༄༅།།མཐོ་འབྲིང་སྐད་ཡིག་སློབ་དེབ་ཁྲོད་ཀྱི་རྟགས་འཇུག་གིདོགས་གནད་འགའ་ལ་དཔྱད་པ།
འབྲུག་འབུམ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 03-19
འབྲུག་འབུམ་ཚེ་རིང་།
[གནད་བཏུས] དཔྱད་རྩོམ་འདིར་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་འབྲིང་སྐད་ཡིག་སློབ་དེབ་ཁྲོད་ཀྱི་རྟགས་འཇུག་གི་སློབ་ཚན་དག་གི་རང་ངོས་ན་ནང་འགལ་ཡོད་པ་དང་། སློབ་ཚན་དང་སློབ་ཚན་བར་གྱི་ལྟ་བ་མི་མཐུན་པའི་དོགས་གནད་འགའ་ཁོལ་དུ་ཕྱུང་སྟེ་ཞིབ་བསྡུར་སྒོས་དོགས་དཔྱོད་བྱས་ཡོད།
[གནད་ཚིག] མཐོ་འབྲིང་སྐད་ཡིག་སློབ་དེབ། རྟགས་འཇུག ནང་འགལ། དོགས་དཔྱོད།
སྐད་ཡིག་ནི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་ལ། བསླབ་ཚན་གཞན་དག་སྦྱོང་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། མི་ཆོས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། སློབ་འབྲིང་སློབ་དེབ་ཏུ་བརྡ་སྤྲོད་ཀྱི་ཤེས་བྱ་སྟེ་སུམ་ཅུ་བ་དང་རྟགས་འཇུག་གིས་གོ་གནས་གལ་ཆེན་ཟིན་ཡོད་དེ། དམའ་འབྲིང་དུ་སུམ་ཅུ་བ་དང་མཐོ་འབྲིང་དུ་རྟགས་འཇུག་གི་ཤེས་བྱ་བཀོད་དེ་བརྡ་སྤྲོད་ཀྱི་རྨང་གཞི་ཅུང་བརྟན་པོ་ཞིག་ཆགས་པའི་རེ་འདུན་བཅངས་ཡོད། 2017ལོར་གསར་དུ་བསྒྲིགས་པའི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་འབྲིང་སྐད་ཡིག་སློབ་དེབ་ལ་ངེས་སྦྱོང་དེབ་ལྔ་དང་འདེམ་སྦྱོང་དེབ་གསུམ་ཡོད་ལ། ངེས་སྦྱོང་དེབ་གསུམ་དང་འདེམ་སྦྱོང་དེབ་གཅིག་ཏུ་རྟགས་འཇུག་གི་ཤེས་བྱ་ཤིན་ཏུ་མང་པས་རྟགས་འཇུག་ནི་མཐོ་འབྲིང་སྐད་ཡིག་གི་སྦྱང་བྱ་ཆེས་གཙོ་བོ་ཞིག་ཡིན།
ཁོ་བོས་རང་ཉིད་ཀྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད་དངོས་སུ་འཕྲད་པའི་གནད་དོན་རྣམས་གཞིར་བྱས་ལོ་དུ་མའི་རིང་ལ་རྟགས་འཇུག་ཁྲིད་པའི་ཉམས་མྱོང་ལ་བརྟེན་ནས། སློབ་དེབ་ཁྲོད་ཀྱི་དོགས་གནད་འགའ་ཞིག་ཁོལ་དུ་ཕྱུང་སྟེ་ཞིབ་བསྡུར་དང་དབྱེ་ཞིབ་ཙམ་བྱེད་ཁུལ་བགྱིས་ཏེ་ཤེས་ལྡན་རྣམས་ཀྱི་སྤྱན་སྔར་འབུལ་བར་སྤྲོའོ། །
གཅིག ངེས་སྦྱོང་སློབ་དེབ་ཁྲོད་ཀྱི་དོགས་དཔྱོད།
མཐོ་འབྲིང་སྐད་ཡིག་ངེས་སྦྱོང་དེབ་དང་པོ་རུ་དཀའ་ཆེན་པདྨ་བློ་གྲོས་ཀྱིས་བརྩམས་པའི་རྟགས་འཇུག་གི《དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་བ་རིགས་ལམ་གསེར་གྱི་ལྡེ་མིག》ཅེས་པ་བཀོད་ཡོད་ལ། དེ་ནི《དཀའ་གནད་གསལ་བའི་མེ་ལོང》རྩ་བར་བཀོད་ཅིང་དེ་ལ་འགྲེལ་བརྒྱབ་པ་ཞིག་ཡིན། དེ་ལས་སྔོན་འཇུག་གི་དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་སྐབས་ཀྱི《དཀའ་གནད་གསལ་བའི་མེ་ལོང》གི་རྩ་ཚིག་ནི། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ། ཐོག་མར་འདི་ལྟར་ཤེས་དགོས་ཏེ། ། ལས་གང་ཞིག་ལ་བྱེད་པ་པོ། ། གཞན་དང་དངོས་སུ་འབྲེལ་བ་ཡི། ། དབང་དུ་བྱས་ནས་བྱེད་པོ་དང་། །དེ་ཡི་བྱེད་པ་གཉིས་པོ་ནི། ། དངོས་པོ་བདག་ཡིན་བྱ་ཡུལ་དང་། ། བྱ་བ་གཉིས་པོ་དངོས་པོ་གཞན། ། ཞེས་པ་དེ་ཡིན་ལ། དེ་ལ་འདི་ལྟར་འགྲེལ་ཡོད་དེ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས་བྱེད་པ་པོ་གང་ཟག་དང་དེའི་བྱེད་པ་ནི། ཤིང་གཅོད་པ་ལྟ་བུར་མཚོན་ན། བྱེད་པ་པོ་ཤིང་མཁན་དང་། བྱེད་པ་ནི་སྟ་རེ་ཡིན་པས། དེ་གཉིས་ནི་བདག་གཞན་གཉིས་ཀྱི་ནང་ནས་བདག་ཡིན། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་བོ་དང་བྱ་བ་གཉིས་ནི་བདག་གཞན་གཉིས་ཀྱི་ནང་ནས་གཞན་ཡིན། དེ་ཡང་བྱ་བའི་ཡུལ་གྱི་དངོས་པོ་ནི་ཤིང་ཡིན། བྱ་བ་ནི་ཤིང་གཅོད་པའི་ལས་ཀ་སྟ་རེའི་འདེགས་འཇོག་དང་ཤིང་དུམ་བུར་གཏུབ་པ་སོགས་ཡིན། ཞེས་བཀོད་འདུག