་ལག་ཁང་བརྩྀགས་སྟེ། །དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་།”ཞེས་གསལ་བ་སོགས་བཙན་པོ་རིམ་བྱུང་ནས་ནང་པ་སངས་རྒྱས་པའི་བསྟན་པ་འདི་བཞིན་འཕེལ་རྒྱས་གང་འཚམ་བཏང་ཡོད་ཀྱང་། དངོས་སུ་བོད་དུ་རྐང་པ་ཚུགས་པའམ་བོད་མི་རྣམས་ཀྱི་ཡོངས་སུ་ཉམས་ལེན་བྱེད་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་ནས་ཡིན་ནོ།།
དབོན་ཞང་རྡོ་རིང་ཤར་ངོས་ཡིག་ཕྲེང་22-29ལས། “དང་པོ་རྒྱ་རྗེ་ལྀ་རྒྱལ་སར་ཞུགས་ནས། །དེའི་རང་གི་སྲིད་ལོ་ཉི་ཤུ་རྩ་གསུམ་ལོན། །རྒྱལ་རབས་གཅྀག་གི་འོག་ཏུ། །འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་བརྩན་དང། །རྒྱ་རྗེ་ཐེའེ་ཙོང་བཱུན་བུ་ཞེང་ཧྭང་ཏེ་གཉིས། །ཆབ་སྲིད་གཅྀག་ཏུ་མོལ་ནས། །ཅེང་ཀྭན་གྱྀ་ལོ་ལ། །མུན་ཤེང་ཀོང་ཅོ། །བཙན་པོའི་ཁབ་དུ་བླངས། ཕྱིས་འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བརྩན་དང་.........ཀེང་ལུང་གི་ལོ་ལ། ཀྀམ་ཤྀང་ཀོང་ཅོ། །བཙན་པོའི་ཁབ་དུ་བླངས་ནས། །དབོན་ཞང་དུ་འགྱུར་ཏེ་དགྱེས་པ་ལས།”ཞེས་འཁོད་ཡོད་པར། སྤྱིར་ཀོང་ཅོ་གཉིས་ཁབ་ཏུ་བཞེས་ནས་ཐང་བོད་དབར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་ཇེ་ཆེར་ཕྱིན་ནས་དབོན་ཞང་གི་ཚུལ་ཆགས་པ་སོགས་གཙོ་བོར་བྱེད། འོན་ཀྱང་། ཀོང་ཅོ་རྣམ་གཉིས་བོད་དུ་འབྱོར་ནས་བོད་ཀྱི་ནང་བསྟན་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པར། འུན་ཤིང་ཀོང་ཅོ་བོད་དུ་བསུས་ནས་རིན་ཐང་དཔག་མེད་ད་དུས་ལྷ་ལྡན་གཙུག་ལག་ཁང་གི་བཙན་ཁང་དབུས་མར་བཞུགས་པའི་ཇོ་བོའི་སྐུ་འདྲ་བྱིན་ཅན་འདི་ཉིད་གདན་དྲངས་པ་དང་། ཧྭ་ཤང་མ་ཧ་དེ་བ་ཚེ་སོགས་བྱོན་ནས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ནང་བསྟན་ (གཙོ་བོ་བསམ་གཏན་པའི་ལུགས་) གྱི་ལྟ་བ་བོད་དུ་ཐོག་མར་དར་བ་སོགས་སྲོང་བཙན་དུས་སུ་ནང་བསྟན་འདི་བཞིན་རྒྱ་དཀར་ནག་ཕྱོགས་གཉིས་ནས་དྲངས་པ་ལྟ་བུ་དང་། གྱིམ་ཤིང་ཀོང་ཅོ་བོད་དུ་ཕེབས་ནས་རྒྱལ་རབས་གསུམ་དུ་མུན་པར་བཞུགས་པའི་ཇོ་བོའི་སྐུ་བརྙན་དྲངས་ཏེ་སླར་ཡང་མཆོད་པ་བཙུགས་ཤིང་། མདོ་ས་ལུ་ལྗང་པ་དང་། མདོ་གསེར་འོད་དམ་པ། རྡོ་རྗེ་གཅོད་པ་ལྟ་བུ་ནང་པའི་ཆོས་གཞུང་ཁག་ཅིག་བོད་དུ་དར་བ་དང་བསྒྱུར་བ་སོགས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་ནང་བསྟན་སླར་ཡང་སྤེལ་རྒྱུར་ཕན་དགེ་ངེས་ཅན་བསྐྲུན་པ་སོགས་སྦ་བཞེད་ལྟ་བུ་དེབ་ཐེར་ཁག་ནའང་གསལ། ཆོས་ལུགས་དང་རིག་གནས་ཞིབ་འཇུག་པ་ཚོས་“ལྷ་སའི་ཇོ་བོ་རྣམ་གཉིས་”དང་། “སྟོན་རྩེན་ཆོས་རྩོད་”དེ་བཙན་པོའི་དུས་ཀྱི་ནང་བསྟན་ཡོངས་ཁུངས་རྒྱ་དཀར་ནག་ཕྱོགས་གཉིས་ནས་ཡིན་པའི་རྟགས་སུ་འགོད་པར་བྱེད།
ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ཡིག་ཕྲེང་1-7ལས། “༄། །བཙན་པོ་ཁྲྀ་ལྡེ་གཙུག་རྩན་གྱི་རིང་ལའ །།༄ །ངན་ལམ་ཀླུ་ཁོང་གིས། །གློ་བ་ཉེ་བའི་རྗེ་བླས་བྱས་པ། འབལ་ལྡོང་ཙབ་དང་། ལང་མྱེས་ཟིགས་། བློན་པོ་ཆེན་ཕོ་བྱེད་བྱེད་པ་ལས། གློ་བ་རིངས་ནས།།”ཞེས་དང་། ཡང་ཡིག་ཕྲེང་11-17བར་དུ།“བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་སྐུ་ལ་ནི་དརད་དུ་ཉི། །བོད་མགོ་ནག་པོའི་སྲིད་ནྀ་འཁྲུག་དུ་བྱེད་པ་ལས། ཀླུ་ཁོང་གིས། འབལ་དང་། ལང་གློ་བ་རིངས་པའྀ་གཏན་གཙིགས། །བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྙན་དུ་གསོལད་ནས་འབལ་དང་། ལང་གློ་བ་རིངས་། བདེན་པར་གྱུརད་ཏེ། ཁོང་ཏ་ནྀ་བཀྱོན་ཕབ་སྟེ། ཀླུ་ཁོང་གློ་བ་ཉེའོ་”ཞེས་འཁོད།
