༄༅།།བོད་རྒྱ་ལོ་ཙཱའི་ཐབས་ལམ་ལས་དོན་སྒྱུར་གྱི་སྐོར་རོབ་ཙམ་གླེང་བ།
རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 03-19
རྟ་མགྲིན་རྡོ་རྗེ།
[གནད་བཏུས] དཔྱད་རྩོམ་འདིར་བོད་རྒྱ་ལོ་ཙཱའི་ཐབས་ལམ་ལས་དོན་སྒྱུར་གྱི་ཐད་ནས་དབྱེ་བའི་ཐབས་བརྒྱད་རེ་རེ་དཔེར་བརྗོད་དང་བཅས་གསལ་བོར་བརྗོད་ཡོད།
[གནད་ཚིག] ལོ་ཙཱ། དོན་སྒྱུར། ཐབས་བརྒྱད།
ལོ་ཙཱའི་དགོངས་དོན་ནི་བསྒྱུར་བྱ་མ་ཡིག་གི་སྙིང་དོན་སྒྱུར་བྱེད་བུ་ཡིག་ཏུ་ཕབ་སྒྱུར་བྱེད་རྒྱུ་དེ་ཡིན་པས། དོན་སྒྱུར་ནི་ཡིག་སྒྱུར་གྱི་བྱེད་ཐབས་གཙོ་བོའམ་མཐར་གཏུགས་ཀྱི་དམིགས་ཡུལ་ཡིན་པ་ལྟ་ཅི་སྨོས། དེ་བས་མ་ཡིག་གི་དགོངས་དོན་དང་མི་འགལ་བར་འགྱུར་ཡིག་ཏུ་ཕབ་རྒྱུ་ནི་འགྱུར་ཡིག་ལེགས་མིན་གྱི་ཚད་གཞི་ཉག་ཅིག་ཏུ་བཞག་ཡོད། དེས་ན་ཅི་འདྲ་ཞིག་ལ་དོན་སྒྱུར་ཟེར་རམ་ཞེ་ན། 《སྐད་གཉིས་སྨྲ་བའི་སྒྲོན་མེ》ལས“དོན་སྒྱུར་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་བསམ་བློའི་འཁྱེར་སོ་སོགས་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་མིང་གི་གྲུབ་ཚུལ་དང་སྦྱོར་ལུགས་རྣམས་སྒྱུར་བྱེད་ཀྱི་སྐད་ལ་མཚོན་དོན་གྱི་སྒོ་ནས་གཙོ་བོ་བསྒྱུར་པ་ལ་བྱ་སྟེ། གཙོ་བོ་སྒྱུར་བྱེད་ཀྱི་སྐད་ཆའི་སྦྱོར་ལུགས་དང་ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་བསྟུན་ཏེ་ཚིག་ལ་སྣོན་འཕྲི་དང་བསྣོར་སྒྱུར་སོགས་ཅི་བདེར་བྱས་ཆོག”① ཅེས་བརྗོད་པ་དང་། 《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན》དུ“ཚིག་གི་ངོས་ཙམ་ལ་མི་བལྟ་བར་གཏིང་རིམ་པའི་ནང་དོན་འདྲ་མཚུངས་ཡོང་བར་བྱེད་པ་སྟེ། མ་ཡིག་དང་འགྱུར་ཡིག་རིགས་གཉིས་ཀྱི་ཚིག་གི་དངོས་ཀྱི་བསྟན་དོན་དང་རྣམ་པ་གཙོ་བོར་མི་འཛིན་པར་ཤུགས་ཀྱི་བསྟན་དོན་དང་བརྗོད་བྱའི་སྙིང་པོ་འདྲ་མཚུངས་ཡོང་བར་བྱེད་པ་ཡིན”②ཞེས་བཀོད་འདུག 《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》དུ“ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ”③ཞེས་མཚན་ཉིད་བཀོད་འདུག་པ་དང་།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྒན་འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ཀྱིས“བསྒྱུར་བྱ་གང་དེའི་ཕྱི་རྣམ་པ་བརྟོལ་ནས་བརྗོད་བྱའི་ནང་དོན་ལྟར་བསྒྱུར་བ་སྟེ། མ་ཡིག་གི་ཚིག་རིས་ཀྱི་བསྟན་དོན་དང་གྲུབ་སྟངས་ལ་མི་བལྟ་བར་བརྗོད་དོན་ཧྲིལ་པོར་གཞིགས་ནས། གོ་རིམ་དང་དངོས་བསྟན་སོགས་དཀྲུགས་སྡེབ་ཡོད་པའི་ངང་ནས་བསྒྱུར་བ་ལ་ཟེར”④ཞེས་བརྗོད་ཡོད། གོང་དུ་བཀོད་པའི་མཚན་ཉིད་དག་ལས་དོན་སྒྱུར་ཞེས་པ་ནི་བསྒྱུར་བྱའི་སྐད་ཀྱི་ཕྱིའི་རྣམ་པ་གཏོར་ནས་གཏིང་རིམ་པའི་ནང་དོན་སྒྱུར་བྱེད་སྐད་ཀྱི་ལུགས་དང་བསྟུན་ནས་བསྒྱུར་བའི་ཐབས་ཤེས་ཤིག་ལ་གོ་བ་རྟོགས་སླ་ཞིང་།ལྷག་པར་དུ་སྐད་ཁུངས་དང་དད་མོས་མི་འདྲ་བའི་རིག་གནས་ཕན་ཚུན་བརྗེ་རེས་བྱེད་སྐབས། མི་རིགས་སོ་སོའི་འདུ་ཤེས་འཛིན་