འདི་ལས《དཀའ་གསལ》དུ་བྱེད་པོ་དང་དེ་ཡི་བྱེད་པ་གཉིས་པོ་ནི་དངོས་པོ་བདག་ཡིན། བྱ་ཡུལ་དང་བྱ་བ་གཉིས་པོ་ནི་དངོས་པོ་གཞན་ཞེས་པའི་བྱེད་པ་ནི་བྱེད་པོ་གཙོ་ཕལ་ཞེས་པའི་བྱེད་པོ་ཕལ་བ་དང་། བྱ་བ་ནི་བྱ་ལས་བྱེད་ལས་གཉིས་ཚོགས་ཀྱི་བྱ་བ་ལ་གོ་བཞིན་པ་ལྟར་འགྲེལ་འདུག་ལ། ཞབས་མཆན་དུའང་འདི་སྐབས་ཀྱི་བྱ་བ་ནི་བྱ་ལས་བྱེད་ལས་ཀྱི་བྱ་བ་ལ་གོ་དགོས་ཞེས་བཀོད་ཡོད། དེ་ལ་བསམ་དགོས་པ་འདི་ལྟར་ཡོད་དེ། 《དཀའ་གསལ》མཁན་པོས་དངོས་པོ་བདག་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་པོ་དང་བྱེད་པ་སྟེ་བྱེད་པ་པོ་ཕལ་བ་ཡིན་པར་འདོད་པ་ལྟར་དུ་སྣང་ན་ཡང་། དངོས་པོ་གཞན་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་བྱ་ལས་བྱེད་ལས་གཉིས་ཚོགས་ལ་དགོངས་ཀྱིན་མེད་པ་ནི《དཀའ་གསལ》གྱི་མགོ་མཇུག་བར་གསུམ་ལ་ཞིབ་ཏུ་མཇལ་ན་གསལ་བོར་རྟོགས་ཡོང་སྟེ། འདིའི་སྐབས་ཀྱི་བྱ་བ་ནི་བྱ་ལས་ཁོ་ན་ལ་གོ་བཞིན་པ་ནི་དེ་ཉིད་ལས། གཅད་བྱའི་ཤིང་དང་གཅད་པར་བྱ་། ། དཀྲི་བྱའི་སྣལ་མ་དཀྲི་བར་བྱ། ། ཞེས་སོགས་དངོས་པོ་གཞན་དོན་དང་། །ཞེས་མ་ནིང་ག་ད་གཉིས་དངོས་པོ་གཞན་ལ་འཇུག་པར་བྱ་བའི་ཡུལ་གྱི་དངོས་པོ་དང་བྱ་ལས་གཉིས་ལ་མ་གཏོགས་དཔེར་བརྗོད་བཀོད་མེད་པའི་ཕྱིར་དང་། 《སུ་ཏུའི་འགྲེལ་ཆེན》དུའང་།“ད་ཡིག་གཞན་བྱ་བ་ཙམ་ལ་འཇུག་པ་ནི། དཀྲི་བར་བྱ། དཀྲིའོ། དགག་པར་བྱ། དགག་གོ།”①ཞེས་བྱ་བ་ཞེས་པའི་དཔེར་བརྗོད་ལ་བྱ་ལས་ཡིན་པ་ཁོ་ན་བཀོད་ཡོད་པ་དེས་ཀྱང་འདིའི་སྐབས་ཀྱི་བྱ་བ་ཞེས་པ་ནི་བྱས་ལས་ལ་གོ་དགོས་པ་རྟོགས་ནུས་སོ། །
དེས་ན་དངོས་པོ་བདག་གི་སྐབས་སུ་གླེང་བའི་བྱེད་པོ་དང་དེ་ཡི་བྱེད་པ་གཉིས་པོ་དངོས་པོ་བདག་ཡིན་ཞེས་པའི་བྱེད་པོ་ནི་བྱེད་པ་པོ་གཙོ་བོ་དང་། བྱེད་པ་ནི་བྱེད་པ་པོ་ཕལ་བར་གོ་བ་ཡིན་ན《དཀའ་གསལ》མཁན་པོའི་གསུངས་ལ་ཆད་སྐྱོན་འབྱུང་སྟེ། དངོས་པོ་གཞན་གྱི་སྐབས་སུ་བྱ་ལས་གླེང་ཡང་དངོས་པོ་བདག་གི་སྐབས་སུ་བྱེད་ལས་མི་གླེང་བའི་རྒྱུ་མཚན་གང་ལ་ཐུག འདིར་གསུངས་པའི་བྱེད་པོ་ནི་བྱེད་པ་པོ་གཙོ་ཕལ་གཉིས་ཀ་ལ་གོ་དགོས་པ་ཡིན་ཏེ། 《སུ་ཏུའི་འགྲེལ་ཆེན》དུའང་།“ག་ཡིག་བདག་བྱེད་པ་པོ་ལ་འཇུག་པ་ནི། གཅོད་པ་པོ།གཅོད་བྱེད། རྡོ་བ་གཅོག་པ་པོ།གཅོག་བྱེད།”②ཅེས་བྱེད་པ་པོའི་དཔེར་བརྗོད་ལ་བྱེད་པ་པོ་གཙོ་ཕལ་གཉིས་ཀ་བཞག་ཡོད་པའི་ཕྱིར་དང་། བྱེད་པ་ནི་བྱེད་ལས་ལ་གོ་དགོས་ཏེ། 《སུ་ཏུའི་འགྲེལ་ཆེན》དུ“ག་ཡིག་བྱེད་པ་པོ་བདག་ལ་ཡོད་པའི་ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། གཅོད་པར་བྱེད། གཅོད་དོ། ། གཅོག་པར་བྱེད། གཅོག་གོ།”③ཞེས་བྱེད་ལས་ལ་བྱེད་པའི་ཐ་སྙད་སྦྱར་ཏེ་དཔེར་བརྗོད་བཞག་ཡོད་པའི་ཕྱིར་དང་།《དཀའ་གསལ》རང་དུའང་། མ་ནིང་ག་ད་གཉིས་པོ་ནི། ། གཅོད་པ་པོ་དང་གཅོད་པར་བྱེད། ། གཅོད་པར་འགྱུར་དང་དཀྲི་བ་བོ། ། དཀྲི་བར་བྱེད་དང་དཀྲི་བར་འགྱུར། ། ཞེས་སོགས་དངོས་པོ་བདག་དོན་དང་། ། ཞེས་མ་ནིང་ག་ད་གཉིས་པོ་དངོས་པོ་བདག་ལ་འཇུག་པའི་སྐབས་སུ་བྱེད་པ་པོ་དང་བྱེད་ལས་ལ་དཔེར་བརྗོད་བཞག་ཡོད་པ་ལས་བྱེད་པའམ་བྱེད་པ་པོ་ཕལ་བ་ལ་དཔེར་བརྗོད་བཞག་མེད་པ་འདིས་ཀྱང་རྟོགས་ནུས་ཤིང་། བྱེད་པ་ནི་བྱེད་ལས་ཏེ་བྱེད་པའི་ལས་ཞེས་པའི་ཚིག་སྡུད་དང་། བྱ་བ་ནི་བྱ་ལས་ཏེ་བྱ་བའི་ལས་ཞེས་པའི་ཚིག་སྡུད་ཡིན་པར་འདོད་དེ། 