རྡོ་རིང་ཡི་གེའི་ནང་དོན་དེར་འབྲེལ་ཡོད་ལོ་རྒྱུས་མི་སྣ་ཁྲི་སྲོང་ཡབ་སྲས་དང་། བློན་ངན་ལམ“སྟག་སྒྲ་ཀླུ་ཁོང་། བློན་འབལ་ལྡོང་ཙབ་དང་། ལང་མྱེས་ཟིགས་བཅས་སོ། །ཁོང་རྣམས་ཀྱི་བར་དུ་གློ་བ་རིང་བའམ་གློ་བ་ཉེ་བ་ཞེས་རྗེ་བློན་དབར་ཉེ་རིང་གི་རྣམ་པ་ཞིག་ཆགས་ཡོད་པ་དེའི་རྩ་བ་གང་ལ་ཐུག་པ་ནི། སྲོང་བཙན་སྒམ་པོའི་དུས་ནས་དར་ཡང་མང་སྲོང་དང་འདུས་སྲོང་དུས་སུ་མགར་ཚང་སོགས་དབང་ཤུགས་ཆེ་ནས་བར་སྐབས་ཤིག་རིང་གོ་རྒྱུ་ཚོར་རྒྱུ་དེ་ཙམ་མེད་པའི་ནང་པའི་བསྟན་པ་འདི་ཉིད་སླར་གསོ་ལྟ་བུ་ཞིག་ཡོང་རེ་དེ་ཁྲི་སྲོང་ཡབ་སྲས་གཉིས་ལ་བབས་པ་ལྟ་བུར་སྣང་། དོན་དུ་དུས་དེར་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་ནང་བསྟན་སླར་གསོས་ཀྱི་འདུན་པ་ཆོད་སེམས་དང་བོད་འབངས་རྣམས་ཀྱི་རེ་འདོད་ལ་ཐུག་པ་ཞིག་ཡིན།
དུས་དེར་ཡང་སྙིང་བོད་དུ་ནང་པའི་བསྟན་པ་མུ་མཐུད་ལེན་མི་ལེན་གྱི་རྩོད་གཞི་དང་བདམ་ཁ་ལྟ་བུ་ཞིག་ལ་ཐུག་ནས་ཕྱོགས་གཉིས་ཀྱི་སྟོབས་ཤུགས་དང་དད་སེམས་ཤིག་ཆགས་པ་གོར་མ་ཆག རྡོ་རིང་ལྟར་ན། ངན་ལམ་ཀླུ་ཁོང་སོགས་ཕྱོགས་གཅིག་གིས་བཙན་པོའི་ཕྱོགས་སུ་ལངས་ནས་ནང་བསྟན་བསྐྱར་དར་ཀྱི་ལས་ལ་བཞུགས་པ་དང་། ལང་འབལ་སོགས་ཕྱོགས་གཞན་ཞིག་གིས་བཙན་པོ་དང་གློ་བ་རིང་ནས་ལྡོག་ཕྱོགས་སུ་ནང་བསྟན་འགོག་པའི་ལས་གཞི་བརྩམས་པ་འདྲའོ། །ཕྱོགས་གཉིས་དབར་དུ་རྙོག་འཛིང་ཧ་ཅང་ཆེ་བའི་རྩོད་གཞི་དང་འགལ་བ་ཤུགས་ཆེན་ཞིག་བྱུང་ནས་མཐར་བཙན་པོ་ཡབ་ཀྱི་སྐུ་སྲོག་ཀྱང་ཤོར་བ་རེད་ལ། དགུང་ན་ཆུང་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལ་ཡང་ཉེན་ཁ་ཚབས་ཆེན་བཟོས་པ་རེད། མཐར་བཙན་པོའི་ཕྱོགས་དེའི་བློན་པོ་རྣམས་བློ་གྲོས་ཆེ་བའམ་མཐའ་གཅིག་ཏུ་རང་གི་དད་མོས་བཟུང་ནས་གང་ལྟར་བློན་མ་ཞང་གྲོམ་པ་སྐྱེས་སོགས་ཀྱིས་ཆོས་ལ་ལྡང་བའི་རྣམ་པ་ལས་ཡོངས་སུ་རྒྱལ་ཏེ་བོད་དུ་ནང་བསྟན་ཚུགས་པའི་ལམ་བུ་དེ་གཏོད་དོ།།
གཉིས་པ། རྗེ་བློན་རྣམས་ཀྱིས་ནང་བསྟན་ཇི་ལྟར་སྐྱོང་ཚུལ་ལམ་དམ་བཅའ།
ནང་བསྟན་བོད་དུ་ཚུགས་པའི་ལམ་བུ་དེ་གཏོད་པའི་རྗེས། དེ་ཐབས་ལམ་གང་ཞིག་བརྒྱུད་ནས་བོད་འབངས་རྣམས་ཀྱིས་ཡོངས་སུ་ཉམས་ལེན་དོན་འཁྱོལ་ཡོང་བ་བྱ་རྒྱུ་དེ་གལ་ཆེ་བར་གཟིགས་ནས། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་བཅས་ཀྱིས་ནང་བསྟན་མུ་མཐུད་འཕེལ་རྒྱས་གཏོང་བའི་བྱ་ཐབས་རབ་རིམ་སྤེལ། ལྷག་པར་དུ་དུས་རབས་དགུ་པ་ནས་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཉམས་ཆག་འགྲོ་བའི་འགོ་ཚུགས་ཀྱང་ནང་བསྟན་འདི་ཉིད་སྔར་བཞིན་གོང་འཕེལ་འགྲོ་བའི་ཁོར་ཡུག་གམ་ཆ་རྐྱེན་ཞིག་ཆགས།
བསམ་ཡས་གཙུག་ལག་ཁང་བཞེངས་པ་དེ་ནང་པའི་བསྟན་པ་བོད་དུ་ཚུགས་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་རྩི་བ་ཡིན། བསམ་ཡས་བཞེངས་པ་དེས། གཅིག་ནས་རྒྱ་གར་དང་། རྒྱ་ནག སྤུ་རྒྱལ་བོད་བཅས་དབར་ཁྱོན་ཡོངས་ཀྱི་འབྲེལ་ལམ་བཟང་པོ་མཚོན་པ་དང་། གཉིས་ནས་ནང་ཆོས་འདི་ཉིད་བོད་དུ་ལོ་ངོ་བརྒྱ་ཡི་ལམ་བུ་བརྒྱུད་དེ་དངོས་སུ་ཚུགས་པ་མཚོན་པ། གསུམ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ནང་ཆོས་ཀྱི་རྣམ་པ་དེའང་དེ་དུས་ནས་འགོ་ཚུགས་པ་མཚོན་པ། བཞི་ནས་ཆོས་བྱེད་སྐྱེས་བུའི་སྤྱི་ཚོགས་གནས་བབ་དང་ཐོབ་ཐང་ཡང་མཚོན་པ་ཡིན་ནོ །