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས། ཆ་མཚུངས་སུ་བསྒྱུར་མི་ཐུབ་པའི་སྐབས་སུ་ཤིན་ཏུ་བྲིན་པའི་ཐབས་ཤེས་ཤིག་ཡིན། དོན་སྒྱུར་གྱི་ཐབས་འདི་ལའང་མིང་བརྡའི་དོན་སྒྱུར་བྱེད་ཐབས་དང་བརྗོད་པའི་དོན་སྒྱུར་བྱེད་ཐབས་ཞེས་རིགས་གཉིས་སུ་དབྱེ་ཆོག་ཅིང་། མིང་བརྡའི་དོན་སྒྱུར་བྱེད་ཐབས་ལ་བཙལ་བཟོ་བརྗེ་གསུམ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ཆོག་པ་དང་། བརྗོད་པའི་དོན་སྒྱུར་བྱེད་ཐབས་ལ་སྒྱུར་བྱེད་སྐད་ཀྱི་ལུགས་དང་བསྟུན་ནས་བྱེ་བྲག་གི་ཐབས་ཤེས་བརྒྱད་དུ་དབྱེ་ཆོག་པར་འདོད་དེ། འདིར་ཐབས་བརྒྱད་པོ་རེ་རེ་བཞིན་བརྗོད་པར་བྱའོ། །
༡. སྣོན་སྒྱུར།
སྤྱིར་བོད་རྒྱ་མི་རིགས་གཉིས་ཀྱི་འདུ་ཤེས་འཛིན་སྟངས་དང་མཛེས་དཔྱོད་ལྟ་བ་སོགས་མི་འདྲ་བ་དང་།སྐད་རིགས་གཉིས་ཀྱི་བརྡ་སྤྲོད་ལུགས་ཀྱང་མི་མཐུན་པས། བསྒྱུར་བྱ་མ་ཡིག་གི་མཚོན་དོན་གསལ་པོར་སྟོན་ཕྱིར། སྒྱུར་བྱེད་བུ་ཡིག་ཏུ་ཚིག་ཟུར་འགའ་རེ་གསར་དུ་བསྣན་ཏེ་བསྒྱུར་དགོས་པའང་ཡོད། བུ་ཡིག་གི་ཚིག་དོན་འབྲེལ་ཆགས་ཤིང་བརྗོད་པ་བདེ་ཕྱིར། མ་ཡིག་གི་བསྟན་དོན་མི་འགྱུར་བའི་ཆ་རྐྱེན་འོག ཚིག་ཟུར་འགའ་རེ་བསྣན་པའི་ཐབས་འདི་ལ་སྣོན་སྒྱུར་ཞེས་བྱ་སྟེ། དཔེར་ན། 《གེ་སར》ལས“རྗེ་རྒྱལ་པོ་ཟླ་བ་དོན་གྲུབ་ལ། །བློན་སྟག་གཟིག་འདྲ་བ་མང་ལེ་ཡོད། །”ཅེས་པའི་ཚིག་ཕྱི་མ་དེ་རྒྱ་ཡིག་ཏུ་སྒྱུར་སྐབས།“聚集着不少像虎豹一样的忠义贤臣”ཞེས་མ་ཡིག་གི་ཤུགས་སུ་བསྟན་པའི་རྒྱལ་པོ་ཟླ་བདོན་གྲུབ་ཀྱི་དཔའ་ངར་ཆེ་ཞིང་།བློ་སྤོབས་ལྡན་པ། རྗེ་ལ་དཀར་བའི་བློན་པའི་ཡོན་ཏན་བརྗོད་པར“忠义贤臣”ཞེས་གསལ་བཤད་ཀྱི་ཚིག་ཅིག་མ་བསྣན་ཚེ་མ་ཡིག་གི་བསྟན་དོན་ཡང་དག་པར་སྟོན་མི་ཐུབ་པ་ལྟ་བུའོ། ། ཡང་བོད་མིའི་གཏམ་དཔེ་ལ“ཐུགས་མ་ཁྲོས་ཚངས་པ་དཀར་པོ་འདྲ། །ཐུགས་ཁྲོས་ན་རྟ་མགྲིན་དམར་པོ་འདྲ། །”ཞེས་ནང་སེམས་ཀྱི་འགྱུར་བ་དང་ཕྱི་ལུས་ཀྱི་རྣམ་འགྱུར་མི་འདྲ་བ་གཉིས་ལྷ་ཚངས་པ་དང་རྟ་མགྲིན་གཉིས་ལ་སྦྱར་ནས་སྟོན་པའི་དཔེ་རྒྱན་གྱི་ཉམས་དང་། དཀར་དམར་གཉིས་ལས་ཞི་དྲག་གི་རང་བཞིན་མཚོན་པའི་འདུ་ཤེས་མཚོན་སྟངས་འདིའི་རིགས་ཇི་ལྟ་བུ་རྒྱ་ཡིག་ཏུ་བསྒྱུར་ཚེ། གོ་བ་ཅི་ཡང་མེད་པར་འགྱུར་སྲིད་པས།“高兴时就像白仓巴,笑逐颜开乐呵呵,愤怒时就像红丹正,怒目斜视叫喳喳。”⑤ཞེས་འགྲེལ་བཤད་ཀྱི་ཚུལ་དུ་མ་ཡིག་གི་ཤུགས་སུ་བསྟན་པའི་ཚིག་རྐང་གཉིས་ཟུར་དུ་བསྣན་པ་སོགས་ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་དུ་སྣོན་སྒྱུར་གྱི་ཐབས་གང་ལ་གང་འཚམ་གྱིས་སྤྱོད་པ་ཧ་ཅང་མང་པོ་ཡོད། གཞན་ཡང་ཆོས་རྗེ་ས་པཎ་ལགས་ཀྱིས《མཁས་འཇུག》ཏུ།“འགའ་ཞིག་དོགས་པ་བཟློག་པའི་ཕྱིར། །རྣམ་གྲངས་ཟློས་པར་བཤད་ན་ཡང་། །དེ་དག་སྐྱོན་དུ་མི་གཟུང་སྟེ། ། དགོས་པ་མཐོང་ནས་བཤད་ཕྱིར་རོ། །”ཞེས་པའམ“འགའ་ཞིག་གུས་པ་བསྐྱེད་པའི་ཕྱིར། །བཟླས་བའི་ཚིག་དོན་སྦྱོར་བར་བྱེད། །”ཅེས“ཟློས་སྒྱུར”གྱི་ཐབས་ཤིག་གསར་དུ་བསྣན་འདུག་པ་དང་།ཁོ་བོས་སེམས་པར་འདིའང་སྣོན་སྒྱུར་གྱི་ནང་གསེས་ཁྱད་པར་ཅན་ཞིག་ཏུ་བསྡུས་ཆོག་པར་འདོད་ལ། ཡང་ལ་ལས“འགའ་ཞིག་བོད་ལ་གོ་བདེའི་ཕྱིར། ། ལེགས་པར་སྦྱར་ལ་མེད་ན་ཡང་། ། ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། ། དེ་ལ་མཁས་པའི་བཤད་མི་དགོས། །”ཞེས་གསུངས་པའི་བརྗོད་དོན་གཞི་གཅིག་ཏུ་བསྡུས་ཏེ“ལྷག་སྒྱུར”ཞེས་བརྗོད་པ་དང་།“འདི་ནི་སྒྲ་སྦྱོར་བམ་གཉིས་སུ་བསྟན་པའི་སྣོན་སྒྱུར་ཞེས་པ་སྟེ་མ་ཡིག་གི་ཚིག་ཟིན་ལ་དངོས་སུ་མ་བསྟན་པར་ཤུགས་ལ་གོ་རྒྱུ་ཡོད་པའི་དོན་འགའ་ཞིག་བུ་ཡིག་ནང་ཁ་གསལ་གོ་བདེ་ཡོང་ཆེད་ཚིག་ཟུར་འགའ་བསྣན་ནས་བསྒྱུར་བའི་ཐབས་ཤིག་ལ་བརྗོད་དོ”⑥ཞེས་སྔར་ཡོད་ཀྱི་སྣོན་སྒྱུར་དང་དོན་གཅིག་མིང་གི་རྣམ་གྲངས་སུ་ངོས་འཛིན་པའི་ཐ་སྙད་ཅིག་གསར་དུ་བསྣན་པ་དང་། 《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན》དུའང“འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་ཡིག་ལ་ཚིག་ལྷག་ཧ་ཅང་མང་པས་དོན་གྱི་ཆ་སྒྲིབ་པ་ལྟ་བུ་ཡང་མང་དུ་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག་པ་ནི་བསྡུས་སྒྱུར་དང་། སྐབས་འགར་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུ་ཡང་ཡོད་ལ། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོ་མ་སོང་བའི་སྐད་ཟུར་བསྣན་ནས་བསྒྱུར་བར་བྱ་བ་ནི་ལྷུག་སྒྱུར་ཡིན”⑦ཞེས་སྔར་ཡོད་སྣོན་སྒྱུར་དང་འཕྲི་སྒྱུར་གཉིས་ཀྱི་དོད་དུ་སླར་ཡང་བརྡ་གསར་གཉིས་སྦྱོར་བ་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་མཐོང་།
༢. འཕྲི་སྒྱུར།
འཕྲི་སྒྱུར་ཞེས་པ་ནི་མ་ཡིག་གི་བརྗོད་དོན་ཇི་བཞིན་མཚོན་པའི་ཆ་རྐྱེན་འོག་ཏུ། བུ་ཡིག་གི་བརྡ་སྤྲོད་ལུགས་དང་། ཚིག་སྦྱོར་སྤེལ་ལུགས་ཀྱི་གོམས་སྲོལ་ལྟར་མ་ཡིག་ཁྲོད་ཀྱི་ཚིག་ཐུང་ཁ་ཤས་དོར་ཏེ་ལོ་ཙཱ་བྱ་ཐབས་ལ་ཟེར་བ་སྟེ། དཔེར་ན། མ་ཡིག“南美火蚁呈火红色,有翅、能习、剧毒、善长自卫性的攻击,不论是人是兽、是虫是鸟、一旦使其巢穴受到惊扰,必群起而攻,把来犯者置于死地”ཞེས་པ་ནི་བུ་ཡིག་ཏུ“མེ་གླིང་ལྷོ་མའི་མེ་གྲོག་ནི་ལུས་པོ་མེ་ལྟར་དམར་ཞིང་གཤོག་པ་ཡོད་པ། འཕུར་རྩལ་ལྡན་ཞིང་དུག་ཁ་བཙན་པ་ཞིག་ཡིན་ལ། མི་དང་གཅན་གཟན་ཡིན་ན་འདྲ། བྱ་དང་འབུ་སྲིན་ཡིན་ན་འདྲ། གལ་སྲིད་སྲོག་ལྡན་གང་ཞིག་དེ་ཡི་ཚང་སྒོར་སླེབས་ཏེ་འཇིགས་སྣང་སྐུལ་ན། དེ་ཡོད་ཐམས་ཅད་ཀྱིས་ཡ་ལན་སྤྲད་དེ། ཚུར་རྒོལ་བྱེད་མཁན་དམར་གསོད་བྱེད་ངེས་ཡིན”ཞེས“善长自卫性的攻击”ཞེས་པ་འཕྲི་ནས་ལོ་ཙཱ་བྱེད་པ་ཡིན། འགྱུར་ཡིག་གི་སྐད་ཆའི་བརྗོད་ལུགས་ལྟར་ཟློས་སྐྱོན་འགོག་པའི་ཕྱིར། མ་ཡིག་ཁྲོད་ཀྱི་ཚིག་ཟུར་རེ་ཟུང་དོར་ནའང་། མ་ཡིག་གི་བརྗོད་དོན་གསལ་པོར་བསྟན་ཡོད་པས། སྐད་རིགས་ཕན་ཚུན་ལོ་ཙཱ་བྱེད་སྐབས་འཕྲི་སྒྱུར་གྱི་ཐབས་འདིའང་གནད་དུ་སྨིན་པར་འདོད། ཡིན་ནའང་། འཕྲི་སྒྱུར་ཀྱི་སྐབས་འགྱུར་མའི་ཚིག་རྫོབ་དང་ཟློས་སྐྱོན་འགོག་པའི་ཕྱིར། མ་ཡིག་ཁྲོད་ཀྱི་ཚིག་ལྷག་དང་གལ་མི་ཆེ་བའི་ཚིག་ཟུར་རེ་ཟུང་འཕྲི་བ་ལས། མ་ཡིག་གི་བསྟན་དོན་འཕྲི་མི་ཆོག་པས། རྗོད་བྱེད་ཚིག་གི་རྣམ་པ་འཕྲིའང་བརྗོད་བྱའི་དོན་གྱི་སྙིང་པོ་འཛོམས་དགོས་པ་ནི་འཕྲི་སྒྱུར་གྱིི་རྩ་དོན་ཡིན་པ་ཡིད་ལ་འཇོག་དགོས།