《དཀའ་གསལ》རང་དུའང་། བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་བྱེད་པོ་དང་། ། བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། ། མཛད་ནས་བདག་གཞན་དང་འབྲེལ་བའི། ། བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས། ། ཞེས་པའི་བྱ་བྱེད་ཅེས་པའང་བྱ་ལས་དང་བྱེད་ལས་ཀྱི་ཚིག་སྡུད་ཡིན་པ་དང་རིགས་པ་མཐུན་པས་སོ། །
ཡང་། དེ་བཞིན་བྱེད་པ་པོ་གཞན་དང་། ། དངོས་སུ་འབྲེལ་མིན་ཅི་ལྟར་ཡང་། ། བྱ་བ་བྱས་ཟིན་འདས་པ་དང་། ། བྱ་བ་བྱེད་འགྱུར་མ་འོངས་དང་། ། བྱེད་བཞིན་པ་ནི་ད་ལྟ་བ། ། ཞེས་པ་འགྲེལ་བའི་སྐབས་སུ། བྱ་བ་བྱེད་འགྱུར་ནི་མ་འོངས་པ་སྟེ། དཔེར་ན། བསྒྲུབ་བྱ། བསྒྲུབ་པར་བྱ་བ། བསྒྲུབ་བྱའི་ལྷ། གཅད་བྱ། གཅད་པར་བྱ་བ། གཅད་བྱའི་ཤིང་། འདི་རྣམས་དུས་གསུམ་ལས་དུས་མ་འོངས་པ་ཡིན། བྱ་བ་བྱེད་བཞིན་པ་ད་ལྟ་བ་ནི་དཔེར་ན། སྒྲུབ་བྱེད། གཅོད་བྱེད། འདི་ལྟ་བུ་རྣམས་ད་ལྟ་བ་ཡིན། ཞེས་བཀོད་འདུག འདི་ལའང་དོགས་པའི་གནས་སུ་ཆེ་སྟེ། བསྒྲུབ་བྱ། བསྒྲུབ་པར་བྱ་བ། བསྒྲུབ་བྱའི་ལྷ། གཅད་བྱ། གཅད་པར་བྱ་བ། གཅད་བྱའི་ཤིང་རྣམས་བྱ་བའི་ཡུལ་གྱི་དངོས་པོ་ཡིན་པས་དུས་མ་འོངས་པ་ཡིན་ཞེ་ན་དག་པར་མ་མཐོང་། འདི་དག་ནི་ཁྱད་གཞི་བརྗོད་པའི་མིང་ཡིན་པ་ལས་བྱ་བ་བརྗོད་པའི་མིང་མ་ཡིན་པའམ། བྱ་བའི་ཡུལ་གྱི་དངོས་པོ་སྟོན་པའི་ཐ་སྙད་ཡིན་པ་ལས་བྱ་བའི་ཡུལ་གྱི་འཕོ་འགྱུར་སྟོན་པའི་ཐ་སྙད་མ་ཡིན་ལ། བྱ་བྱེད་ལས་གསུམ་གྱི་དབང་དུ་བྱས་ན་ལས་ཡིན་པ་ལས་བྱ་བ་མ་ཡིན་པས། བྱ་བ་ལ་ད་གཟོད་དུས་གསུམ་གྱི་དབྱེ་བ་འཇུག་པ་ལས། ལས་ལ་དུས་གསུམ་གྱི་དབྱེ་བ་མི་འཇུག་སྟེ།“སྐབས་འདིའི་དུས་གསུམ་གྱི་དབྱེ་བ་ནི་བྱེད་ལས་སམ་བྱ་ཚིག་གི་སྒོ་ནས་འབྱེད་དགོས”④པའི་ཕྱིར། དེ་བཞིན་དུ། སྒྲུབ་བྱེད། གཅོད་བྱེད། ལྟ་བུ་རྣམས་ཀྱང་ད་ལྟ་བ་ཡིན་པར་འདོད་མི་རིགས་ཏེ་རྒྱུ་མཚན་གོང་དང་མཚུངས་པའི་ཕྱིར། འོ་ན། 《དཀའ་གསལ》དུ། བྱེད་པ་པོ་ནི་ད་ལྟ་དང་། ། བྱ་ཡུལ་མ་འོངས་པར་བསྡུས་ནས། ། ཞེས་གསུངས་ཡོད་པ་མིན་ནམ་ཞེ་ན། དེ་ནི་བྱེད་པ་པོ་སྟོན་པའི་ལས་ཚིག་ནི་ད་ལྟ་བ་སྟོན་པའི་ལས་ཚིག་གམ་བྱེད་ཚིག་དང་། བྱ་བའི་ཡུལ་སྟོན་པའི་ལས་ཚིག་ནི་མ་འོངས་པ་སྟོན་པའི་ལས་ཚིག་གམ་བྱ་ཚིག་ཡིན་པས་དུས་གསུམ་གྱི་ཁོངས་སུ་བསྡུ་ན་བྱེད་པ་པོ་ནི་ད་ལྟ་བའི་ཁོངས་སུ་བསྡུ་དགོས་པ་དང་བྱ་བའི་ཡུལ་ནི་མ་འོངས་པའི་ཁོངས་སུ་བསྡུ་དགོས་ཞེས་གསུངས་པ་ལས་ད་ལྟ་བ་དང་མ་འོངས་པ་ཡིན་ཞེས་གསུངས་པ་མ་ཡིན་སྙམ་མོ། །