སྤྱི་ལོ་779ལོར་བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་སྟེ་བསམ་ཡས་རྡོ་རིང་བཞེངས། རྡོ་རིང་གི་ཡི་གེ་ཡིག་ཕྲེང་21ལས་གྲུབ། རྡོ་རིང་ལས། “༄།།ར་ས་དང་། བྲག་མར་གྱི་གཙུག་ལག་ཁང་ལ་སྩོགས་པར: །དཀོན་མཅོག་གསུམ: གྱི་རྟེན་བཙུགས་པ་དང་།སངས་རྒྱས་ཀྱི་ཆོས: །མཛད་པ་འདྀ་།ནམ་དུ་ཡང་མྱི: གཏང: མའ་ཞིག་པར་བགྱིའོ: །”ཞེས་འཁོད་པ་ལས་ནང་བསྟན་འདི་ཉིད་བོད་དུ་ལོ་ངོ་བརྒྱ་ཡི་ལམ་བུ་བརྒྱུད་ནས་ད་གཟོད་དེའི་གནས་བབ་གཏན་འཁེལ་བྱུང་བ་ཡིན་ལ། བོད་དབུས་སུ་ཆོས་ལུགས་སྤེལ་བའི་ལྟེ་གནས་ལྟ་བུ་བྲག་དམར་ (བསམ་ཡས།) དང་ར་ས་ (ལྷ་ས།) གཉིས་ཆགས། ནང་བསྟན་འདི་ཉིད་“ནམ་དུ་ཡང་མི་གཏང་མི་ཞིག་”ཅེས་རྗེ་འབངས་ཡོངས་ཀྱི་དམ་བཅར་བཟུང་། གཞན་ཡང་ཆོས་ལུགས་གང་ཞིག་སྤེལ་བར་དཔལ་འབྱོར་གྱི་རྒྱབ་རྟེན་དེ་ཡང་གལ་ཆེ་བར་མཐོང་། ལྷག་པར་དུ་དགོན་པའི་དཔལ་འབྱོར་རམ་ཕྱིས་འབྱུང་གི་མཆོད་གཞིས་ལམ་ལུགས་ནི་བོད་ཀྱི་དཔལ་འབྱོར་ཞིབ་འཇུག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། རྡོ་རིང་ཡིག་ཕྲེང་7-9ལས། “ཡོ: བྱད: སྦྱརད། པའ: ཡང: ། དེ་ལས: མྱི: དབྲྀ: མྱི་བསྒྱུར་བར་བགྱིའོ: །”ཞེས་པ་ནི་དགོན་པའི་ཡོང་སྒོ་“མི་འཕྲི་མི་བསྒྱུར་”བར་བཙན་པོ་རབས་རབས་སུ་གཞུང་ནས་འགན་ལེན་བྱེད་དགོས་པ་དང་། བློན་འབངས་ཀུན་གྱིས་ཁས་ལེན་བྱ་དགོས་པར་གསལ། འོན་ཀྱང་ནང་པའི་བསྟན་པ་འཕེལ་རྒྱས་ཆེ་ཙམ་བྱུང་བ་དེས་ཆོས་ལུགས་དང་ཆབ་སྲིད་ཀྱི་འཐབ་རྩོད་རིམ་པར་འབྱུང་བ་དེ་མཚམས་གཅོད་མི་ཐུབ་པར་དེ་བས་རྣོ་ངར་དང་རྙོག་འཛིང་ཅན་དུ་འགྱུར་བ་རེད། དེ་ལྟ་བུའི་རྣམ་པ་ཆགས་པ་དེའང་ཆོས་ལུགས་དང་ཆབ་སྲིད་དབར་གྱི་འབྲེལ་བ་དམ་ཟབ་ཏུ་ཕྱིན་པ་དང་འབྲེལ་བ་ངེས་ཅན་ཡོད་པར་སེམས།
འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ལས། “ཆོས་རྒྱལ་ཆེན་པོས་འཕྲིན་ལས་སུ་ཅི་མཛད་པ་དང་། དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་སྩོགས།”ཞེས་དང། “ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེའོ”ཞེས་ཁྲི་སྲོང་ལྡེ་བཙན་གྱི་ཆོས་སྲིད་གཉིས་ཀྱི་མཛད་པ་གཙོ་བོར་བཀོད་པ་དང་། ལྷག་པར་དུ་“ཆོས་རྒྱལ་”ཞེས་ལུགས་བཟང་པོའི་སྒོ་ནས་ཆབ་སྲིད་བསྐྱངས་པའི་དོན་དུ་གོ་བར་ཆོས་སྲིད་གཉིས་ཀྱི་མཛད་པ་ཤིན་ཏུ་ཆེ་བར་དགོངས་ནས་རྡོ་རིང་དེ་བཙུགས།
ཞྭ་ལྷ་ཁང་གི་རྡོ་རིང་སྔ་མའི་ཡིག་ཕྲེང་9-10ལས། “ཕྱིས་ཡབ་དང་གཅེན་ཐུགས་ནོང་བརྟུད་མར་བྱུང་བའི་རྗེས།”ཞེས་དང་། ཡིག་ཕྲེང་48ལས། “གཅེན་མུ་རུག་བཙན་དང་། ཇོ་མོ་མཆེད་དང། རྒྱལ་ཕྲན་རྣམས་དང་། ”ཞེས་[2]ཁྲི་སྲོང་གི་གདུང་སྲས་འགའ་ཞིག་བྱོན་པར། ཁྲི་ལྡེ་སྲོང་བཙན་གྱི་གཅེན་མུ་ནེ་བཙན་པོ་དང་ཡབ་ཁྲི་སྲོང་ལྡེ་བཙན་བསྟུད་མར་[3]གཤེགས་པ་དང་། གཅེན་མུ་རུག་བཙན་པོ་ཞེས་པ་ཞིག་ཡོད་པ་དེའང་ཞང་གི་བུ་དབུ་རིང་ཉེས་མེད་དུ་བསད་པར་བློན་པོ་འགོས་ཀྱིས་“ཞལ་ལྕེ་དགའ་གསུམ་དང་འདར་གསུམ་”བཅད་དེ་ཡུལ་མཐར་སྤྱུགས་པས། གཅུང་མུ་ཏིག་བཙན་པོའམ་ཁྲི་ལྡེ་སྲོང་བཙན་བཙན་པོའི་ཁྲི་ལ་འཁོད་དགོས་ལ་ཐུག ཉང་རལ་ཆོས་འབྱུང་སོགས་སུ་ཁྲི་ལྡེ་སྲོང་བཙན་ཁྲི་ལ་འཁོད་པའི་སྐབས་བཙན་པོའི་ཆབ་སྲིད་འཛིན་སྐྱོང་ཐད་བན་དེ་ཆེན་པོ་དང་བློན་པོ་རྣམས་ཀྱི་དབར་འགལ་བ་དང་འཐབ་རྩོད་རྙོག་འཛིང་བྱུང་བའི་སྐོར་ཡང་གསལ་བར་འཁོད་ཡོད།
སྐར་ཆུང་རྡོ་རིང་གི་ཡིག་ཕྲེང་1-3ལས། “༄ལ།འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་སྲོང་རྩན་གྱྀ་རིང་ལ།།དམ་པའྀ་ཆོས་ཡུན་དུ་བརྟན་པར་གཙིགས་བརྣན་པ། །”ཞེས་དང་། ཡིག་ཕྲེང་22-25ལས། “ད་ཕྱྀན་ཆད་ནམ་ནམ་ཞ་ཞར། འཕྲུལ་གྱྀ་ལྷ་བཙན་པོ་། །ཡབ་ཁྲི་སྲོང་ལྡེ་བརྩན་གྱྀ་རིང་ལ། །དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་དང་། སངས་རྒྱས་ཀྱྀ་ཆོས་མཛད་པ་མྱི་གཏང་མ་ཞིག་པར། །གདུང་རབས་རྒྱུད་ཀྱྀ་ཡི་དམ་བཅའོ་”ཞེས་པ་དེས་བཙན་པོའི་རྒྱལ་རབས་དུས་ཀྱི་ནང་བསྟན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྟན་པ་ནི། ཁྲི་སྲོང་ལྡེ་བཙན་གཤེགས་རྗེས་བཙན་པོའི་རྒྱལ་སྲིད་ཉམས་གུད་དུ་འགྲོ་བའི་འགོ་ཚུགས་ཀྱང་ནང་པའི་བསྟན་པ་འདི་བཞིན་མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་དུས་ནས་སྔར་བཞིན་མུ་མཐུད་འཕེལ་རྒྱས་ཕྱིན་པ་མཚོན།