༣. ཐད་སྒྱུར།
དེ་ཡང《སྒྲ་སྦྱོར་བམ་པོ་གཉིས་པར》“དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམས་ལས་མི་བསྣོར་བར་བོད་ཀྱི་སྐད་དུ་སྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག”ཅེས་གསུངས་པ་བཞིན་བསྒྱུར་བྱའི་མ་ཡིག་གི་དོན་དང་མི་འགལ་བའི་ཆ་རྐྱེན་འོག མ་ཡིག་གི་ཚིག་གི་གྲུབ་སྟངས་དང་བརྗོད་པའི་འདྲེན་ལུགས་སོགས་གོ་རིམ་ཇི་བཞིན་བུ་ཡིག་ཏུ་ཐད་ཀར་ཕབ་སྒྱུར་བྱེད་པ་ལ་ཐད་སྒྱུར་ཟེར་ཞིང་། སྤྱིར་མི་རིགས་སོ་སོའི་འཚོ་སྡོད་ཀྱི་ཁོར་ཡིག་དང་། བསམ་བློའི་འཁྱེར་སོ། ཆོས་ལུགས་དད་མོས། འདུ་ཤེས་འཛིན་སྟངས་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས། བརྗོད་དོན་ཡོངས་རྫོགས་ཚིག་དོན་སྔ་ཕྱི་གོ་རིམ་ཇི་བཞིན་ཐད་སྒྱུར་བྱེད་རྒྱུ་ནི་སྟོང་བསམ་ཁོ་ན་ཡིན་མོད། འོན་ཀྱང་ཐམས་ཅད་མིའི་རིགས་ཀྱི་སྐད་ཡིག་ཡིན་པས། རིག་གནས་སོ་སོའི་བར་ལ་ཕྱོགས་མཚུངས་ཀྱི་ཆ་རེ་ཡོད་པའང་བསྙོན་དུ་མེད། དེ་བས་མཐུན་ཆོས་དེའི་རིགས་སྒྱུར་སྐབས་ཐད་སྒྱུར་གྱི་བྱེད་ཐབས་འདི་བཀོལ་ཆོག་པ་སྟེ། དཔེར་ན། 《ས་སྐྱ་ལེགས་བཤད》ལས།“མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། ། རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །”ཅེས་པར“智者是学问的宝藏,他们拥有智慧格言:大海是江河的归宿,百川都会奔向大海。”⑧ཞེས་པ་དང་། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས“ཟོལ་ཟོག་འཁྱོག་ཚིག་གནམ་རུའི་རང་དབང་དུ། ། མ་གྱུར་རྣམ་དག་སེམས་ཀྱི་རྒྱུད་བཀུག་ནས། །དྲང་བོར་གསུངས་པའི་ཚིག་གི་ཉག་ཕྲན་འདི། ། རེ་ཞིག་བློ་ལྡན་ཡིད་ཀྱི་ཐིག་ལེར་ཟུངས། །”⑨ཞེས་པར་ཚིག་རྒྱན་སྦྱོར་ཚུལ་དང་། དཔེ་དོན་སྦྱོར་ལུགས། ཚིག་དོན་གོ་རིམ་སོགས་དྲང་ཐད་དུ་བསྒྱུར་བ་འདི་ལྟར།“不用谎天言弓射出骗人之箭,而拉开秉性忠直的热烈心弦,射出那直言不讳的语言利箭,请把它插进你的智慧的心田!”⑩ཞེས་པར་ཡང་ཚིག་དོན་མཚུངས་ཞིང་གསོན་ཉམས་ལྡན་པ་སོགས་མ་ཡིག་གི་ཚིག་མང་སྦྲེལ་ལུགས་བུ་ཡིག་དང་ཆ་འདྲ་བའི་སྐབས་སུ། མ་ཡིག་གི་ཚིག་དོན་གོ་རིམ་ལྟར་བསྒྱུར་བའང་བརྗོད་བྱ་འབྲེལ་ཆགས་ཤིང་རྗོད་བྱེད་གོ་རིམ་གསལ་བ་སོགས་ཀྱི་དགེ་མཚན་མང་པོ་ཡོད་པ་ཡིན།
༤. བསྣོར་སྒྱུར།(ཐད་ལོག་སྒྱུར།)
དེ་ཡང《སྒྲ་སྦྱོར་བམ་པོ་གཉིས་པར》“……བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཅིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་ནང་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དོན་གཉི་ག་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག”ཅེས་གསུངས་པ་དང་། རྒྱ་བོད་སྐད་ཡིག་གཉིས་ཀྱི་བརྡ་སྤྲོད་ལུགས་མི་མཐུན་པས། ལོ་ཙཱའི་ཁྲོད་དུ་འགྱུར་མའི་སྐད་ཀྱི་ལུགས་ལ་གཞིགས་ཏེ། བརྗོད་པའི་གོ་རིམ་ལ་བསྣོར་བསྡེབས་གང་ལེགས་བྱེད་དགོས་པ་སྟེ། དཔེར་ན། དཔལ་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང《འབྲོང་སྟག་ཐང》ལས“དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་ཚན་རིག་གི་ཤེས་བྱ་ཡོད་པས། ངག་རྒྱུན་དེ་ལ་དཀའ་ཐུབ་རྒྱལ་ཡིད་མི་ཆེས་མོད”ཅེས་པར་རྒྱ་ཡིག་ཏུ“嘎突加是一个唯物主义者,也具备一定的科学知识,所以他不相信这则传说。”ཞེས་བསྒྱུར་འདུག་པ་དང། བརྩམས་སྒྲུང《紫青稞》ཞེས་པ་ལས“阿妈曲宗没有感到奇怪,在次桑还没有结婚时,两人还经常睡在一个被窝里”ཞེས་པར“ཚེ་བཟང་གཉེན་སྒྲིག་མ་བྱས་གོང་། ཁོ་གཉིས་རྟག་པར་མལ་ས་གཅིག་ནང་མཉམ་དུ་ཉལ་གྱི་ཡོད་སྟབས། ཨ་མ་ཆོས་འཛོམས་མཚར་སྣང་མ་བྱུང་བ་རེད”ཅེས་འགྱུར་མའི་བརྗོད་དོན་གསལ་པོར་མཚོན་ཆེད། མ་ཡིག་གི་ཚིག་དོན་གོ་རིམ་བསྣོར་ནས་བསྒྱུར་འདུག་པ་ལྟ་བུ། འགྱུར་མའི་སྐད་ཆའི་གོམས་སྲོལ་ལ་གཞིགས་ནས་མ་ཡིག་གི་སྐད་ཀྱི་གོ་རིམ་དཀྲིགས་ཏེ་བསྣོར་སྒྱུར་བྱེད་པ་སྟེ། འདི་ནི་ཡིག་སྒྱུར་ལག་ལེན་ཁྲོད་དུ་སྤྱོད་སྒོ་ཤིན་ཏུ་ཡངས་པ་དང་། ལྷག་དོན་རྒྱ་བོད་ཡིག་སྒྱུར་ཁྲོད་དུ་ནམ་རྒྱུན་སྤྱོད་པའི་ཐབས་ལམ་ཞིག་ཡིན། གོང་དུ་བསྟན་པའི་སྒྱུར་ཐབས་བཞི་པོ་ནི་ཆོས་རྗེ་ས་པཎ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱི་ཡིག་སྒྱུར་དགོངས་དོན་དུ་གསལ་པོར་བསྟན་ཡོད་མོད། འདིར་རྒྱ་བོད་ལོ་ཙཱའི་ལག་ལེན་དངོས་ལ་གཞིགས་ནས་ས་བཅད་མ་སྟོང་བའི་ཚུལ་དུ་དཔེ་མཚོན་ཙམ་བཀོད་པ་ཡིན།
༥. བགོ་སྒྱུར།
བགོ་སྒྱུར་ཞེས་པ་ནི་མ་ཡིག་གི་ཚིག་སྦྱོར་སྤེལ་ལུགས་དེ་འགྱུར་ཡིག་གི་ལུགས་དང་མཐུན་ཆེད། མ་ཡིག་ཁྲོད་ཀྱི་བརྗོད་པ་རེ་གཉིས་དུམ་བུར་བགོས་ནས་འགྱུར་མའི་སྐད་ཀྱི་ལུགས་ལྟར་བསྐྱར་སྒྲིག་བྱེད་པའི་སྒྱུར་ཐབས་དེ་ལ་བྱ་སྟེ། དཔེར་ན། 《འབྲོང་སྟག་ཐང》ལས“རྩྭ་ཐང་གི་མཚན་མོའི་མཁའ་དབུགས་གྲང་ཞིང་བསིལ་བ་དེ་བརྔུབས་མ་ཐག་ངལ་དུབ་ཀྱང་སོས་པའི་སྣང་བ་ཞིག་ཤར”ཞེས་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ་དཀའ་ཐུབ་རྒྱལ་གྱི་ཚོར་སྣང་བརྗོད་པའི་ཚིག་གཅིག་པོ་འདི་རྒྱ་ཡིག་ཏུ་ཚིག་ཐུང་གསུམ་དུ་བགོས་ནས་བསྒྱུར་ཡོད་པ་སྟེ།“草原夜晚的空气清冷又纯净,只要深吸一口,感觉浑身就轻松了许多。”ཞེས་བསྒྱུར་འདུག་པ་དང་། འདི་ལྟར་བསྒྱུར་བའི་དགེ་མཚན་ནི་འགྱུར་མའི་སྐད་ལུགས་དང་མཐུན་པ་མ་ཟད། མ་ཡིག་གི་བརྗོད་དོན་ཀྱང་གསལ་པོར་མཚོན་ཡོད་ལ། ཚིག་དོན་སྔ་ཕྱིའི་གོ་རིམ་དང་། བརྩམས་སྒྲུང་ཁྲོད་ཀྱི་ཁོར་ཡུག མི་སྣའི་སྐབས་བབ་ཀྱི་སེམས་ཁམས་སོགས་འགྱུར་ཡིག་ཀློག་པ་པོར་གསལ་པོར་ངོ་སྤྲོད་ཐུབ་པ་ཡིན།དེ་ལྟར་འགྱུར་མའི་བསྟན་དོན་གསལ་བར་བྱེད་ཆེད། མ་ཡིག་གི་བརྗོད་པ་གཅིག་བུ་ཡིག་ཏུ་དུམ་བུ་འགར་བགོ་བ་མ་ཟད། མ་ཡིག་གི་ཚིག་དངོས་སུ་མེད་པའི་ཚིག་ཟུར་གཉིས་གསར་དུ་བསྣན་ཏེ་བསྒྱུར་བ་སོགས་ཧ་ཅང་མང་པོ་ཡོད་མོད། འདིར་ཚིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །
༦. སྡུད་སྒྱུར།
འགྱུར་མའི་བརྡ་སྤྲོད་གོམས་སྲོལ་དང་ཚིག་སྦྱོར་སྤེལ་ལུགས་ལ་གཞིགས་ནས། སྐབས་རེར་མ་ཡིག་ཁྲོད་ཀྱི་ཚིག་དོན་རེ་གཉིས་གཞི་གཅིག་ཏུ་བསྡུས་ཏེ་བསྒྱུར་དགོས་པའང་ཡོད་ལ། སྒྱུར་ཐབས་འདིའི་རིགས་ལ་སྡུད་སྒྱུར་ཟེར། འདི་ལའང་བརྗོད་བྱའི་དོན་གྱི་ཆ་ནས་སྡུད་པ་དང་། རྗོད་བྱེད་ཚིག་གི་ཆ་ནས་སྡུད་པ་ཞེས་རིགས་གཉིས་སུ་དབྱེ་ཆོག་པར་འདོད་པ་སྟེ། སྔ་མ་ནི་དཔེར་ན《གཙུག་གཡུ》ལས།“ཡེ་ཤེས་མཁའ་འགྲོ་དང་དཔལ་ལྡན་གཉིས་ཉིན་ལྟར་སྐུ་ངོ་མདའ་དཔོན་གྱི་གཟིམ་ཤག་ནས་ཕྱིར་ལོག་དུས་བདེ་སྐྱིད་ནི་སྐབས་རེ་སྒོ་འགྲམ་དུ་སྒུག་སྡོད་པ་དང་། དུས་སྐབས་མང་ཆེ་བར་དཔལ་ལྡན་གྱི་ཁྱིམ་དུ་ཨ་ཕ་ཕུན་ཚོགས་ལ་ནད་གཡོག་བྱེད་པའམ། ཡང་ན་ཐུག་པ་སྐོལ་བ། ཡང་ན་གད་ཕྱིས་བྱེད་པ་སོགས་གང་ལྟར་རོགས་པ་གང་ཐུབ་ཅི་ཐུབ་བྱེད་ནས་སྡོད་ཀྱི་ཡོད་པ་རེད”ཅེས་པར“每当班旦和益西康珠从代本府回家时,德吉时常在院子门口等着他回来,但更多的时候,她是在草棚里服待啊巴平措”ཞེས་བསྒྱུར་པར་མཚོན་ན། མ་ཡིག་ཁྲོད་ཀྱི་ནད་གཡོག་བྱེད་པའམ། ཡང་ན་ཐུག་པ་སྐོལ་བ། ཡང་ན་གད་ཕྱིས་བྱེད་པ་སོགས་རོགས་རམ་བྱེད་པའི་ལས་ཀའི་རྣམ་གྲངས་དག“服待”ཞེས་འགྱུར་མའི་ལུགས་ལྟར་གཞི་གཅིག་ཏུ་བསྡུས་ཏེ་བསྒྱུར་ཡོད་ནའང་།མ་ཡིག་གི་དོན་སྟོན་པར་གནོད་པ་ཅི་ཡང་མེད་པ་དང་། ཕྱི་མ་རྗོད་བྱེད་ཚིག་གི་ཆ་ནས་སྡུད་པའང་བརྩམས་སྒྲུང་དེ་ལས།“好像在听母亲讲,又好像没在听母亲讲”ཞེས་པར“ཨ་མས་བཤད་པར་ཉན་གྱི་ཡོད་པ་འདྲ་ལ་མེད་པའང་འདྲ”ཞེས་ཚིག་དོན་སྔ་ཕྱི་གཅིག་ཏུ་སྡུད་པ་ལྟ་བུ་དང་། ཡང་ཚིག་དོན་སྔ་ཕྱི་གཞི་གཅིག་ཏུ་བསྡུས་ཏེ་བསྒྱུར་བ་སོགས་ཤིན་ཏུ་མང་།
༧. བརྗེ་སྒྱུར།
མི་རིགས་སོ་སོའི་བསམ་བློའི་འདུ་ཤེས་དང་ཆོས་ལུགས་དད་མོས། འཚོ་སྡོད་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བས། སྐབས་རེར་མ་ཡིག་གི་བརྗོད་དོན་ཇི་ལྟ་བུ་འགྱུར་མར་མཚོན་ཐབས་བྲལ་བ་དང་། མ་ཡིག་དང་བསྟུན་ན་བུ་ཡིག་ཏུ་གོ་དཀའ་བའམ་ཡང་ན་གོ་བ་ཅི་ཡང་མེད་པར་འགྱུར་སྲིད་པས། མ་ཡིག་གི་བརྗོད་དོན་དང་མི་འགལ་བའི་ཆ་རྐྱེན་འོག བུ་ཡིག་གི་ལུགས་དང་བསྟུན་ནས་རྣམ་པ་གཞན་ཞིག་ཏུ་དོན་སྒྱུར་བྱེད་པའི་ཐབས་འདི་ལ་བརྗེ་སྒྱུར་ཟེར་ཞིང་། འདི་ནི་འགྱུར་མའི་བརྗོད་པ་བདེ་བོ་ཡོང་བར་མེད་དུ་མི་རུང་བའི་བྱེད་ཐབས་ཤིག་དང་། ལྷག་དོན་གཏམ་དཔེ་སྒྱུར་བའི་སྐབས་སུ་ཤིན་ཏུ་བྲིན་པ་ཡིན། བརྗེ་སྒྱུར་གྱི་རྩ་དོན་ནི་རྣམ་པ་བརྗེ་ཡང་བརྗོད་དོན་མཚུངས་དགོས་པ་སྟེ། དཔེར་ན། རྒྱའི་གཏམ་དཔེ“三个臭皮匠赛过诸葛亮”ཞེས་པར་བོད་ཡིག་ཏུ“ཕོ་རབ་གཅིག་གི་བློ་གྲོས་ལས། ། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །”ཞེས་བསྒྱུར་འདུག་པ་དང་། “脚正不怕鞋歪”ལ “རང་སེམས་ལ་ཉེས་པ་མེད་ན། ། གཤིན་རྗེ་ལ་འཇིགས་པ་མེད། །”“狼狈为奸”ལ“ཁྱི་སྤྱང་མཉམ་འབྲེལ”“对牛弹琴”ལ“བུང་བུའི་རྣ་ལ་ཆོས་བཤད”“庆父不死,鲁难未已”ཞེས་པར“མོན་ཤིང་ཁྲི་རྒྱལ་པོ་མ་བསད་ན། ། གླིང་དཀར་པོར་སྐྱིད་པའི་ཉི་མ་མེད། །”ཅེས་པ་སོགས་མ་ཡིག་གི་བརྗོད་དོན་དང་མཚུངས་པའི་འགྱུར་མའི་བསྟན་དོན་གཞན་ཞིག་གིས་ཚབ་བྱེད་པ་ཧ་ཅང་མང་པོ་ཡོད ། མདོར་ན། བརྗེ་སྒྱུར་གྱིི་ཐབས་འདི་ནི་རིག་གནས་སྟོང་ཆ་སྟེ། མ་ཡིག་གི་ཚིག་དོན་གང་དེ་འགྱུར་མའི་ཁྲོད་རྒྱུས་མངའ་མེད་པའམ། ཡང་ན་མཚོན་བྱ་མཚོན་བྱེད་མི་གཅིག་པའི་སྐབས་སུ་སྤྱོད་སྒོ་ཤིན་ཏུ་ཡངས་པའི་ཐབས་ཤིག་ཡིན་མོད། འོན་ཀྱང་། འདི་ལའང་དགག་བཞག་མཛད་ཡོད་པ་མང་སྟེ། ཁ་ཅིག་གིས་འདི་ལྟར་བསྒྱུར་ན་ཕར་ལྟོས་ཚོད་ཀྱིས་འགྱུར་མ་ལེགས་ཤོས་ཤིག་ཏུ་བརྩི་ནའང་། དོན་དུ་ལོ་ཙཱའི་དགོངས་པ་ཡོངས་སུ་འགྲུབ་མེད་པར་བཤད། སྤྱིར་ལོ་ཙཱ་ནི་ཐབས་ཆག་འུ་ཐུག་གི་བརྒྱུད་རིམ་ཞིག་སྟེ། བསྒྱུར་བྱར་བསྟུན་དྲགས་ན་ཚིག་གྱོང་ཞིང་ཀློག་མི་བདེ་པ་དང། འགྱུར་མར་བསྟུན་དྲགས་ན་ར་མགོ་ལུག་ལ་སྦྱར་བའི་ཟླ་རུ་འགྲོ་བས་བརྗེ་སྒྱུར་གྱི་ཐབས་འདིའང་སྐབས་བསྟུན་འོས་འཚམ་གྱིས་སྤྱོད་པ་ཤིན་ཏུ་གལ་ཆེ་བ་དང་། ཐབས་འདིའི་ལེགས་ཉེས་ཐད་ཀྱི་འགལ་བའང་མཐར་གཏུགས་ན། རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་སྨྲ་བའི་སྡེ་ན་གྲགས་ཆེ་བའི་དོན་ཐད་སྒྱུར་གཉིས་ཀྱི་འགལ་བ་དེ་ཡིན་པར་འདོད་པས་རེ་ཞིག་ཁ་ཚོན་གཅོད་དཀའ་ཞིང་གཅོད་པའི་དགོས་པའང་མེད་པར་མཐོང་སྟེ། ལོ་ཙཱའི་དམིགས་ཡུལ་ནི་སྒྱུར་བྱ་མ་ཡིག་གི་བརྗོད་དོན་ལྟ་བུ་སྒྱུར་བྱེད་བུ་ཡུག་ཏུ་ཇི་བཞིན་བསྒྱུར་རྒྱུ་དེ་ཡིན་པས་སོ། །
༨. ལོག་སྒྱུར།
མི་རིགས་གཉིས་ཀྱི་སྐད་ཆའི་བརྗོད་སྟངས་དང་ཚིག་སྦྱོར་སྤེལ་ལུགས་མི་འདྲ་བས། མཚམས་རེར་མ་ཡིག་གི་སྐད་ཆའི་བརྗོད་སྟངས་ལས་ལྡོག་སྟེ་བསྒྱུར་ན། འགྱུར་མའི་སྐད་ལུགས་ལ་མཐུན་ཞིང་གོ་བདེ་བ་མ་ཟད། ཁྱད་ཆོས་འབུར་དུ་ཐོན་པར་ཕན་པས། དེ་ལྟར་བསྒྱུར་དགོས་པའང་ཡོད་ལ། སྒྱུར་ཐབས་འདིའི་རིགས་ལ་ལྡོག་སྒྱུར་ཞེས་བརྗོད་ཆོག དཔེར་ན《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》དུ“……འདི་ནི་རིགས་གང་ཞིག་ཡིན་ནམ། ནམ་མཁའི་ལྷ་མོ་ཞིག་ཡིན་ནམ་ཆུ་ནང་གི་ཀླུ་མོ་ཞིག་ཡིན། ཡང་ན་དྲི་ཟའམ་མིའམ་ཅི་ལ་སོགས་པའི་བུ་མོ་ཞིག་ཡིན། སྟབས་མ་ལེགས་ན་འདི་ནི་འདྲེ་མོ་ཞིག་མིན་པའི་ངེས་པའང་མེད”ཅེས་པར“她是什么人呢?是天上的天女,还是水中的龙女?或者是食香一族?说不好也有可能是一个女鬼!”ཞེས་མ་ཡིག་ལས་ལྡོག་སྟེ་བསྒྱུར་ཡོད། འདི་ནི་རྒྱ་ཡིག་གི་བརྡ་སྤྲོད་དུ“否定加否定是肯定”ཞེས་དགག་སྒྲ་གཉིས་བསྟུན་མར་སྦྱར་བས་བདེན་པར་གྲུབ་པའི་ཚིག་དོན་སྒྱུར་བར་ཤིན་ཏུ་ཕན་པ་སྟེ། དཔེར་ན། མེད་པ་མ་ཡིན་ཞེས་པ་ནི་ཡོད་པའི་བརྡ་རུ་གོ་བས“有”ཞེས་བསྒྱུར་ཆོག་པ་དང་། དེ་དང་འདྲ་བར་རྒྱ་ཡིག་ཏུ“不是很困难”ཞེས་པ་ནི་དཀའ་ལས་ཡོད་པ་མ་ཡིན་པའི་དོན་ཡིན་པས་དཀའ་ངལ་ཆེན་པོ་མེད་ཅེས་བསྒྱུར་ཆོག་ལ།“不是不说”ཞེས་པ་ནི་མ་བཤད་པ་མ་ཡིན་ཏེ་བཤད་ཟིན་པའི་དོན་དུ་འཇུག་པས། བཤད་ཅེས་བསྒྱུར་ཆོག་པ་སོགས་བགྲང་ལས་འདས་པ་དང་། འདི་ལྟར་བསྒྱུར་ཚེ་འགྱུར་མའི་ཚིག་རྫོབ་འགོག་པར་ཤིན་ཏུ་ཕན་མོད། འོན་ཀྱང་འདི་ལྟ་བུའི་ཚིག་ནི་རྫོགས་ཚིག་མ་ཡིན་པར་དོན་གྱི་ལྷག་མ་བསྟན་རྒྱུ་ཡོད་པ་ཚིག་ཤུགས་སུ་གསལ་བས་ཚིག་དོན་གོང་འོག་ལ་བསྙེགས་པ་དང་། ཚིག་སྦྱོར་བདེ་མིན་ལ་བལྟས་ཏེ་བསྒྱུར་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།
མདོར་ན། དོན་སྒྱུར་གྱི་ནང་གསེས་ལས་ཐད་སྒྱུར་དང་བསྣོར་སྒྱུར་གཉིས་ནི་རྗོད་བྱེད་ཚིག་གི་གོ་རིམ་ལ་བལྟས་ནས་བརྗོད་པ་ཡིན་ལ། སྣོན་སྒྱུར་དང་འཕྲི་སྒྱུར། བརྗེ་སྒྱུར་དང་ལོག་སྒྱུར་བཅས་ནི་བརྗོད་བྱའི་དོན་གྱི་ཆ་ནས་བརྗོད་པ་དང་། བགོ་སྒྱུར་དང་སྡུད་སྒྱུར་གཉིས་ལ་ཚིག་དོན་གཉིས་ཀྱི་ཆ་ནས་བརྗོད་ཆོག་པར་འདོད་ཅིང་།
《བོད་ལྗོངས་ཞིབ་འཇུག》རྩོམ་སྒྲིག་ཁང་གི་རྒན་བདེ་སྐྱིད་སྒྲོལ་མས“ཡིག་སྒྱུར་ལས་ཐོན་པའི་གནད་དོན་མང་པོ་ཞིག་ནི་སྐབས་ཐོག་ཏུ་བྱུང་བ་ཞིག་ཡིན་པ་སྟེ། མ་ཡིག་གི་རིག་གནས་རྒྱབ་ལྗོངས་དང་། སྐད་ཆའི་གནས་སྐབས།(语境) མ་ཡིག་རྩོམ་པ་པོའི་སེམས་ཁམས་སོགས་མཉམ་འདུས་ཀྱིས་དོན་སྟོན་པ་ཡིན་པས། གཞུང་ལུགས་ལ་ཕུགས་བཅོལ་ནས་སྒྱུར་ཐབས་འདི་ཡིན་འདི་མིན་གྱི་བརྡར་ཤ་གཅོད་དཀའ་བས། ངེས་པར་དུ་སྐབས་ཕྲལ་དགོས་མཁོ་དང་བསྟུན་ནས་འོས་འཚམ་གྱིས་བསྒྱུར་དགོས” ཞེས་བརྗོད་པ་ནི་གནད་དུ་སྨིན་པའི་ལེགས་བཤད་དུ་སེམས་སོ། །
* རྟ་མགྲིན་རྡོ་རྗེ། བོད་ལྗོངས་སློབ་གྲྭ་ཆེན་མོའི2019ལོའི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན།
① ཚེ་དབང་ཐར། ཁྲི་བསམ་གཏན ། སྐད་གཉིས་སྨྲ་བའི་སྒྲོན་མེ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002:357
② འབྲུག་ལྷ། ཟླ་བ་ཚེ་རིང་། རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། [M] མི་རིགས་དཔེ་སྐྲུན་ཁང་། 2009:90
③ ཁྲི་བསམ་གཏན། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005:54
④ འབའ་སྟོད་ཚེ་དབང་རྡོ་རྗེ། ཚན་རྩལ་བརྡ་ཆད་ཀྱི་སྒྱུར་ཐབས་བཤད་པ་ཀེ་ཏ་ཀའི་ནོར་བུ། [J] ཀྲུང་གོའི་བོད་རིག་པ། 2006(2)
⑤ 龙仁青译 端智嘉经典小说选择 [M] 青海民族出版社 2009:148
⑥བསོད་ནམས་ཆོས་འཕེལ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་ལོ་ཙཱའི་རྣམ་བཤད་སྐོར་ཅུང་ཟད་གླེང་བ། [J] ཀྲུང་གོའི་བོད་རིག་པ།
2007(3)
⑦ འབྲུག་ལྷ། ཟླ་བ་ཚེ་རིང་། རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། [M] མི་རིགས་དཔེ་སྐྲུན་ཁང་། 2009:35
⑧ 仁增才让 才公太 萨迦格言藏汉英对照本 [M] 中国藏学出版社 2009:1
⑨མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008:22
⑩ 宋晓嵇 萧蒂岩译《勋努达美》 [M] 西藏人民出版社 1984年版 P19
དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པ། བརྩམས་སྒྲུང་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:196
龙仁青译 端智嘉经典小说选择[M] 青海民族出版社 2009:3
尼玛潘多 紫青稞[M] 作家出版社 2010:8
ཕུན་ནོར་གྱིས་བསྒྱུར། འབྲུ་སྨུག་པོ། གངས་ལྗོངས་རིག་གནས། [J] 2010(3)
དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་གཉིས་པ། བརྩམས་སྒྲུང་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:367
龙仁青译 端智嘉经典小说选择 [M] 青海民族出版社 2009:156
བདེ་སྐྱིད་སྒྲོལ་མ། རྒྱ་བོད་རིག་གནས་ཀྱི་ཁྱད་པར་དང་ཡིག་སྒྱུར་གྱི་ཐབས་ལམ་སྐོར་གླེང་བ། [J] བོད་ལྗོངས་ཞིབ་འཇུག 2004(3)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1