མོ་ཡིག་འ་བདག་དོན་ཕལ་བར་འཇུག་པའི་དཔེར་བརྗོད་དུ། གཉིས་པ་བདག་དོན་ཕལ་བ་ནི། ལམ་དུ་འགྲོ་བ་བོ། འགྲོ་བར་བྱེད། འགྲོ་བར་འགྱུར་རོ། ། མགོ་འཁོར་བ་བོ། འཁོར་བྱེད། ས་ལ་འགྱེལ་བ་པོ། འགྱེལ་བྱེད། ས་ལ་སྡོད་པ་པོ། སྡོད་བྱེད། བློ་འདྲོག་པ་པོ། འདྲོག་པར་བྱེད། མི་ལ་འགྲོག་པ་པོ། འགྲོག་པར་བྱེད། འོད་འཚེར་བ་པོ། འཚེར་བྱེད། ཞེས་སོགས་བྱ་ལས་ངོ་བོ་གཅིག་པའམ། བྱ་བྱེད་ཐ་མི་དད་པར་སྣང་བའི་བདག་དོན་ཕལ་བ་ལ་འཇུག་པའོ། ། གསུམ་པ་དུས་ད་ལྟ་བ་ནི། ཆུ་འཁྱིལ་ལོ། །འཁྱིལ་བཞིན་པ། གདན་ལ་འཁོད་བཞིན་པ། འཁོད་མུས་ཡིན། མེ་འབར་བཞིན་པ། བདེ་བར་འཚོ་བཞིན་པ། ཞེས་སོགས་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་བསྒྲུབ་པའི་ཕྱིར་འཇུག་པའོ། ། བཞི་བ་དུས་མ་འོངས་པ་ནི། ཆུ་འཁྱིལ་བར་འགྱུར། སྨན་འཇུ་བར་འགྱུར། རྐུན་མ་འབྲོ་བར་འགྱུར། ལུས་འཚོ་བར་འགྱུར། ཞེས་སོགས་པ་བྱ་བྱེད་ཐ་མི་དད་དུ་སྣང་བའི་བྱ་བ་བྱེད་འགྱུར་མ་འོངས་པ་བསྒྲུབ་པའི་ཕྱིར་འཇུག་གོ ། ཞེས་བཀོད་འདུག འདིའི་ཁྲོད་ན། ས་ལ་སྡོད་པ་པོ། སྡོད་བྱེད་ཅེས་སྔོན་འཇུག་འ་ཡིག་མིན་པའི་དཔེར་བརྗོད་གཉིས་ཀྱང་བཀོད་ཡོད་ལ། འདི་ནི་ཡི་གེ་བའམ་རྩོམ་སྒྲིག་པས་ཐུགས་མཉམ་མ་བཞག་པ་ཡིན་ཡང་སྲིད་མོད། གསར་སློབ་པ་རྣམས་མགོ་རྨོངས་པར་བྱེད་པའི་རྒྱུ་རུ་འགྱུར་བས་སྣང་མེད་དུ་འཇོག་ག་ལ་རུང་། གོང་གི་དཔེར་བརྗོད་འདི་དག་གི་ལས་ཚིག་ཐམས་ཅད་བྱ་བྱེད་ཐ་མི་དད་པ་ཡིན་པ་མ་ཟད་སྔོན་འཇུག་འ་ཡིག་ཡིན་པ་གཅིག་འདྲ་ཡིན་ཡང་། ལ་ལ་ཞིག་བདག་དོན་ཕལ་བ་དང་ལ་ལ་ཞིག་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་རྒྱུ་མཚན་གང་ལ་ཐུག བྱེད་པོ་དང་བྱེད་པ་མ་གཏོགས་བདག་དོན་ཕལ་བའི་ཁོངས་སུ་མི་བསྡུ་ཟེར་བ་ཡིན་ན། དེ་ཡང་མ་ངེས་ཏེ། འགྲོ་བར་བྱེད། འགྲོ་བར་འགྱུར་རོ། །འདྲོག་པར་བྱེད་དང་འགྲོག་པར་བྱེད་ལྟ་བུ་བྱེད་པོ་དང་བྱེད་པ་གང་ཡང་མ་ཡིན་པར་བྱ་བ་ཡིན་ཡང་བདག་དོན་ཕལ་བའི་ཁོངས་སུ་བསྡུས་ཡོད་པའི་ཕྱིར། བདག་དོན་ཕལ་བའི་བྱེད་པོ་གང་ཟག་ཡིན་དགོས་ཟེར་ན། གདན་ལ་འཁོད་བཞིན་པ། འཁོད་མུས་ཡིན། རྐུན་མ་འབྲོ་བར་འགྱུར། ཞེས་པ་སོགས་ཀྱི་བྱེད་པོ་གང་ཟག་ཡིན་ཡང་བདག་གཞན་གྱི་དབྱེ་བས་མ་བསྡུས་པ་ཅི། དུས་གསལ་བྱེད་ཀྱི་ཚིག་གྲོགས་ཡོད་པས་བདག་གཞན་གྱི་དབྱེ་བས་མ་བསྡུས་པ་ཡིན་ཟེར་ན། འཆད་པར་འགྱུར་དང་འགྲོལ་བར་འགྱུར་སོགས་ལ་དུས་གསལ་བྱེད་ཀྱི་ཚིག་གྲོགས་ཡོད་ཀྱང་བདག་དངོས་ལ་འཇོག་དོན་ཅི། བདག་དོན་ཕལ་བ་ཟེར་བ་ཞིག་ཡོད་ན་གཞན་དོན་ཕལ་བ་ཟེར་བ་ཞིག་ཀྱང་ཡོད་དགོས་ཀྱང་དེ་བཀོད་མེད་དོན་ཅི་ལ་སོགས་པའི་དོགས་གཞི་མང་བོ་ཞིག་རང་ཤུགས་ཀྱིས་འཁོར་ཡོང་ངོ་། །
ཤིན་ཏུ་མོ་མ་ཡིག་བདག་གཞན་ལ་འཇུག་པའི་དཔེར་བརྗོད་དུ། བདག་ལ་འཇུག་པ་ནི། མཁྱེན་པ་པོ། མཁས་པར་བྱེད། མཆོང་བ་བོ། མཆོང་བར་བྱེད།ལྟ་བུ། གཞན་ལ་འཇུག་པ་ནི། མཁས་བྱ། མཆོང་བྱ། མཇལ་བར་བྱ། ལྟ་བུ། ཞེས་བཀོད་འདུག་ཀྱང་།མཁྱེན།⑤མཁས།⑥མཆོང་།⑦མཇལ⑧བཅས་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཚིག་ཡིན་ལ། གོང་དུ་བདག་གཞན་གྱི་དབྱེ་བ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་ཁོ་ན་ལ་དབྱེ་རུ་ཡོད་པར་དངོས་ཤུགས་གང་རུང་ནས་གསུངས་པ་དང་ནང་འགལ་བྱུང་འདུག དེ་ཡིན་ཏེ། མཆོང་དང་མཇལ་ལྟ་བུ་ལ་བྱེད་པ་པོ་གཞན་མི་སྣང་ཞིང་། མཁས་དང་མཁྱེན་ལྟ་བུ་ནི་བྱེད་པ་པོ་གཞན་ཡོད་པ་ལྟར་དུ་སྣང་ཡང་དེ་དང་དངོས་སུ་འབྲེལ་བ་མ་ཡིན་པས་བདག་གཞན་གྱི་དབྱེ་བ་དགར་དུ་མི་རུང་སྙམ།
གཉིས། འདེམ་སྦྱོང་སློབ་དེབ་ཁྲོད་ཀྱི་དོགས་དཔྱོད།
མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དེབ་དང་པོ་རུ་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་དངོས་པོ་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཞེས་བའི་སློབ་ཚན་ཞིག་བཀོད་འདུག དེ་རུ་ཡང་སྔོན་འཇུག་ད་ཡིག་དངོས་པོ་བདག་ལ་འཇུག་པའི་དཔེ་རུ། དགྱེས་བྱེད། དགའ་བྱེད། དགའ་བར་བྱེད་སོགས་དང་། མོ་འ་ཡིག་དངོས་པོ་བདག་ལ་འཇུག་པའི་དཔེ་རུ། འགྲོ་མཁན་སོགས། མོ་འ་ཡིག་དངོས་པོ་གཞན་ལ་འཇུག་པའི་དཔེ་རུ། འཁོར་བྱ་སོགས་དང་།ཤིན་ཏུ་མོ་མ་ཡིག་དངོས་པོ་བདག་ལ་འཇུག་པའི་དཔེ་རུ། མཁས་པ་པོ། མཐོང་བ་པོ། མདའ་མཁན་སོགས། ཤིན་ཏུ་མོ་མ་ཡིག་དངོས་པོ་གཞན་ལ་འཇུག་པའི་དཔེ་རུ། མཁས་བྱའི་ཆོས་སོགས་བཀོད་འདུག་མོད། འདིའི་ཁྲོད་ཀྱི་དགྱེས⑨དང་དགའ།⑩ འགྲོ། འཁོར། མཁས། མཐོངསོགས་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའམ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་བདག་གཞན་གྱི་དབྱེ་བ་མི་འཇུག་པ་རྟོགས་སླ་ཞིང་།མདའ་མཁན་ཞེས་པའི་མདའ་ནི་ལས་ཚིག་ཀྱང་མིན་པས་བདག་གཞན་གྱི་དབྱེ་བ་ག་ལ་འཇུག གཞན་ཡང་།མོ་འ་ཡིག་མ་འོངས་པ་ལ་འཇུག་པའི་དཔེ་རུ། འགོད་པར་འགྱུར། འཆད་པར་འགྱུར་སོགས་བཀོད་པར་ཡང་ཅུང་ཟད་བསམ་དགོས་པ་འདུག་སྟེ། འགོད་པར་འགྱུར། འཆད་པར་འགྱུར་ཞེས་པ་མ་འོངས་པར་འཇུག་པ་ནི་ཚིག་གྲོགས་ཀྱིས་བསྒྱུར་བ་ཡིན་ལ། འགོད་དང་འཆད་ནི་ད་ལྟ་བ་སྟོན་པའི་ལས་ཚིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པས་འ་ཡིག་མ་འོངས་པར་འཇུག་པའི་དཔེ་རུ་ག་ལ་རུང་། ཡང་། དེ་ཉིད་ལས། འདིའི་འདས་པ་དང་མ་འོངས་པ་གཉིས་བྱ་བའི་ལས་དང་། ད་ལྟ་བ་དང་སྐུལ་ཚིག་གཉིས་བྱེད་པའི་ལས་སུ་གཏོགས་ལ། བདག་གཞན་གཉིས་སུ་དབྱེ་བའི་ཚེ་བྱེད་པ་པོ་དང་། བྱེད་པ་དང་། བྱེད་པའི་ལས་རྣམས་བདག་དང་། ལས་དང་བྱ་བ་དང་བྱ་བའི་ལས་རྣམས་ནི་གཞན་གྱི་ཁོངས་སུ་འདུས་སོ། ། ཞེས་གསུངས་འདུག་ཅིང་། འདིའི་ལས་དང་བྱ་བ་དང་བྱ་བའི་ལས་རྣམས་ནི་གཞན་གྱི་ཁོངས་སུ་འདུས་སོ། ། ཞེས་པའི་བྱ་བ་ཞེས་པ་དེ་གང་ལ་གོ་དགོས་པ་ནི་ཤིན་ཏུ་ལྐོག་གྱུར་ཏེ། མཁས་པའི་དགོངས་པའི་མཐིལ་མ་ལོན་པ་མིན་ན་དགེ་སློབ་མགོ་འཐོམས་པའི་གཞི་རུ་འགྱུར་རོ། །འདེམ་སྦྱོང་དེབ་དང་པོའི་སློབ་ཚན་གཉིས་པ་ནི་མཁྱེན་རབ་འོད་གསལ་གྱིས་བརྩམས་པའི《རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ》ཞེས་པ་ལས་བདམས་པའི་བྱ་བྱེད་ཐ་དད་མིན་ཞེས་པ་དེ་ཡིན་ལ། དེ་རུ་ཡང་དོགས་གནད་འགའ་མཆིས་ཏེ། བྱ་བྱེད་ཐ་དད་པ་ནི། བྱ་བ་གང་བྱེད་ཀྱང་བྱེད་པ་པོ་དང་། ལས་གཉིས་ཐ་དད་དུ་ཡོད་པ་ཞིག་ལ་གོ་དགོས་ཟེར། དེས་ན། རྟོགས་དང་། མཐོང་ལྟ་བུར་ཡང་རྟོགས་པ་པོ་དང་རྟོགས་བྱ་ཐ་དད་དུ་ཡོད་པ་གང་ཞིག མཐོང་བ་པོ་དང་མཐོང་བྱ་ཐ་དད་དུ་ཡོད་པས་བྱ་བྱེད་ཐ་དད་པར་འདོད་རིགས་ཀྱང་ཁོང་གིས་གཤམ་དུ་བདག་གཞན་གྱི་དབྱེ་བ་མི་འཇུག་པའི་དཔེར་བཀོད་འདུག རྒྱུ་མཚན་དེའི་ཕྱིར་ན། བྱ་བྱེད་ཐ་དད་པའི་མཚན་ཉིད་བཀོད་པར་ཞིབ་ཆ་མ་ཐོན་པའམ་ཆ་མ་ཚང་བའི་སྐྱོན་ཡོད་དེ། བྱ་བ་གང་བྱེད་ཀྱང་དེ་དང་དངོས་སུ་འབྲེལ་བའི་བྱེད་པ་པོ་དང་། ལས་གཉིས་ཐ་དད་དུ་ཡོད་པ་ཞིག་ལ་གོ་དགོས་ཞེས་ཁ་གསབ་བྱེད་དགོས་པར་སྣང་། དེ་ལྟ་ན། རྟོགས་དང་མཐོང་སོགས་བྱ་བྱེད་ཐ་དད་པར་མི་འདུ་སྟེ། རྟོགས་དང་མཐོང་སོགས་ལ་ལས་དང་ཐ་དད་པའི་བྱེད་པ་པོ་གཞན་ཡོད་ཀྱང་དེ་དང་དངོས་སུ་འབྲེལ་བ་མིན་ཏེ་བརྒྱུད་ནས་འབྲེལ་བ་ཡིན་པའི་ཕྱིར། བལྟས་པ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་ཡིན་ལ། མ་བལྟས་པར་མཐོང་མི་སྲིད་ཅིང་བལྟས་པ་བརྒྱུད་ནས་མཐོང་བ་ཡིན་པར་མ་ཟད། མཐོང་བ་ནི་བྱེད་པ་པོས་བྱ་བའི་ཡུལ་ལ་ཕར་བྱ་བ་བྱས་པ་ཙམ་མ་ཡིན་པར་བྱ་བའི་ཡུལ་དེ་ཚུར་སྣང་བ་ཅན་ཡིན་པས་སྐུལ་ཚིག་ཀྱང་མི་འཇུག་པའི་ཕྱིར་རོ། །དབྱེ་བ་དགུ་ལྡན་གྱི་ལས་ཚིག་ནི། བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས། ། བྱེད་ལས་མ་འོངས་བྱེད་བཞིན་ད་ལྟ་བ། ། འདས་དང་སྐུལ་ཚིག་དགག་སྒྲའི་སྐུལ་ཚིག་ལ། ། དབྱེ་བ་དགུ་ལྡན་ལས་ཚིག་ཅེས་བརྗོད་དོ། ། ཞེས་བཀོད་འདུག དབྱེ་བ་དགུ་བོའི་ཁྲོད་ན་བྱ་ལས་མ་འོངས་པ་ཞེས་པ་ཞིག་བྱུང་བ་འདིས་དོགས་གཞི་རི་རབ་བཞིན་དུ་སྤུངས་པར་འགྱུར་ཏེ། བྱེད་ལས་མ་འོངས་པ་ཡོད་དགོས་ན། བྱ་ལས་ད་ལྟ་བ་ཡང་ཡོད་དགོས་ཤིང་དེ་དགོས་ན། བྱེད་ལས་འདས་པ། བྱ་ལས་འདས་པ་སོགས་མང་པོ་འབྱུང་བས་དབྱེ་བ་དགུས་ཚད་འཛིན་པར་ཤིན་ཏུ་དཀའ། བྱེད་ལས་ཀྱི་ནང་དུ་བྱེད་ལས་མ་འོངས་པ་འདུ་འམ་མི་འདུ། འདུ་ན་བྱེད་ལས་མ་འོངས་པ་ཞེས་བྱེད་ལས་ལ་སྐལ་ལྷག་ཅིག་བྱིན་པ་ནི་ཟློས་སྐྱོན་དུ་གྱུར་པར་མ་ཟད། མ་འོངས་པ་སྟོན་པའི་ལས་ཚིག་གམ་བྱ་ཚིག་གི་སྐལ་བཅད་པ་ཉིད་དུ་ཟད་པས། བྱ་འགྱུར་མ་འོངས་ཞེས་བཟོ་བཅོས་བྱ་དགོས་པར་འདོད་དོ། །དབྱེ་བ་བདུན་ལྡན་གྱི་ལས་ཚིག་ནི། བྱེད་པ་ལས་དང་བྱེད་ལས་བྱ་བའི་ལས། ། བྱེད་ལས་མ་འོངས་བྱེད་བཞིན་ད་ལྟ་བ། ། འདས་པ་བཅས་ལ་དབྱེ་བ་བདུན་ལྡན་གྱི། ། ལས་ཚིག་ཅེས་པའི་ཐ་སྙད་འཇུག་པ་ཡིན། ། ཞེས་གསུངས་འདུག སྤྱིར་ན་དབྱེ་བ་དགུ་བོ་གཏན་དུ་འཁེལ་བ་གཞིར་བྱས་ཐོག་དེ་ལས་གཉིས་མ་ཚང་ན་བདུན་དང་། བཞི་མ་ཚང་ན་ལྔ། དྲུག་མ་ཚང་ན་གསུམ་ཞེས་དབྱེ་བ་དགུ་ལྡན། དབྱེ་བ་བདུན་ལྡན་དང་། དབྱེ་བ་ལྔ་ལྡན། དབྱེ་བ་གསུམ་ལྡན་དུ་བྱས་ན་གཏན་ཚིགས་དང་མཐུན་ཡང་སྐབས་འདིར། དབྱེ་བ་དགུ་ལྡན་ཁྲོད་གྱི་བྱེད་པོ་ཞེས་པ་གློ་བུར་དུ་དོར་ནས་བྱེད་པ་ཞེས་པ་ཞིག་གསར་དུ་བསྣན་པ་ནི་སྔོན་མ་ལ་གཞི་མ་བཅོལ་བའི་གློ་བུར་བའི་གསར་གཏོད་འབའ་ཞིག་སྟེ། གསར་སློབ་པ་རྣམས་མགོ་འཐོམས་བྱེད་ཅིག་ལས་མ་འདས་ཤིང་། བྱེད་པ་ཞེས་པ་ངེས་པར་དུ་ཡོད་དགོས་པ་ཡིན་ན། དབྱེ་བ་དགུ་ལྡན་ལའང་བྱེད་པ་ཡོད་ངེས་ཏེ་བྱེད་པོ་ཡོད་ན་བྱེད་པ་དངོས་ཤུགས་གང་རུང་དུ་ཡོད་དགོས་པ་ཡིན་ཞེས་ཁོང་གིས་གསུངས་པའི་ཕྱིར། དེས་ན་དབྱེ་བ་དགུའི་གྲངས་མཛད་པའི་དམ་བཅའ་ཡང་རང་ཤུགས་ཀྱིས་ཞིག་པར་འགྱུར་བས། བྱེད་པོ་ཞེས་རང་སོར་འཇོག་འོས་ཏེ། བྱེད་པ་པོ་ལ་བྱེད་པོ་གཙོ་ཕལ་གཉིས་ཞེས་པ་ལྟར་བྱེད་པོ་ཡོད་ན་བྱེད་པོ་དེ་ཉིད་དང་། བྱེད་པོ་མེད་ན་བྱེད་པོ་ཕལ་བའམ་བྱེད་པ་སྟོན་གྱིན་ཡོད་པར་བྱས་ན་རིགས་ལམ་འབྱེད་པ་ལ་ཕན་ནུས་མི་དམན་ཞིང་། འདིའི་སྐབས་ཀྱི་བྱེད་ལས་མ་འོངས་ཞེས་པའང་བྱ་འགྱུར་མ་འོངས་ཞེས་བཅའ་དགོས་སྙམ།
དབྱེ་བ་ལྔ་ལྡན་གྱི་ལས་ཚིག་ནི། འདས་པ་དང་ནི་མ་འོངས་པ། ། ད་ལྟ་བ་དང་སྐུལ་ཚིག་དང་། ། དགག་སྒྲའི་སྐུལ་ཚིག་དང་བཅས་པ། ། དབྱེ་བ་ལྔ་ལྡན་ལས་ཚིག་བརྗོད། ། ཅེས་གསུངས་པའི་རྗེས་སུ་སླར་ཡང་དབྱེ་བ་ལྔ་ལྡན་གྱི་རྣམ་གཞག་གཞན་ཞིག་བཀོད་དེ་དབྱེ་བ་ལྔ་ལྡན་ལ་རྣམ་གཞག་མི་འདྲ་བ་རིགས་གཉིས་ཡོད་པ་ལྟ་བུར་གསུངས་འདུག་སྟེ། དུག་གིས་ཤི། སེམས་ཀྱིས་རྟོགས། མིག་གིས་མཐོང་། མེས་ཚིགས། ནད་ཀྱིས་ན་སོགས་ཀྱི། དུག སེམས། མིག མེ། ནད་སོགས་རིམ་བཞིན་འཆི་བྱེད་དང་། རྟོགས་བྱེད། མཐོང་བྱེད། འཚིག་བྱེད། ན་བྱེད་ཡིན་པ་ལས། འཆི་བ་པོ་དང་། རྟོགས་པ་པོ། མཐོང་བ་པོ། འཚིག་པ་པོ། ན་བ་བོ་མིན་པས་འདི་རིགས་ལ་བྱེད་པ་དང་། གང་འཆི་རྒྱུའི་སེམས་ཅན་དང་། རྟོགས་བྱའི་དོན། མཐོང་བྱའི་གཟུགས། འཚིག་བྱའི་གོས། ན་བྱའི་ལུས་སོགས་ནི་ལས་ཉིད་ཡིན་པ་ལས་དངོས་པོ་གཞན་ཞེས་བརྗོད་མི་རིགས། དེས་ན་བྱེད་པ་དང་ལས། འཆི་རྒྱུ། འཆི་བཞིན་པ། ཤི་བ་བཅས་དབྱེ་བ་ལྔ་ཡོད་པས་འདི་རིགས་ལ་དབྱེ་བ་ལྔ་ལྡན་གྱི་ལས་ཚིག་ཅེས་བརྗོད་པ་ཡིན། ཞེས་གསུངས་འདུག་ཀྱང་འདི་ལ་དཔྱད་པར་བྱ་བ་མང་དུ་མཆིས་ཏེ། དུག སེམས། མིག མེ། ནད་སོགས་ལ་བྱེད་པ་ཞེས་པའི་ཐ་སྙད་འཇུག་ན། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡོད་ཚད་ལ་བྱེད་པ་མེད་མི་སྲིད་ཅིང་། རྒྱུ་རྐྱེན་རྟེན་འབྲེལ་གྱིས་མ་གྲུབ་པའི་བྱ་བ་ཞིག་བཙལ་དུ་མེད་པས། ཁོང་གིས་བཀོད་པའི་དབྱེ་བ་གསུམ་ལྡན་གྱི་ལས་ཚིག་གི་དཔེར་བརྗོད་དག་ཀྱང་དབྱེ་བ་ལྔ་ལྡན་དུ་ཁས་ལེན་དགོས་སོ། ། དུག སེམས། མིག མེ། ནད་སོགས་ནི་བྱ་བ་དེ་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་ཙམ་ལས་བྱེད་པ་མིན་ལ། བྱེད་པ་ནི་ལས་དང་ཐ་དད་པ་གང་ཞིག་བྱ་བ་དེ་དང་དངོས་སུ་འབྲེལ་བ་ཞིག་ཡིན་དགོས་པར་འདོད། དུག སེམས། མིག མེ། ནད་སོགས་ནི། ཤི། རྟོགས། མཐོང་། ཚིགས། ན་སོགས་ཀྱི་བྱ་བ་ལ་ལྟོས་ནས་དངོས་སུ་འབྲེལ་བ་མིན་ཏེ། དུག་གིས་བསད་ནས་ཤི། སེམས་ཀྱིས་བསམས་ནས་རྟོགས། མིག་གིས་བལྟས་ནས་མཐོང་།མེས་བསྲེགས་ནས་ཚིགས། ནད་ཀྱིས་གཙེས་ནས་ན་བ་ཡིན་པས་བརྒྱུད་ནས་འབྲེལ་བ་ཡིན། དུག་གིས་ཤི། སེམས་ཀྱིས་རྟོགས། མིག་གིས་མཐོང་། མེས་ཚིགས། ནད་ཀྱིས་ན་སོགས་ལ་བྱེད་པ་དང་ལས་ཐ་དད་དུ་མེད་དེ། དུག་གིས་ཤི་ལྟ་བུར་མཚོན་ན་འཆི་བ་བོ་དང་འཆི་བྱ་གཉིས་ཀ་སེམས་ཅན་ཡིན་པ་དང་། སེམས་ཀྱིས་རྟོགས། མིག་གིས་མཐོང་། མེས་ཚིགས། ནད་ཀྱིས་ན་ལྟ་བུར་བྱ་བ་དང་དངོས་སུ་འབྲེལ་བའི་བྱེད་པ་གཞན་མི་སྣང་ངོ་། ། བྱེད་སྒྲའི་ཚིག་ཕྲད་སྦྱར་བ་ཙམ་གྱིས་བྱེད་པ་དང་ལས་གཉིས་ཐ་དད་དུ་ཡོད་པར་འདོད་ན། ཁོང་གིས་བྱེད་པ་དང་ལས་གཉིས་ངོ་བོ་གཅིག་པའི་དཔེར་བརྗོད་དུ་བཀོད་པའི་འཁོར་ལོ་འཁོར། མེ་ཏོག་སྐྱེས་སོགས་ལའང་བྱེད་སྒྲའི་ཚིག་ཕྲད་སྦྱར་རུང་སྟེ། རླུང་གིས་འཁོར་ལོ་འཁོར། རླུང་གིས་འཁོར། དྲོད་ཀྱིས་མེ་ཏོག་སྐྱེས། དྲོད་ཀྱིས་སྐྱེས་སོགས་ཀྱང་བྱེད་པ་དང་ལས་གཉིས་ངོ་བོ་གཅིག་པ་མིན་པར་འགྱུར་རོ། ། དེས་ན་འདི་དག་ཀྱང་དབྱེ་བ་གསུམ་ལྡན་ལས་དབྱེ་བ་ལྔ་ལྡན་གྱི་ལས་ཚིག་དུ་འདོད་མི་རིགས་སྙམ།དུས་གསུམ་གྱི་རྣམ་གཞག་བཤད་པ་ཞེས་པ་ལས། བྱེད་པའི་ལས་ནི་ད་ལྟ་བ་དང་།བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞེས་པར་ཡང་མ་ངེས་པའི་སྐྱོན་འབྱུང་སྟེ། གཅོད་པར་འགྱུར་དང་། གཏོང་བར་འགྱུར་སོགས་བྱེད་ལས་ཡིན་ཡང་དུས་ཀྱི་ཆ་ནས་མ་འོངས་པ་དང་།གཅད་བཞིན་པ་དང་། གཏང་བཞིན་པ་སོགས་བྱ་ལས་ཡིན་ཡང་དུས་ཀྱི་ཆ་ནས་ད་ལྟ་བ་ཡིན་པར། དཀའ་ཆེན་པདྨ་བློ་གྲོས་དང་ཨ་ཀྱཱ་ཡོངས་འཛིན་སོགས་ཀྱིས་གསུངས་པ་དང་འགལ་འདུག བྱེད་པའི་ལས་སྟོན་བྱེད་ཀྱི་ལས་ཚིག་ནི་ད་ལྟ་བ་སྟོན་པའི་ལས་ཚིག་དང་། བྱ་བའི་ལས་སྟོན་བྱེད་ཀྱི་ལས་ཚིག་ནི་མ་འོངས་པ་སྟོན་པའི་ལས་ཚིག་ཡིན་ཞེ་ན། དེ་ཡང་ཨ་ཀྱཱ་ཡོངས་འཛིན་གྱིས། འདས་པ་དང་མ་འོངས་པ་གཉིས་བྱ་བའི་ལས་དང་། ད་ལྟ་བ་དང་སྐུལ་ཚིག་གཉིས་བྱེད་པའི་ལས་སུ་གཏོགས་ཞེས་པ་དང་འགལ་བ་བྱུང་འདུག གཞན་ཡང་།བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་ནི་བདག་དང་། བྱ་བ་ནི་གཞན་ཡིན་ནོ་ཞེས་པ་འདི་ལའང་ཁ་མི་གསལ་བའི་སྐྱོན་མཆིས་ཏེ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པའི་ལས་ནི་བདག་དང་། བྱ་བའི་ལས་ནི་གཞན་ཡིན་ནོ་ཞེས་ཁ་ཇེ་གསལ་དུ་བཏང་ན་ལེགས་སྙམ།མཐོ་འབྲིང་གི་སྐད་ཡིག་སློབ་དེབ་ཏུ་བཀོད་པའི་རྟགས་ཀྱི་འཇུག་པ་ནི། དབྱངས་ཅན་གྲུབ་པའི་རྡོ་རྗེས་བརྩམས་པའི《དཀའ་གནད་གསལ་བའི་མེ་ལོང》ཞེས་པ་རྩ་ཚིག་ཏུ་བཀོད་ཅིང་དེའི་འགྲེལ་བའི་གཞུང་བསྲིངས་ཤིང་། མཁས་པ་གཞན་དག་གི་རྟགས་འཇུག་གི་འགྲེལ་བ་འགའ་ལྷན་ཐབས་སུ་སྤྱད་པ་ནི་ཤིན་ཏུ་ལེགས་པའི་གནས་སུ་འཁུམས་ལ། དཀའ་གནད་གསལ་བའི་མེ་ལོང་གི་ཚིག་དོན་བདེ་བླག་ངང་རྟོགས་ཐུབ་པའི་འགྲེལ་བ་ཞིག་ལ་གཞི་བཅོལ་ཏེ་དེ་དང་དགོངས་པ་མཐུན་པའི་འགྲེལ་བ་གཞན་དག་གིས་ཟུར་བརྒྱན་ནས་སློབ་དེབ་འདེམ་སྒྲིག་བྱས་ན་དགེ་སློབ་གཉིས་ཀར་སྟབས་བདེ་ཞིང་ཕན་འབྲས་ཀྱི་ཉི་མ་གསལ་བར་ངེས་སོ། །
* འབྲུག་འབུམ་ཚེ་རིང་། རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།
① ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། སུ་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:169
② ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། སུ་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:164
③ ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། སུ་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:166
④ ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། སུ་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:147
⑤ (བྱེད་མེད་ལས་ཚིག) ཤེས་པའམ་རྟོགས་པའི་ཞེ་ས། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:92
⑥ (ལས་ཚིག་རྗེས་མཐུན་པ) ནུས་རྩལ་ཡོད་པའམ་བྱང་ཆུབ་པའི་དོན། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:91
⑦ (བྱེད་མེད་ལས་ཚིགམ་འོངས་པ་དང་ད་ལྟ་བ)རྐང་ལག་ས་ངོས་དང་བྲལ་ནས་ལྡིང་བའི་དོན། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:247
⑧ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ་དང་འདས་པ)ཐུག་འཕྲད་བྱེད་པའི་ཞེ་ས། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:254
⑨ (བྱེད་མེད་ལས་ཚིག) དགའ་བའི་ཞེ་ས། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:138
⑩ (བྱེད་མེད་ལས་ཚིག) སྤྲོ་བ་སྐྱེ་པའི་དོན། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:134
(བྱེད་མེད་ལས་ཚིག) མིག་གིས་རིག་པ། དག་ཡིག་གསར་བསྒྲིགས། དག་བཅོས་མ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014:358
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1