སྐར་ཆུང་རྡོ་རིང་ནང་གལ་ཆེ་བའི་ནང་དོན་གཅིག་ནི་ཡིག་ཕྲེང་33-40ལས། ‘‘“....བཙན་པོ་དབོན་སྲས་།།སྐུ་ཆུང་ངུར་བཞུགས་པ་ཡན་ཅད།།ཆབ་སྲྀད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང་།།དགེ་སློང་ལས།དགེ་བའྀ་བཤེས་ཉེན་བསྐོས་སྟེ། ཆོས་ཐུགས་སུ་ཅྀ་ཆུད་ཆུད་དུ་བསླབ་ཅིང་། བོད་ཡོངས་ཀྱྀས་ཀྱང་ཆོས་སློབ་ཅིང་སྤྱད་པའྀ་སྒོ་མྱི་གཅད། ནམ་དུ་ཡང་བོད་ཡ་རབས་མན་ཅད། བོད་འབངས་ལས་ཐར་པར་གཟུད་པའྀ་སྒོ་མྱི་བགག་པར། དད་པའྀ་རྣམས་ལས་ཐར་པར་བཙུད་ཏེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱྀ་རིང་ལུགས་རྟག་ཏུ་བསྐོ་ཞིང་།” ཞེས་དང་། ཡིག་ཕྲེང་43-6ལས། “རབ་ཏུ་བྱུང་བའི་རྣམས། །ངེད་ཡབ་སྲས་ཀྱྀས་མཆོད་གནས་སུ་གནང་བ་བཞྀན་དུ་བྱས་སྟེ། །བཙན་པོའི། ཕོ་བྲང་ན་དཀོན་ཆོག་གསུམ་གྱྀ་རྟེན་བཙུགས་ཤྀང་མཆོད་པར་ཡང། །གུ་དུ་མྱྀ་སྤང་མྱི་བསྐར་ཞྀང་མཆོད་གནས་སུ་བགྱྀའོ།”ཞེས་པ་སོགས།བཙན་པོ་སྐུ་ཆུང་ངུའི་དུས་ནས་དགེ་བའི་བཤེས་གཉེན་ཞིག་བསྟེན་ནས་ནང་པའི་ཆོས་ལ་སློབ་གཉེར་དགོས་པའི་གཏན་འབེབས་མཛད་ནས་རྒྱལ་སྲིད་དང་ནང་ཆོས་དབར་གྱི་འབྲེལ་བ་རིམ་བཞིན་དམ་ཟབ་ཏུ་གྱུར་བ་དང་། གཏན་འབེབས་དེ་དེ་མ་ཐག་ལག་བསྟར་བྱུང་ནས་རལ་པ་ཅན་ལྟ་བུ་ཆུང་ངུ་ནས་ནང་པའི་ཆོས་ལ་ཧུར་ཐག་སྦྱོང་དགོས་པ་དང་། སྤུར་རྒྱལ་བཙན་པོའི་གདུང་རྒྱུད་དུ་རབ་ཏུ་བྱུང་བའི་ཐོག་མ་རྒྱལ་སྲས་གཙང་མ་ཡང་བྱོན་པ་ཡིན། བོད་འབངས་ལས་དད་པ་ཅན་དུ་མ་རབ་ཏུ་བྱུང་བ་དང་། དེ་དག་ལས་ནང་ཆོས་བྱང་ཆུབ་པ་རྣམས་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པར་ (མཁན་པོ་ལྟ་བུ་) བསྐོས་ནས། ཆོས་བྱེད་སྐྱེས་བུའི་ཐོབ་ཐང་དང་། གནས་འབབ། གྲངས་འབོ།ར་སོགས་དུས་ཡུན་ཐུང་ངུར་སྔར་ན་མེད་པའི་འགྱུར་བ་ཆེ་ཙམ་ཕྱིན། ལྷག་པར་དུ་“དགེ་བའི་བཤེས་གཉིན་”དང་“བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པ་” “བན་དེ་ཆེན་པོ་” “བན་དེ་བཀའ་ལ་གཏོགས་པ་”སོགས་དམིགས་བསལ་གྱི་གོ་བབས་དེ་དག་གིས་ཆོས་བྱེད་སྐྱེས་བུ་ཁག་ཅིག་ཆོས་སྲིད་གཉིས་ལ་དབང་ཐང་ཡོད་པར་གྱུར་ནས་བཙན་པོའི་སྲིད་དབང་ལ་གཡོ་འགུལ་ཐེབས་འགོ་ཚུགས་པ་དང་། བོད་བརྒྱུད་ནང་བསྟན་ནམ་བོད་ཀྱི་སྲོལ་རྒྱུན་དུ་རང་གི་བླ་མ་ (དགེ་བའི་བཤེས་གཉེན་)གོང་ཏུ་བཀུར་བའི་ལུགས་བཟང་དེའང་དུས་དེ་ཙམ་ནས་དངོས་སུ་ཆགས་པ་འདྲའོ།།
བཙན་པོ་ཁྲི་ལྡེ་སྲོང་བཙན་དེ་ཡང་བཙན་པོ་རིམ་བྱོན་ལས་ཆོས་སྲིད་ཀྱི་མཛད་པ་ཆེ་བས་དམིགས་སུ་རྡོ་རིང་བཞེངས་ཡོད་པ་འཕྱོངས་རྒྱས་སུ་བཙན་པོ་རང་གི་བང་སོའི་གནས་སུ་བཙུགས། ཡིག་ཕྲེང་7-11ལས་“བཙན་པོ་ལྷ་སྲས་ཁྲྀ་ལྡེ་སྲོང་བརྩན་མྱྀའི་རྗེར་མཛད་པ། །ལྷའི་ལུགས་དང་མཐུན་པར་ནི་མངའ་ཐང་ཆེ་གནམ་གྱི་ཆོས་དང་མཚུངས་པར་ནི་བཀའ་བརྩན་ཏེ་ཐུགས་སྒམ་པོའི་རླབས་དང་། །བཀའ་ལུང་བཟང་པོའི་ལུགས་ཀྱྀས། །ཕྱི་ནང་གཉྀས་སུ་ལེགས་ཤིང་ཆབ་སྲྀད་ཆེ་བའི་ཚུལ།” བཙན་པོ་འདིས་ཕྱི་རྒྱར་དམ་པའི་ཆོས་ཀྱི་དགོངས་བཞེད་ཀྱིས་ཤར་ཕྱོགས་རྒྱ་[4]དང་། ལྷོ་ཕྱོགས་རྒྱ་གར། བྱང་ཕྱོགས་དྲུ་གུ་སོགས་“མཐའ་བཞི་ཕྱོགས་བརྒྱད་”[5]དུ་འབྲེལ་ལམ་བཟང་པོས་བསྐྱངས་པ་དང་། “ནང་དུ་འཁྲུག་པ་དང་། མྱྀ་བདེ་བ་མྱེད་ཅྀང་། །བོད་ཡོངས་ཀྱིས་ཁོངས་ལ་ཡུལ་ཕྱུག་སྟེ། འབངས་སྐྱིད་དོ”[6]ཞེས་འཁོད།
གསུམ་པ། བཙན་པོའི་སྐབས་ཀྱི་ཆོས་སྲིད་ཀྱི་འབྲེལ་བའི་སྐོར།
དེ་སྔ་ཁྲི་སྲོང་ལྡེ་བཙན་ཡན་དུ་བློན་པོ་སོགས་གང་ཡིན་དམག་སྲིད་ལ་མཛད་རྗེས་ཆེ་བ་རྣམས་ལ་བཀའ་གཙིགས་གང་དགའ་གནང་བ་དང་། དམིགས་སུ་རྡོ་རིང་སོགས་བཙུགས་ནས་གཟེངས་བསྟོད་བྱེད་པ་ལ། ཁྲི་སྲོང་རྗེས་ནས་ཆོས་ཕྱོགས་ཀྱི་བྱས་པ་ཅན་རྣམས་ལ་གཟེངས་བསྟོད་དང་བྱ་དགའ་རྒྱ་ཆེ་བར་གནང་བའི་བར་འགྱུར་བ་ཕྱིན་པ་རེད། ཞྭ་ལྷ་ཁང་གི་རྡོ་རིང་སྔ་མའི་ཡིག་ཕྲེང་1-8ལས། “༄།།གནམ་ལྷབ་ཀྱྀ་རྒྱལ་པོ།འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན་གྱི། བཀས། །བན་དེ་མྱང་ཏིང་ངེ་འཛྀན། དབུ་སྙུང་གཙིགས་གཡུང་དྲུང་དུ་གནང་བ། བན་དེ་ཏིང་ངེ་འཛྀན་ལྟ་ཞིག །གདོད་ནས་མཐར་སྙྀང་ཉེ་སྟེ། ང་སྐུ་ཆུང་ངུ་ནྶ། ཆབ་སྲིད་མ་བཞེས་པའི་བར་དུ་ཡབ་ཡུཾམ་གྱྀ་གོ་བྱསྟེ་ལེགས་པ་ལ་ཞེན་པར་བྱས། ཞང་དྲུང་པོའི་གོ་བྱས་ཏེ་སྐུ་བཙས། ཡབ་སྲས་གཅེན་གཅུང་ཡུཾ་སྲས། བླ་འོག་དགྱེས་ཤྀང་འཐུན་པར་སྦྱརད་། སྤྱྀར་ལེགས་པའྀ་བྐ་གྲོས་གསོལ་ཅིང། ལས་སུ་བྱས་པ་ལས།”ཞེས་དང་། ཡིག་ཕྲེང་22-28ལས་“...........། ངའྀ བཀས། བན་དེ་ཏིང་ངེ་འཛིན། གཙིགས་བརྩན་པ་བྱྀན་ཏེ། སྲིད་གཡུང་དྲུང་དུ་གནང་བ། ཡུན་དུ་བརྟན་ཞྔི་བདེ་བར་བྱ་བ་དྲ། ཀུན་གྱིས་ཤེས་པར་བྱ་བའྀ་ཕྱིར། །དཀོན་མཆོག་གྀ་རྟེན། གཙུག་ལག་ཁང་འདྀར་། གཙིགས་གྱི་མཁར་བུ་བརྩྀགས། རྡོ་རིང་བཙུགས་ནས། །བཙིགས་ཀྱི་མདོ་། རྡོ་ལ་མངོན་པར་བྲྀས་ཏེ་མཐའ་ཕྱག་རྒྱས་བཏབ་ནས་བཞག་པ་ཡྣྀ་གྱིས་”ཞེས་དང་། ཞྭ་ལྷ་ཁང་གི་རྡོ་རིང་ཕྱི་མའི་ཡི་ཕྲེང་1-5ལས། “༄།མྱྀའི་རྒྱལ་པོ་ལྷས་མཛད་པ། །འཕྲུལ་གྱྀ་ལྷ་བཙན་པོ་ཁྲི། ལྡེ་སྲོང་བརྩན་གྱི། བཀས། །བན་དེ་ཏིང་ངེ་འཛིན། དབུ་སྙུང་གཙྀགས་སླད་ཀྱིས་གནང་བ། །བན་དེ་ཏིང་ངེ་འཛིན། ངའྀ་ཆབ་སྲིད་འདོན་ཅིང་། ཞོ་ཤ་ཆེན་པོ་འབུལ་འབུལ་བ། གཙིགས་སྔ་མ་”ཞེས་བན་དེ་མྱང་ཏིང་ངེ་འཛིན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་ནས་ཕེབས་ཤིང་བཙན་པོའི་གདུང་སྲས་ཁྲི་ལྡེ་སྲོང་བཙན་རྒྱལ་ཁྲིར་འཁོད་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེན་བྱས་རྐྱེན་སྐུ་རྟེན་སེར་མོ་བ་ཡིན་ཡང་ཁོང་གི་མི་རྒྱུད་ཁྱིམ་རྒྱུད་དང་བཅས་པ་བོད་ཀྱི་སྲིད་དོན་ལས་སྣེར་ཚུད་པ་དང་། ཁོང་རང་ཡང་བཙན་པོའི་བློན་པོ་གཙོ་བོར་བསྐོས། “བན་དེ་ཆེན་པོ་བཀའ་ལ་གཏོགས་པ་”ཞེས། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆོས་བྱེད་སྐྱེས་བུས་ཆབ་སྲིད་འཛིན་པ་ (ཆོས་བློན།)ཐོག་མ་དེ་ཡིན་པར་གྲགས། མདོར་ན་ཆོས་སྲིད་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གྱུར་པའི་མཚོན་བྱེད་དམ་འབྲས་བུ་གལ་ཆེན་ཞིག་ཡིན་ནོ།
དེ་མིན་དགོན་གནས་བཞེངས་པའི་མི་སྣར་དམིགས་བསལ་གྱི་ཐོབ་ཐང་སོགས་གནང་བ་ཡང་ཡོད་པ། དཔེར་ན། ཞང་ཕྱོགས་ཀྱི་བློན་པོའི་ཚང་གི་ཞང་ཚེ་སྤོང་སྟག་བཟང་ཉ་སྟོས་ལ་དམིགས་བཀར་བཞེངས་པའི་སྟོད་ལུང་ལྕང་བུའི་རྡོ་རིང་ཡིག་ཕྲེང་15-21ལས་“སྟོད་ལུང་གི་ལྕང་བུར་གཙུག་ལག་ཁང་བརྩྀགས་སྟེ། དཀོན་མཆོགས་གསུམ་གྱི་རྟེན་བཙུགས། དགེ་སློང་བཞི་གནས་པར་སྦྱར་ནས། རྐྱེན་གྱྀ་བྲན་དང་ཞིང་འབྲོག་དང་།ལྷ་ཆ་དང་། ནོར་རྫས་དང་། རྐང་འགྲོས་ལས་སྩོགས་པ། ཚང་བར་བཙད་དེ། །”ཅེས་དང་། ཡིག་ཕྲེང་28-31ལས། “ལྷ་རིས་ཀྱི་འབངས་དང་། དཀོར་ལ། ཁྲལ་མྱྀ་དབབ་པ་དང་། ཁྭ་དང་། ཆད་ཀ་མྱྀ་བཞེས་པ་སྩོགས་ན་ཡང་། ལྷ་རིས་ཆེན་པོའི་ཐང་དུ་། །བཀའ་གནང་ངོ །”ཞེས་གསལ་བར། དགོན་སྡེ་དང་ཆོས་ལུགས་མི་སྣའི་བདག་རྐྱེན་དུ་བྲན་གཡོག་དང་། ས་ཞིང་། འབྲོག་ར། སྐུ་ཡོན། རྒྱུ་དངོས། དུད་འགྲོ་སོགས་གང་དགོས་དགོས་གནང་བ་དང་། དགོན་པའི་འབངས་དང་རྒྱུ་ནོར་ལ་དཔྱ་ཁྲལ་མི་བབས་པ་དང་། འུ་ལག་མི་སྐུལ་བ། ཉེས་ཆད་མི་གཅོད་པ་སོགས་དམིགས་བསལ་གྱི་དབང་ཆ་དུ་མ་གཏན་འབེབས་གནང་བ་དེས། དུས་ཡུན་ཐུང་ངུར་དགོན་པའི་དཔལ་འབྱོར་གཞི་རྩ་བརྟན་པར་གྱུར་པ་དང་། ཆོས་ལུགས་མི་སྣའི་གྲངས་འབོར་དང་ཐོབ་ཐང་ཚད་ལས་བརྒལ་ནས་བོད་མིའི་རྩ་བའི་འདུ་ཤེས་དང་། བོད་ཀྱི་དཔལ་འབྱོར་སོགས་ལ་འགྱུར་བ་ཆེན་པོ་ཕྱིན་པ་འདྲའོ།
དབོན་ཞང་རྡོ་རིང་བྱང་ངོས་[7]ཡིག་ཕྲེང་7-9ལས།“༄། །བཀའ་ཆེན་པོ་ལ་གཏོགས་ཏེ་ཕྱྀ་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་བན་དེ་ཆེན་པོ་དཔལ་ཆེན་པོ་ཡོན་ཏན།”ཞེས་པ་འཁོད། རྒྱའི་ལོ་རྒྱུས་དེབ་ཐེར་ལྟར་ན་བཙན་པོའི་དུས་སུ་རྒྱ་བོད་བར་དུ་དམག་འཁྲུག་སོགས་ཀྱི་རྐྱེན་པས་མཇལ་འདུམ་ཐེངས་མང་བྱུང་བ། གྲགས་ཆེ་བ་ཐེངས་བརྒྱད་ཙམ་བྱུང་པར་གྲགས། དབོན་ཞང་རྡོ་རིང་བཞེངས་པ་དེ་མཇལ་འདུམ་མཇུག་མའམ་ཐེངས་བརྒྱད་པ་དེ་ཡིན་ནོ། །ཐང་གི་གོང་མ་མུའུ་ཙུང་དང་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་ཁྲི་བཞུགས་སྐབས་སྤྱི་ལོ་823ལོར་ཕན་ཚུན་མཇལ་འདུམ་མཛད་ནས་ནང་དོན་གཙོ་བོ་རྡོ་རིང་ཐོག་བཀོད་པ་ཡིན། ཐང་བོད་དབར་དུ་མཇལ་འདུམ་མཛད་ཅིང་དབོན་ཞང་རྡོ་རིང་བཙུགས་པ་དེ་ནི་རྒྱ་བོད་འབྲེལ་ལམ་གྱི་ལོ་རྒྱུས་ཐོག་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་ཞིག་ཡིན། དོན་ཆེན་དེ་ལྟ་བུ་བསྒྲུབས་པའི་རྒྱབ་ལྗོངས་སམ་ཆ་རྐྱེན་དུ་མ་ཚང་དགོས་ཀྱང་ཆོས་ལུགས་མི་སྣའི་ནུས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་“ཆོས་བློན་”གྱི་གནས་བབས་གཙོ་བོར་བཟུང་ནས་ཐང་བོད་དབར་དུ་ཡུན་རིང་གི་འཐབ་འཁྲུག་འཇགས་ཏེ་ཞི་མཐུན་གྱི་ལམ་བཟང་སྐྱོང་བའི་འབད་པ་ངང་གིས་བསྟེན་པར་ཐང་བོད་དབར་གྱི་མཇལ་འདུམ་ཆེན་པོ་འདི་ལྟ་བུ་ལེགས་གྲུབ་ཟིན་པ་ཡིན།
བན་དེ་ཆེན་པོ་མྱང་ཏིང་ངེ་འཛིན་དང་། བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་བློན་པོ་གཙོ་བོའི་གོ་གནས་བཟུང་བ་དེ་ནས་ཆོས་ལུགས་ཀྱིས་བཙན་པོའི་སྲིད་དབང་ནང་ཐོན་པའི་ནུས་པ་ཇེ་ཆེར་སོང་བར་བརྟེན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཀྱི་རྨང་གཞི་དེ་བཙན་པོ་ཁྲི་ལྡེ་སྲོང་བཙན་དུས་ནས་ཆགས་པ་ཡིན་ཞེས་ལོ་རྒྱུས་མཁན་པོ་རྣམས་ཀྱིས་གསུངས། བཙན་པོས་བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་བཀའ་གཙིགས་ནང། “༄།ཆབ་སྲིད་ཀྱི་བློན་པོ་མན་ཆད་བློན་པོ་ཕྲ་བྲོ་སྩལད་པ་ལ། བན་དེ་བཀའ་ལ་གཏོགས་པ། བན་དེ་བྲན་ཀ་ཡོན་ཏན། བན་དེ་མྱང་ཏིང་འཛིན། ༄༅།ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ། བློན་ཆེན་པོ་ཞང་འབྲོ་ཁྲི་གཟུག་རམ་ཤགས། ཞང་མཆིམས་རྒྱལ་བཙན་བཞེར་ལེགས་གཟིགས། དབའ་བློན་མང་རྗེ་ལྷ་ལོད།་“....༅༅།ནང་བློན་ལ། ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་ཚེ་སྤོང་མདོ་བཞེར་ཕེས་པོ།”[7]ཞེས། བློན་པོ་དང་། ནམ་ཕྱི་པ། དབང་པོ་དང་། དམག་དཔོན་སོགས་ཀྱི་མཚན་དུ་མ་བཀོད་པའི་བཀའ་གཙིགས་ནང་སེར་བློན་རྣམས་ཀྱི་མཚན་སྐྱ་བློན་ཀུན་གྱི་གོང་དུ་བཀོད། དེ་སྔའི་བློན་ཆེན་པོ་དང་། དམག་དཔོན་ཆེན་པོ། རྒོད་སོགས་ཀྱི་མཚན་སྙན་རིམ་བཞིན་ཉམས་ཏེ། རབ་བྱུང་དང་། བན་དེ། བན་དེ་ཆེན་པོ། བཅོམ་ལྡན་གྱི་རིང་ལུགས་འཛིན་པ། དགེ་བའི་བཤེས་གཉེན། དམ་པའི་ཆོས་སོགས་ཀྱི་མཚན་རྒྱང་རིང་དུ་གྲགས། ཆབ་སྲིད་འཛིན་སྐྱོང་ཐད། སེར་བློན་དང་བློན་པོ་གཞན་དབར་འགལ་ཟླ་ཆེན་པོ་བྱུང་སྟེ་ཆབ་སྲིད་ཉམས་ཆགས་འགྲོ་བའི་འགོ་ཚུགས་པ་དང་། ལྷག་པར་དུ། ལམ་ལུགས་དེས་ཕྱིས་འབྱུང་གི་བོད་ཀྱི་ལོ་རྒྱུས་སམ་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། དུས་རབས་བཅུ་གསུམ་ནས་བཟུང་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དངོས་སུ་དར་ནས། ལྷ་དང་། མི། བླ་མ། དགེ་འདུན། འཇིག་རྟེན་པ་སོགས་ཐུན་མོང་ཐོག་བོད་ཀྱི་ཆབ་སྲིད་སྐྱོང་བའི་སྒྲིག་གཞི་གཞན་ན་མེད་པ་ཞིག་ཆགས་ཏེ། ཆོས་ལུགས་མི་སྣས་རྣམ་པ་སྣ་ཚོགས་བརྒྱུད་དེ་འཇིག་རྟེན་ཆབ་སྲིད་ལ་འཛུལ་བ་དང་། ཐེ་ཇུས་བྱེད་པ། ཐ་ན་ཁ་ལོ་བསྒྱུར་བ་བཅས་ཀྱི་རྣམ་པ་རིམ་བཞིན་ཐོན།
མཐར་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་འདི་ལྟ་བུའང་འདུ་ཤེས་ཀྱི་ཕྱོགས་ཞེན་དང་། བློན་པོའི་དབར་ཛ་དྲག་ཆེ་བའི་འཐབ་རྩོད་འོག་རང་སྲོག་ཀྱང་དོར་དགོས་ལ་ཐུག་ལ། བཙན་པོ་ཁྲི་རལ་པ་ཅན་ཡང་རྙོག་འཛིང་ཆེ་བའི་འཐབ་རྩོད་དེ་ལྟ་བུའི་འོག་“སྡིག་བློན་གསུམ་གྱིས་བཀྲོངས་སོ་”ཞེས་ལོ་རྒྱུས་དེབ་ཐེར་ནང་འཁོད།
བཞི་པ། བན་བོན་དབར་གྱི་གནས་སྟངས།
སྤྱིར་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ནང་བཙན་པོའི་དུས་སུ་བན་བོན་དབར་དུ་འགལ་བ་དང་། འཐབ་རྩོད། ཐ་ན་འཁྲུག་རྩོད་ཆེན་པོ་བྱུང་ཞེས་འཁོད་ཡོད། ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་དུས་ནས་ཆོས་དང་བོན་དབར་གྱི་འཐབ་རྩོད་མངོན་གསལ་དུ་གྱུར་ནས། དུས་རབས་བརྒྱད་པའི་སྨད་ཙམ་དུ་བན་བོན་ཕྱོགས་གཉིས་དབར་དུ་་རྩོད་པ་ཆེན་པོ་བྱུང་ཚུལ་ཡང་འཁོད།
《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་བོད་ཀྱི་ཆོས་འབྱུང་དང་དེབ་ཐེར་རྣམས་སུ། ཡབ་གཤེགས་ནས་ཁྲི་སྲོང་ལྡེ་བཙན་དགུང་ན་ཆུང་བའི་དུས། “རྒྱལ་བུ་ཆབ་སྲིད་བཞེས་མ་ཐག་ཏུ་སྐུ་ནར་མ་སོན་པས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ན་རེ། རྒྱལ་བུ་སྐུ་ཚེ་ཐུང་བ་ཆོས་བས་པའི་ལན་ཏེ་བཀྲ་མི་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད། སུ་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅས།”[9]ཞེས་པ་འཁོད། དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ཡབ་ཁྲི་ལྡེ་གཙུག་བརྟན་དང་སྲས་ཁྲི་སྲོང་དུས་སུ་བོད་དུ་ཡང་སྙིང་ནང་ཆོས་ལེན་མི་ལེན་གྱི་ཐད་རྩོད་གཞི་ཆེན་པོ་བྱུང་ནས་ཡབ་རྒྱལ་པོའང་སྐུ་སྲོག་ཤོར་བ་རེད། ལོ་རྒྱུས་དེབ་ཐེར་ལྟར་ན་དེ་ནི་བན་བོན་དབར་གྱི་འཐབ་རྩོད་ཤུགས་ཆེན་ཞིག་ཡིན་ཟེར།
ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་“དུས་དེར་བོན་པོ་དང་བོན་བློན་རྣམས་ཁ་ལོག་ནས་ཆོས་མི་བྱེད། བོན་བའོ་ཞེས་ཟེར་བས་བོ་དྷི་ས་ཏྭའི་ཞལ་ནས་རྒྱལ་ཁམས་གཅིག་ཏུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ། འོ་ཅག་རྩོད་པ་བྱས་ལ་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་དམ་པའི་ལྷ་ཆོས་བྱ་གསུངས་སོ།”[10]ཞེས་གསལ། ཕག་གི་ལོ་ལ་བན་བོན་གྱི་རྩོད་པ་དེ་བྱུང་ནས་མཐར་བོན་ཕམ་ནས་“ཕྱིན་ཆད་བོན་བགྱིད་དུ་མི་གནང་བར་ཆད།.....བོན་གྱི་དཔེ་ཀུན་ཆུ་ལ་བསྐུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན་ནོ།”[11]ལྷག་པར་དུ་བསམ་ཡས་གཙུག་ལག་ཁང་བཞེངས་རྗེས། བོན་གྱི་གནས་བབས་དང་མདུན་ལམ་ལ་སྔར་ན་མེད་པའི་འགྱུར་བ་ཆེན་པོ་བྱུང་ནས་ས་སྐྱེས་རྡོ་སྐྱེས་ཡིན་པའི་བོན་ཆོས་ཀྱི་གནས་སྟངས་ཤིན་ཏུ་དཀའ་ཚེགས་ཆེ་བར་གྱུར་ཞེས་ལོ་རྒྱུས་སྨྲ་བ་རྣམས་ནས་གླེང་།
བན་བོན་དབར་གྱི་གནས་སྟངས་དེ་རྡོ་རིང་རྣམས་སུ་ཇི་ལྟར་གསལ་མིན་ཁོ་བོས་ཉམས་ཞིབ་ཕྲན་བུ་བྱས་པར། བོད་དུ་བཙུགས་པའི་རྡོ་རིང་སྔ་ཤོས་སུ་གྲགས་པ་སྟག་སྒྲ་ཀླུ་ཁོང་གི་རྡོ་རིང་ནང་བློན་པོ་འབལ་ལྡོང་ཙབ་དང་། ལང་མྱེས་ཟིགས་ཀྱིས་བཙན་པོ་བཀྲོངས་པ་དེ་བན་བོན་དབར་གྱི་འཐབ་རྩོད་མཚོན་པ་ཞིག་ཡིན་ཟེར་ཡང་། རྡོ་རིང་ནང་ལང་འབལ་གཉིས་བཙན་པོ་དང་གློ་བ་རིང་ནས་ཟེར་བ་ལས་བོན་ཞེས་པའི་ཐ་སྙད་ཙམ་ཡང་མི་གསལ་ལ། དེ་མིན་ནང་པའི་བསྟན་པ་ཤིན་ཏུ་དར་བའི་དུས་སུ་བཙུགས་པའི་བསམ་ཡས་རྡོ་རིང་དང་། སྐར་ཆུང་རྡོ་རིང་། ཞྭ་ལྷ་ཁང་གི་རྡོ་རིང་གཉིས། ལྕང་ཕུའི་རྡོ་རིང་། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་། འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་། དེ་མིན་དབོན་ཞང་རྡོ་རིང་སོགས་སུ་“སངས་རྒྱས་ཀྱི་ཆོས་མཛད་པ་དང་།” “དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་།” “དམ་པའི་ཆོས་ཡུན་དུ་གནས་པ་དང་།”ལྟ་བུ་གསལ་བ་ལས་“བོན་”ཞེས་པ་ཐ་སྙད་ཙམ་ཡང་མི་གསལ་བ་དེ་འདྲ་ཡ་མཚན་དགོས་པ་དང་། བཙན་པོའི་དུས་ཀྱི་བན་བོན་དབར་གྱི་འབྲེལ་བ་དེར་བརྟག་དཔྱད་དང་བསམ་གཞིགས་བསྐྱར་མ་ཞིག་བྱེད་དགོས་པ་འདུག་སྙམ།
མཇུག་བསྡུའི་གཏམ།
ང་ཚོས་རྡོ་རིང་ཡི་གེ་དེ་དག་གི་ནང་དོན་བརྒྱུད་ནས་བཙན་པོའི་དུས་ཀྱི་བོད་ཀྱི་ཆོས་ལུགས་ཀྱི་རྩ་བའི་གནས་སྟངས་སམ་འཕེལ་ཕྱོགས་ཇི་ལྟར་ཡིན་མིན་དང་། ཆོས་ལུགས་འཕེལ་རིམ་གྱི་ཁྱད་ཆོས་སམ་ལམ་བུ་ཇི་འདྲ་ཡིན་མིན། ལོ་རྒྱུས་དུས་མཚམས་སོ་སོར་ཆོས་ལུགས་ལ་འགྱུར་བ་གང་འདྲ་བྱུང་མིན། དེ་ཡོང་དགོས་པའི་རྒྱུ་རྐྱེན་ནམ་རྒྱབ་ལྗོངས་གང་ཡིན་པ། ལོ་རྒྱུས་མི་སྣས་དེའི་ཐད་ལ་ཐོན་པའི་ནུས་པ་ཅི་ཡོད་པ།བཙན་པོའི་དུས་ཀྱི་ཆོས་སྲིད་ཀྱི་འབྲེལ་བ་སོགས་ལོ་རྒྱུས་ཀྱི་གནད་དོན་དང་ཆོས་ལུགས་ཀྱི་གནད་དོན་དུ་མ་ཞིག་སྤྱིར་ཁུངས་བཙན་ཞིང་ཡིད་རྟོན་རུང་བའི་རྩ་ཆེའི་རྡོ་རིང་གི་ཡིག་ཆ་དེ་དག་གི་ནང་དོན་དང་ཐ་ན་ཚིག་སེང་ལས་གསལ་བར་རྟོགས་ཐུབ་པས། རྡོ་རིང་དེ་དག་ལ་མུ་མཐུད་ཉམས་ཞིབ་དང་དཔྱད་དཔྱོད་བྱུང་ན། བཙན་པོའི་དུས་ཀྱི་ཆོས་ལུགས་ཀྱི་ཞིབ་འཇུག་དང་། ཤེས་རིག་ཞིབ་འཇུག ལོ་རྒྱུས་ཞིབ་འཇུག་ཐད་ཤིན་ཏུ་ཕན་དགེ་ཆེ་བ་ཞིག་ཐོན་ཐུབ་སྙམ།
མཆན་འགྲེལ།
[1]སྤྱིར་དཔྱད་རྩོམ་འདིའི་རྡོ་རིང་གི་མ་ཡིག་ངོ་བཤུས་རྣམས་སྐུ་ཞབས་ལྦང་ཡའོ་ལགས་ཀྱིས་བསྒྲིགས་པའི་བཙན་པོའི་དུས་ཀྱི་ཅོང་དང་རྡོ་རིང་ཡི་གེ་བཀོད་པ། (吐蕃金石录) [M]ཞེས་པ་ལས་དྲངས། པེ་ཅིང་རིག་དངོས་དཔེ་སྐྲུན་ཁང་། 1982ལོ།
[2]དབུ་སྟོད་ཞྭ་ལྷ་ཁང་རྡོ་རིང་གི་ཡི་གེ་ངོ་བཤུས།
[3]སྤྱི་ལོ797དང་798ལོ།
[4]ལྷག་པར་དུ་ཐང་བོད་གཉིས་ཀྱི་འབྲེལ་ལམ་ཟབ་པར་གྱུར་ཚུལ་ཐད།བཙན་པོ་འདིས་རྣམ་པར་མི་རྟོག་པ་སོགས་ཆོས་ལུགས་མི་སྣས་གཙོ་བྱས་པའི་ཕོ་ཉ་54རྒྱ་ཕྱོགས་སུ་རྫངས་ཞེས་རྒྱ་ཡིག་ལོ་རྒྱུས་ཡིག་རྙིང་ན་གསལ།
[5]རྡོ་རིང་གི་ཡིག་ཕྲེང་22-23“ལྷ་འཕྲུལ་གྱི་ཞ་སྔ་ནས་མ (ངའ་ཐང་)ཕྱོགས་བརྒྱད་དུ་བཀའ་བརྩན་ཆབ་སྲྀད་ཆེ་སྟེ་ཕྱོགས་བཞིར་།”
[6]རྡོ་རིང་གི་ཡིག་ཕྲེང་17-18
[7]དབོན་ཞང་རྡོ་རིང་གི་བྱང་ངོས་སུ་ཆིངས་འགྲིག་མཇལ་འདུམ་ལ་བཞུགས་མཁན་བོད་ཀྱི་བློན་པོ་བཅུ་བདུན་གྱི་མཚན་དང་གོ་གནས་ཐོབ་ཐང་སོགས་རྒྱ་བོད་ཤན་སྦྱར་དུ་བརྐོས་ཡོད།
[8]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M]སྟོད་ཆ། མི་རིགས་དཔེ་སྐྲུན་ཁང། 1985ལོ། ཤ142
[9]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M]སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ303
[10]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M] སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ332
[11]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M]སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ332