༄༅།། 《ཉིན་གཅིག་གི་ཆོ་འཕྲུལ》གྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་མཚོན་ཐབས་ལ་དཔྱད་པ།

སྒྲོལ་མ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-19



སྒྲོལ་མ་སྐྱིད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།
        ནང་དོན་གནད་བསྡུས། དཔྱད་རྩོམ་འདིར《ཉིན་གཅིག་གི་ཆོ་འཕྲུལ》གྱིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་མེད་པར་བསྐྱར་ཟློས་ཀྱི་ངང་ན་གནས་པའི་བསམ་བློ་བཏོན་ཡོད་ལ། དེའི་ཤུགས་ནས་རིག་གནས་ཀྱི་འགལ་འདུའི་གནད་དོན་མང་པོ་ཞིག་མངོན་ཡོད་པར་མ་ཟད། དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་འབྲི་ཐབས་སྤྱད་དེ་བོད་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དྲིལ་བསྡུས་སུ་མཚོན་པའི་དགེ་མཚན་སྐོར་གླེང་ཡོད།
        བརྡ་ཆད་གཙོ་བོ། ཉིན་གཅིག་གི་ཆོ་འཕྲུལ། བསམ་བློའི་ནང་དོན། སྒྱུ་རྩལ་གྱི་མཚོན་ཐབས།

གླེང་གཞི།
        དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་དུས་སྨད་དུ་བོད་ནས《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》《ཟླ་ཟེར》སོགས་བོད་ཡིག་གི་རྩོམ་རིག་དུས་དེབ་རིམ་གྱིས་བྱུང་ཞིང་། བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་མི་རིགས་རང་གི་དངོས་ཡོད་ལ་དོ་སྣང་ཆེས་ཆེར་མཛད་ཡོད་པ་དང་། སྒོས་བོད་དུ་བརྩམས་སྒྲུང་གསར་པའི་རླབས་རྒྱུན་ཞིག་འཕྱུར་ཞིང་། ད་རག་བར་གྱི་ལོ་ངོ་སུམ་ཅུར་ཉེ་བའི་དུས་ཚོད་འདིའི་ནང་བོད་ཀྱི་བརྩམས་སྒྲུང་གསར་པས་སྒྱུ་རྩལ་གྱི་རྣམ་པའི་ལམ་ནས་ཀྲུང་གོའི་རྒྱ་ནག་གི་རྩོམ་རིག་གཙོར་བྱས་པའི་འཛམ་གླིང་རྩོམ་རིག་གི་རྗེས་སུ་བསྙེགས་ཤིང་། བསམ་བློའི་ནང་དོན་གྱི་ཆ་ནས་རང་ས་རང་ཡུལ་ལ་མིག་འབྲས་འབུར་ཚུགས་སུ་གཏད་དེ་མི་རིགས་རང་གི་བརྩམས་སྒྲུང་གསར་པའི་ལོ་རྒྱུས་ཤིག་བྲིས་པ་རེད།① རྩོམ་པ་པོ་ཞིག་ལ་ཆ་མཚོན་ན་ཅི་ཞིག་བརྗོད་འདོད་པའི་དམིགས་ཡུལ་ཡན་གར་བ་དེ་ཐབས་གང་ཞིག་བརྒྱུད་ནས་མངོན་མཚོན་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བའི་དོན་ཞིག་ཡིན་ལ། སྤྱི་ཚོགས་ཁྲོད་ཀྱི་གནད་དོན་གང་མང་ཞིག་སྦ་གསང་མེད་པར་དཀར་འདོན་བྱ་རྒྱུ་ནི་རྩོམ་པ་པོའི་ལས་དང་པོའི་བསམ་བྱ་ཉག་ཅིག་ཡིན་པས། 《ཉིན་གཅིག་གི་ཆོ་འཕྲུལ》ཞེས་པའི་རྩོམ་འདིར་སྟག་འབུམ་རྒྱལ་གྱིས་བག་ཉལ་གྱི་འདུ་ཤེས་ཁྲོད་ན་ལུས་པའི་བོད་མི་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་དུས་ཀྱི་གོ་རིམ་ཕྱིར་མངོན་པ་དང་། དེ་སྐྱོ་གར་གྱི་མཁའ་དབུགས་ཇེ་སྟུག བྱུང་རིམ་ཧྲིལ་པོ་གཅིག་ཏུ་བསྒྲིལ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་གདའ་ལུགས། ད་དུང་མཇུག་བསྡུ་སྟངས་དེས་ཀློག་པ་པོར་ཚོར་བ་ག་འདྲ་ཞིག་སྦྱིན་མིན་སོགས་ཀྱི་སྣང་ཚུལ་ཅུང་ཟད་བརྟག་པར་བྱས་ཡོད།

གཅིག 《ཉིན་གཅིག་གི་ཆོ་འཕྲུལ》ཞེས་པའི་བརྩམས་སྒྲུང་ངོ་སྤྲོད་མདོར་བསྡུས།
        བརྩམས་སྒྲུང་འདི་ནི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་བྲིས་པའི་བརྩམས་སྒྲུང་གྲགས་ཅན་ཞིག་ཡིན། ②བརྩམས་སྒྲུང་ཧྲིལ་པོར་ཡིག་གྲངས་སྟོང་ལྔ་དང་ཤོག་ངོས་གསུམ་མ་གཏོགས་མེད་པ་དང་། ནང་དོན་གྱི་ཆ་ནས་ཀྱང་ནམ་གསལ་ལ་ཉེ་ཞེས་པ་ནས་མགོ་བརྩམས་ཏེ་མུན་རུབ་སོང་ཞེས་པས་མཇུག་བསྡུས་ཡོད་ལ། མི་ཞིག་ནི་ཞོགས་པར་བྱིས་པ་ཡིན་པ་ནས་སྲོད་ལ་རྒན་པོར་གྱུར་ཏེ་བྱིས་པ་དང་གཞོན་པ། དར་མ། རྒན་པོ་བཅས་ཀྱི་ལམ་བཞི་པོ་ཉིན་གཅིག་ལ་ཚར་བར་བྱས་ཡོད་ལ། འདི་ནི་དངོས་ཡོད་ཀྱི་འཚོ་བའི་གཏན་ཚིགས་དང་འགལ་ལ། རང་བྱུང་དུས་ཚོད་ཀྱི་གཏན་ཚིགས་དང་ཡང་འགལ་བ་ཞིག་ཡིན་པས། དངོས་སུ་གསང་བ་བློ་འདས་ཤིག་གི་ཚུལ་གྱིས་ཕྱི་དོན་གྱི་བདེན་པ་སྟོར་བ་ཞིག་ཡིན་ཡང་། དོན་གྱི་ཆ་ནས་སྒྱུ་རྩལ་གྱི་བདེན་པ་ཤུགས་དྲག་ཏུ་མཆིས།③ རྩོམ་གྱི་ཁྲོད་ནས་ཉིན་གཅིག་གི་ཁོངས་སུ་བསྡུས་པ་དེས་བོད་ཀྱི་སྤྱི་ཚོགས་འཕེལ་མེད་སོར་གནས་ཀྱི་རྣམ་པ་མངོན་པར་བྱེད་ཆེད་ཡིན་ཏེ། རྩྭ་ཐང་གི་འབྲོག་པའི་མི་རབས་ཤིག་མི་ཚེ་གཅིག་གི་དུས་ཡུན་ནང་དུ་བསམ་བློའི་སྤུས་ཀ་དང་འཚོ་གནས་རྣམ་པར་འགྱུར་ལྡོག་དང་འཕེལ་རྒྱས་གང་ཡང་མེད་པར་མི་རབས་ཤིག་གི་གཏམ་རྒྱུད་ལུག་རྗེས་ནས་རྫོགས་པའི་དངོས་ཡོད་ཀྱི་གནས་ཚུལ་མཚོན་པར་བྱས་ཏེ་བྲིས་ཡོད།④
        མདོར་ན། སྒྲུང་གཏམ་ཐུང་ངུ་འདིའི་ནང་དུ་བོད་མི་ཕལ་བ་ཞིག་གི་མི་ཚེའི་ཀྱག་ཀྱོག་དང་དཀའ་སྡུག་གིས་ཁེངས་པའི་འཚོ་བའི་བརྒྱུད་རིམ་བཅས་ཉིན་གཅིག་གི་འཚོ་བའི་ཁྱབ་ཁོངས་སུ་བསྡུས་ཡོད་པས། བརྗོད་བྱ་ཤིན་ཏུ་ལྐོག་གྱུར་དང་འབྲི་སྟངས་ཧ་ཅང་བསྡུས་བརྗོད་ཅན་ཞིག་ཡིན་ནོ། །

གཉིས་པ། ཉིན་གཅིག་གི་ཆོ་འཕྲུལ་གྱི་བསམ་བློའི་ནང་དོན།
        1.ཉིན་གཅིག་གི་ཆོ་འཕྲུལ་ལས་མངོན་པའི་བོད་མི་རིགས་ཀྱི་ལོ་རྒྱུས་གནས་བབ།
        ལོ་རྒྱུས་སམ་སྤྱི་ཚོགས་ནི་ནམ་ཡང་སྐད་ཅིག་ཀྱང་མི་སྡོད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས་མི་ཚེ་གཅིག་སྟེ། མ་མཐའ་ཡང་མི་ལོ་དྲུག་ཅུའི་ནང་འཚོ་བ་ལ་གནམ་ས་བླ་འོག་བསྒྱུར་འདྲའི་འཕོ་འགྱུར་མི་འབྱུང་ཡང་། བོད་སྤྱི་ཚོགས་ཀྱི་རྩ་བའི་ངོ་བོ་ལ་བལྟས་ཏེ་སྒྱུ་རྩལ་གྱི་སྐད་ཆས་བཤད་ན་དངོས་གནས་ལོ་ངོ་དུ་མ་དང་དུས་རབས་དུ་མ། ལོ་རབས་དུ་མའི་སྔོན་གྱི་འཚོ་བའི་ཆུ་ཚད་དང་འཚོ་བ་རོལ་སྟངས། དེང་གི་འཚོ་བའི་ཆུ་ཚད་དང་འཚོ་བ་རོལ་སྟངས་གཉིས་ལ་མི་འདྲ་ས་ཆེན་པོ་མེད། འདིའི་སྟེང་ནས་ང་ཚོ་བོད་མི་རིགས་ཀྱི་འཕེལ་རྒྱས་དང་ལོ་རྒྱུས་བྱ་བ་ནི་ཅི་ལྟ་བུ་ཞིག་ཡིན་པ་དང་། ཁྱད་པར་དུ་རྩོམ་འདིའི་དཔྱད་བྱ་ལ་ང་ཚོས་གོ་བ་ལེན་སླ་སྟེ། འདི་སྤྱིར་འགལ་བ་ལྟར་སྣང་ཡང་རྩ་བའི་སྟེང་ནས་བཤད་ན་བོད་སྤྱི་ཚོགས་ལ་འཕེལ་རྒྱས་མེད་པའི་རྒྱུ་མཚན་གྱིས་འགལ་བར་མི་འགྱུར་བར། བོད་སྤྱི་ཚོགས་ཀྱི་རྩ་བའི་ངོ་བོ་ནི་འཕེལ་རྒྱས་མེད་པའི་བསྐྱར་ཟློས་དང་ཐེར་ཟུག་གི་རྣམ་པ་དེ་ཆེས་ལེགས་པོར་མཚོན་འདུག⑤
        མི་ཞིག་དང་མི་རིགས་གང་ཞིག་ཡིན་རུང་རང་གི་འཚོ་སྡོད་ཀྱི་རང་བཞིན་ནམ་ངོ་བོར་ངེས་རྟོགས་ཟབ་མོ་བགྱི་དགོས་ཤིང་། འདུམ་པར་དཀའ་བའི་འགལ་འདུ་དང་དཀའ་གནད་རབ་དང་རིམ་པའི་མདུན་དུ་དཔའ་ཞུམ་ཞིང་རེ་ཐག་མི་ཆད་པར་ནམ་འཚོའི་བར་དུ་མི་ཚེ་དང་ཚེ་སྲོག་གི་རླབས་ཆེ་བའི་དོན་སྙིང་ལ་འཚོལ་རྟོག་བརྩོན་ལེན་བྱེད་པའི་ཡིད་ཆེས་དང་། སྤྲོ་ཤུགས་ལྡན་ཚེ་འབྱུང་འགྱུར་ལ་ཤུགས་ཀྱིས་བསྙེགས་ཏེ་ཐུན་མིན་གྱི་ལམ་བུ་ཞིག་བཙལ་རྒྱུའི་ཕུགས་འདུན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།
        བོད་མི་རིགས་ཡོངས་ཀྱི་སེམས་ཁམས་ན་ཚད་མི་འདྲ་བའི་ཚུལ་དུ་གནས་པའི་མི་རིགས་འདིའི་གཤིས་རྒྱུད་ཐ་ཤལ་བ་གཅིག་སྟེ། མཐའ་གཅིག་པའི་འཚོ་བར་རེ་སྙེག་མེད་པར་ཆུ་འཁྱག་ཁ་ཡི་རྩམ་སྐྱ་ཇི་བཞིན་འཚོ་བའི་ཁ་རུ་ལུང་མ་བསྟན་གྱིས་འཕྱོ།⑥ ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་གླེང་བའི་དུས་འདིར་རང་རེའི་བོད་ཁུལ་དུ་སྔར་བཞིན་རང་ཁ་རང་གསོའི་དཔལ་འབྱོར་གྱི་རྣམ་པ་ཡོད་དེ་མི་ཤུགས་ཁོ་ནར་བརྟེན་ནས་ཐོན་སྐྱེད་བྱེད་བཞིན་ཡོད། རང་རེའི་རོང་འབྲོག་ས་ཁུལ་ལ་མཚོན་ན་ཞིང་ཕྱུགས་གཉིས་ཀ་གཉེར་བའི་རྣམ་པ་ཙམ་ཆགས་ཡོད་མོད། ཞིང་ལས་དེ་ཁྱིམ་ཚང་རང་ལ་མཁོ་བའི་འབྲུ་རིགས་ཀྱི་དགོས་མཁོ་ཙམ་ཡང་སྐོང་ཐུབ་མིན་ཡིན། ཐ་ན་རང་གི་ས་གནས་ཀྱི་ཟ་ཁང་དང་ཚོང་ཁང་ཆེ་རིགས་སོགས་ཀྱང་སྟོད་སྨད་བར་གསུམ་ནས་ཐོན་པའི་མགྲོན་པོ་ཚོས་བདག་བཟུང་བྱས་ཡོད་ལ། ས་གནས་རང་གི་མང་ཚོགས་ཁྱིམ་བདག་ལྟར་མགྲོན་པོར་གྱུར་ཅིང་རྒྱང་རིང་ནས་ཐོན་པའི་མགྲོན་པོ་རྣམས་ས་གནས་དེ་གའི་ཁྱིམ་བདག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་མ་ཟད། ཡུལ་དེའི་མི་ལ་ལ་ཞིག་མགྲོན་པོ་ཁྱིམ་བདག་ཏུ་གྱུར་པ་དེ་དག་ཞབས་ཞུ་བ་དང་གཡོག་པོར་འདུག་པའང་ཡོད།⑦
        དེང་གི་སྐབས་འདིར་བོད་མིའི་གྲས་ན་དཔལ་འབྱོར་ཐོན་ཁུངས་ཀྱི་རིག་གནས་སྤྱོད་པ་ཤིན་ཏུ་ཉུང་། ཁྱད་པར་དུ་གནས་བབ་ཉམས་ཆུང་ཞིང་གུ་དོག་པ་ཞིག་ཏུ་སྣང་བ་དང་། དཔལ་འབྱོར་ཐོན་ཁུངས་གཞན་པ་སྟེ་ཁེ་ལས་ཀྱི་དོན་གཉེར་མཁན་དེ་བས་ཀྱང་ཉུང་། ད་ལྟ་ང་ཚོའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གློག་ཆས་ཡོ་བྱད་དང་འཕྲུལ་ཆས་སྣ་ཚོགས། ཐ་ན་བཟའ་བཏུང་རྒྱན་གོས་སོགས་ཀྱི་ཐོན་རྫས་ཡོད་ཚད། ང་ཚོས་གཞན་མི་རིགས་ཀྱི་ལག་ནས་ཉོ་བསྡུ་བྱེད་དགོས་ལ། སྤྱིར་བོད་མི་རིགས་རང་གི་རིག་གནས་བཅུའི་ཡ་གྱལ་བཟོ་བ་རིག་པ་དང་གསོ་བ་རིག་པ་གཉིས་ནི་དཔལ་འབྱོར་ཐོན་ཁུངས་ཅན་གྱི་རིག་གནས་བསྙོན་དུ་མེད་པ་གཉིས་ཡིན་མོད། ད་ལྟ་བཟོ་གསོ་གཉིས་ཀྱི་ཁེ་ལས་ཆེ་བའི་བཟོ་གྲྭ་རྣམས་ཀྱང་ཕལ་ཆེར་མི་རིགས་གཞན་གྱིས་བདག་འཛིན་དང་བེད་སྤྱོད་བྱེད་ཅིང་། ཁེ་སྤོགས་རྣམས་ཀྱང་མི་རིགས་གཞན་པས་ལེན་བཞིན་ཡོད་ལ། ཡོད་ཚད་སྔར་སྲོལ་གྱི་ཆ་ཞིག་ལ་མི་འཇོག་པར་སླར་ཡང་བསམ་གཞིག་དང་གདེང་འཇོག་བྱ་རྒྱུ་ནི་བོད་ཀྱི་སྤྱི་ཚོགས་གསར་པ་འཛུགས་སྐྲུན་བྱ་རྒྱུའི་ཐོག་མའི་སྔོན་འགྲོ་ཡིན་ལ་རྩ་བའི་རྨང་གཞི་ཡང་ཡིན། ན་ནིང་རི་བོང་ཉལ་ས་ནས་ད་ལོར་ཡང་རི་བོང་མི་ཉལ་བའི་དཔེ་བཞིན་སྤྱིར་ལོ་རྒྱུས་ནི་ལོ་རེ་རེའི་གནས་ཚུལ་རྣམས་ཁ་སྣོན་དང་ཉམས་མྱོང་ཕྱོགས་སྡོམ་ལས་འཕེལ་རྒྱས་སུ་འགྲོ་བ་ཞིག་ཡིན་ཏེ། འདི་ལྟ་བུའི་བསམ་བློ་ལ་ཕྱི་བཤོལ་དང་གདམ་ག་གང་ཡང་མེད་པར་འཚོལ་དཔྱོད་ཀྱི་ངང་ནས་གདོང་བསུ་བའི་བློ་སྤོབས་དགོས་ལ། ལྷག་ཏུ་ཀློག་པ་པོ་རྣམས་ལ་འདྲི་རྟགས་ཤིག་དང་བརྟན་ཆགས་ཀྱི་ཚོར་བ་ཞིག་དབང་མེད་དུ་སྦྱིན་པ་དང་། དོན་དངོས་སུ་མི་རབས་ཚ་རྒྱུད་ཀྱིས་འདི་འདྲའི་རྒྱུན་བསྐྱངས་པར་དོན་སྙིང་ལྡན་མིན་ལ་བསམ་བཞིགས་ཀྱི་འདྲི་རྟགས་བཀོད་པས། འདིས་བསམ་བློའི་ནང་དོན་མཚོན་པར་བྱེད་པ་ལ་གྲུབ་འབྲས་ཆེན་པོ་ལྡན།
        2.ཉིན་གཅིག་གི་ཆོ་འཕྲུལ་ལས་མངོན་པའི་རིག་གནས་ཀྱི་གནད་དོན།

        འདི་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ན་གཞོན་རྟོགས་སད་པ་དག་གི་ལོ་རྒྱུས་ཀྱི་ཤེས་རྟོགས་གསར་པ་ཞིག་དང་ཁག་ཁུར་གྱི་རྟགས་མཚན་ཤིག་ཀྱང་ཡིན་ཏེ། དངོས་གནས་ལོ་ངོ་དུ་མ་དང་མི་རབས་དུ་མའི་སྔོན་གྱི་འཚོ་བའི་ཆུ་ཚད་དང་འཚོ་བ་རོལ་སྟངས་ནི་དེང་སང་དང་མི་འདྲ་ས་ཆེན་པོ་མེད། དེ་བས་ན་གཞོན་ཤེས་ལྡན་པ་དག་གིས་ཉེན་ཚབ་ཀྱི་འདུ་ཤེས་སེམས་སུ་ཉར་ཏེ་འཕེལ་མེད་སོར་འཇོག་གི་ཆ་དང་རྒྱང་དུ་བཀྱེད་ནས་འཕེལ་རྒྱས་དང་འགྲན་རྩོད་ལ་ཕྱོགས་པའི་མི་རིགས་གསོ་སྐྱོང་བྱེད་རྒྱུ་ནི་གལ་ཆེ། གལ་ཏེ་མི་རིགས་ཤིག་མི་རབས་ནས་མི་རབས་བར་འཕེལ་རྒྱས་མེད་པར་ཚེ་གང་པོར་ལུག་རྗེས་ནས་མཇུག་རྫོགས་པ་ཞིག་ཡིན་དགོས་ཚེ་དེ་ནི་མི་རིགས་འདིའི་གྱོང་གུད་ཚབས་ཆེན་ཞིག་ཡིན་སྲིད་ལ་ཕངས་སེམས་ཤིག་ཅི་ལ་མིན་སྲིད། 

        སྤྱིར་ཕྱུགས་ལས་ནི་འབྲོག་པ་ཞིག་ལ་མཚོན་ན་འཚོ་བའི་ཁུངས་སྣེ་དང་དཔལ་འབྱོར་གྱི་འབྱུང་ཁུངས་ཉག་ཅིག་ཡིན་ཞེས་བརྗོད་ཆོག་ཆོག་ཡིན། དེ་བས་འབྲོག་པའི་མི་རབས་དེ་ཕྱུགས་ལས་དང་ཡོངས་སུ་ཁ་འབྲལ་དགོས་པ་ནི་ལུགས་མཐུན་གྱི་ཆ་རྐྱེན་འོས་འཚམ་ཞིག་མིན་པས། འཚོ་གནས་ཀྱི་རིན་ཐང་དེ་རྒྱ་ཇེ་ཆེ་ནས་འཕེལ་རྒྱས་ཀྱི་རྣམ་པར་བསྐྱོད་དགོས་པ་ནི་ཐད་ཀའི་རྒྱུ་རྐྱེན་ཡིན། གལ་ཏེ་ཕྱུགས་ལས་རྩ་བ་ནས་སྤངས་ཏེ་དེང་རབས་ཀྱི་འཚོ་བར་འཇུག་ན་དེ་ཡང་མི་རིགས་འདིའི་སྐྱོ་གར་ཞིག་ཡིན་སྲིད་ལ། ཕྱུགས་ལས་ཞེས་པའི་ལས་རིགས་འདི་ང་ཚོ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ་མཇུག་མཐར་རྩ་བ་ནས་ཉམས་ཀྱང་སྲིད། འདི་ལྟར་བྱས་ན་དེང་རབས་དང་སྲོལ་རྒྱུན་གཉིས་ཟུང་འབྲེལ་མ་བྱས་པར་སྲོལ་རྒྱུན་རྩ་བ་ནས་བོར་ཏེ་དེང་རབས་ལ་ཕྱོགས་དྲགས་འདུག་སྟེ། རྩ་བ་བོར་ནས་ཡལ་གར་འཇུས་པར་སྙིང་པོ་དབེན། དེའི་ཕྱིར་མི་རབས་གོང་མ་དག་ནི་འཕེལ་རྒྱས་ཀྱིས་དབུལ་བའི་ཞིང་ས་ཞིག་ཡིན་ན། ཕྱི་རབས་པས་ལོ་ལེགས་ཀྱི་འབྲས་བུས་ཁེངས་པའི་བཅུད་ལྡན་གྱི་ཞིང་ས་ཞིག་ཏུ་འགྱུར་བར་འཚོལ་སྙེག་བྱེད་རྒྱུ་ནི། རྗེས་རབས་པ་དག་གི་ཕྲག་སྟེང་དུ་བབས་པའི་འོས་འགན་ཡིན་ལ་མ་འོངས་པའི་ཕུགས་བསམ་མངོན་འགྱུར་བྱེད་སའི་རྨང་གཞི་ཡང་ཡིན།

        མདོར་ན། མི་སྒེར་དང་མི་རིགས་གང་འདྲ་ཞིག་ཡིན་རུང་ཉེན་ཚབ་ཀྱི་གསལ་བརྡ་མ་བཏང་གོང་དུ་རང་གི་གནས་བབ་ཅི་ལྟ་བུ་ཡིན་པ་བརྗེད་པར་གྱུར་པའམ་ཡང་ན་བསམ་བློས་མཐའ་དཔྱོད་གང་ཡང་མི་བྱེད་པར། ནམ་ཞིག་རྐྱེན་གློ་བུར་བ་ཞིག་གིས་ཉེན་བརྡ་བཏང་ཚེ་ད་གཟོད་གཉིད་ལས་སད་པ་ལྟར་མགོར་བྱིལ་བྱིལ་གྱིས་མཐའ་བཞིར་རྒྱང་ལྟ་བྱེད་པར་གོམ་ཁ་བསྒྱུར། ཉེན་ཚབ་ཀྱི་གསལ་བརྡ་གཏོང་རག་བར་དུ་ཅི་ཡང་མ་ཚོར་བར་བག་འཁུམས་ཀྱི་འདུ་ཤེས་ཁོ་ནས་བཅིངས་ཚེ་མི་རིགས་དེ་ཡང་རྒུད་པར་འགྲོ་བར་ཐག་ཇེ་ཉེ་རེད། དུས་མཚུངས་སུ་ཉམས་པ་མེད་པའི་ཟིལ་ཤུགས་དང་ཞུམ་པ་མེད་པའི་སྟོབས་ཤུགས་ཀྱིས་འཕེལ་རྒྱས་ཀྱི་ཕྱོགས་སུ་སྟ་གོན་གྱིས་ལག་ལེན་བྱེད་དགོས། དེའི་ཕྱིར་འཕེལ་རྒྱས་མེད་པའི་བསྐྱར་ཟློས་ཀྱི་འཚོ་བ་དེ་ལས་ཐག་རིང་བར་བྱས་ནས་སྲིད་འབྱོར་རིག་གསུམ་གོང་འཕེལ་ཡོང་བའི་དེང་རབས་ཚན་རྩལ་དང་སློབ་གསོའི་ཕྱོགས་སུ་སེམས་ཤུགས་བསྩལ་ཏེ། འགྲན་རྩོད་དང་ཡར་ཐོན་གྱི་གོ་རྟོགས་ཤིག་གིས་མི་རིགས་གཞན་གྱི་མདུན་གྲལ་དུ་ཚུད་པའི་རེ་བཞག་ཟབ་མོ་ཞིག་མི་རེ་རེའི་སེམས་གཏིང་དུ་ཉར་རྒྱུ་ནི་ལྡོག་མེད་ཀྱི་ཕུགས་རྒྱང་ཞིག་ཡིན་པ་བསྟན་ཡོད།


གསུམ་པ།《ཉིན་གཅིག་གི་ཆོ་འཕྲུལ》དང་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་གཉིས་ཀྱི་འབྲེལ་བའི་སྐོར།

        སྤྱིར་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཞེས་པར་ཡུལ་གནས་མི་འདྲ་བར་གོ་བ་ལེན་སྟངས་མི་འདྲ་སྟེ། ལ་ཏིང་མེ་གླིང་གིས་གྲུབ་མཐའ་འདི་ལ་བཟུང་བའི་ལྟ་ཚུལ་དང་། ནུབ་ཕྱོགས་པ་དག་གིས་གྲུབ་མཐའ་འདི་ལ་བཟུང་བའི་ལྟ་ཚུལ། ཀྲུང་གོའི་ཞིབ་འཇུག་པ་དག་གིས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ལ་བཟུང་བའི་ལྟ་ཚུལ་སོགས་མི་འདྲ་བ་འགའ་རེ་ཡོད་མོད། ཡིན་ནའང་དེ་དག་ལ་སྤྱི་མཐུན་གྱི་ཆ་གཏན་ནས་མེད་པའང་མ་ཡིན་ཏེ། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཞེས་པ་སྤྱིའི་ཆ་ནས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ལ་ནམ་རྒྱུན་ཡུལ་དངོས་ཀྱི་བདེན་པ་དང་དད་མོས་སམ་འདུ་ཤེས་ཀྱི་བདེན་པ་གཞི་གཅིག་ཏུ་སྦྱོར་བའི་ཁྱད་ཆོས་ཡོད་ཅིང་། རྟག་པར་འུད་བརྗོད་དང་མཚོན་བྱེད། ཁྱད་མཚར། དུས་བརྒལ་ལ་སོགས་པའི་ལག་ཐབས་སྤྱད་ནས་འབྲི་བ་ཞིག་ཡིན་ཞིང་། ཁྱད་པར་དུ་ལ་ཏིང་མེ་གླིང་གི་རྩོམ་རིག་འཛམ་གླིང་ལ་དར་རྗེས་གནས་སོ་སོའི་རྩོམ་པ་པོ་དག་གིས་དང་ལེན་དང་ལད་མོ། གསར་གཏོད་བཅས་བྱས་ཏེ་ལ་ཏིང་མེ་གླིང་གི་སྒྱུ་འཕྲུལ་དངོས་ཡོད་དང་མི་འདྲ་བའི་རང་གི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཤིག་གྲུབ་ཡོད།⑧

        རིམ་གྱིས་ལ་ཏིང་མེ་གླིང་གི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཞེས་པའི་གྲུབ་མཐའ་འདི་ནི་རྒྱའི་དེང་རབས་རྩོམ་རིག་ཁྲོད་དར་བ་དང་། དེ་ནས་བོད་དུ་དར་རྗེས་ཐབས་རྩལ་དེ་བོད་ཀྱི་འཚོ་བ་དང་སྦྱར་ནས་མཚོན་པ་མང་དུ་བྱུང་ཞིང་། སྤྱིར་བོད་ཀྱི་བརྩམས་སྒྲུང་ནི་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་ལས་བརྒལ་མེད་མོད། འོན་ཀྱང་ལྗང་བུས་བརྩམས་པའི《སོག་རུས་ལས་མཆེད་པའི་རྣམ་ཤེས》ལ་རྟོག་པ་རང་འགྱུར་གྱི་འབྲི་ཐབས་སྤྱད། འཛམ་གླིང་དང་རྒྱ་ནག་གི་རྩོམ་རིག་གི་ཤན་ཤུགས་ཀྱི་དབང་གིས་ལོ་རབས་བརྒྱད་ཅུ་པའི་ནང་བཀྲ་བྷའི《བྱེའུ་ཆུང་དམར་པོ》སོགས་ཀྱི་འབྲི་ཐབས་ལས་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་རྩོམ་ཐབས་བྱུང་བ་དང་། ཁྱད་པར་དུ་གོང་གི་བརྩམས་ཆོས《ཉིན་གཅིག་གི་ཆོ་འཕྲུལ》གྱི་སྒྱུ་འཕྲུལ་གྱི་བཀོད་འབྲི་དེ་དག་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་བོད་པའི་འདུ་ཤེས་འཛིན་སྟངས་ལ་རག་ལས་པས། དེ་ནི་བོད་རང་གི་འདུ་ཤེས་ཁྲོད་ཀྱི་སྒྱུ་འཕྲུལ་གྱི་ངོས་འཛིན་ཞིག་ཡིན་ལ། གཞན་གྱི་སྒྱུ་འཕྲུལ་དང་མི་འདྲ་བ་ཞིག་ཀྱང་ཡིན་ཏེ། རྩོམ་འབྲི་ཐབས་ཀྱི་ཐད་ནས་སྲོལ་རྒྱུན་དངོས་ཡོད་རིང་ལུགས་ལས་ཡོངས་སུ་བརྒལ་ཏེ། རང་བྱུང་གི་དུས་ཚོད་ལ་བརྩི་འཇོག་མ་བྱས་པར་ཞོགས་པ་ནས་སྲོད་ཁའི་བར་གྱི་དུས་ཡུན་ཁྲོད་དུ་མི་ཚེ་ཧྲིལ་པོ་བརྗོད་པར་བྱས་པ་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་སྒྱུ་རྩལ་ཁྲོད་དུ་རྩོམ་པ་པོས་དུས་ཚོད་ལ་རང་དབང་གིས་ཁ་ལོ་བསྒྱུར་ཅིང་འདྲ་གཏུབ་བྱེད་པའི་འབྲས་བུ་ཡིན་ལ། ⑨མི་རིགས་ཀྱི་ལོ་རྒྱུས་ནི་ནམ་ཡང་མདུན་དུ་བསྐྱོད་དགོས་པ་ཞིག་ཡིན་པ་ལས་འཕེལ་མེད་སོར་གནས་ཀྱི་རྣམ་པར་གནས་པ་ནི་རྗེས་སུ་ལུས་པའི་རྟགས་མངོན་པར་བྱས་ཡོད་པས། འདི་ནི་ལོ་ངོ་སྟོང་ཕྲག་དུ་མའི་བོད་མི་རིགས་སྤྱིའི་གནས་སྟངས་ཡིན་ལ་དངོས་ཡོད་ལྟར་བརྒྱུད་རིམ་ལྡན་པའི་ངང་བྲིས་ན་ཤོང་ག་ལ་སྲིད། དེ་བས་སྒྱུ་འཕྲུལ་གྱི་ཐབས་ཀྱིས་ལོ་མང་པོའི་འཚོ་བ་ཉིང་བསྡུས་དང་ཐབས་མཁས་ཟུང་འབྲེལ་གྱིས་མི་ཚེ་གཅིག་ཏུ་བསྡུས་ཤིང་། དེ་ལས་ཉིན་གཅིག་ཏུ་བསྡུས་ཏེ། ཧ་ཅང་རྟོགས་སླ་བའི་ངང་བོད་མི་རིགས་འཕེལ་མེད་སོར་གནས་ཀྱི་རྣམ་པ་དེ་བརྗོད་ཡོད།

        མདོར་ན། རྩོམ་པ་པོས་རིག་གནས་སེམས་ཁམས་ཤིག་གི་རྒྱབ་ལྗོངས་འོག་ཏུ། སྤྲོས་བརྗོད་དང་ཞིབ་འབྲིའི་གོ་རིམ་ཁྲོད་དུ་ཡ་མཚན་པའི་མི་སྣ་དང་བྱུང་རིམ། རང་བྱུང་ལས་བརྒལ་བའི་སྣང་ཚུལ་སྣ་ཚོགས་སྒྱུ་འཕྲུལ་གྱི་གཟུགས་སུ་བཀོད་ཡོད་པའི་སྣང་ཚུལ་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དངོས་ཡོད་ལོ་རྒྱུས་དང་གནས་བབས་ལ་ཤུགས་དྲག་སྒོས་ཟུར་ཟ་དང་ཐེར་འདོན་བྱས་ཡོད། ⑩ང་ཚོ་ཕྱི་རབས་པ་དག་གིས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རིག་གནས་གསར་པ་དང་ལྟ་བ་གསར་པ། བསམ་བློ་གསར་པར་མདུན་སྐྱོད་དགོས་པའི་ནང་དོན་རྩོམ་གྱི་བརྗོད་སྙིང་དུ་བཟུང་ནས་བོད་སྤྱི་དང་ནང་སྒོས་སུ་འབྲོག་ཁུལ་གྱི་སློབ་གསོའི་རྣམ་པ་སོགས་ལ་དབྱེ་ཞིབ་དང་། ཕྱོགས་སྡོམ་གྱིས་འཚོ་བའི་རྣམ་པ་ཧ་ཅང་ཁ་གསལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བྱས་ཡོད་དོ། །


མཇུག་བསྡུ་བ།

        སྤྱིར་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་མང་ཤོས་སུ་མི་རིགས་ཀྱི་ལོ་རྒྱུས་དང་ལས་དབང་ལ་དོ་ཁུར་བྱེད་པ་ཅུང་མང་སྟེ། མི་རིགས་ཀྱི་འཕེལ་རྒྱས་དང་ལོ་རྒྱུས་ཀྱི་གནས་བབ་ཐད་ནས་རྩོམ་པ་པོས་ཚད་མཐོའི་འགན་འཁུར་གྱི་འདུ་ཤེས་མངོན་པར་བྱས་ཡོད་པ་ནི་རྩོམ་རིག་ལ་མངའ་བའི་རིན་ཐང་དང་དེ་ལས་བསྐྱེད་པའི་འབོད་སྐུལ་གྱི་སྙིང་སྟོབས་ཤིག་ཀྱང་ཡིན་ལ། རྩོམ་པ་པོས་དཔྱོད་ཤེས་ཀྱི་སྨྱུག་ཁ་མི་རིགས་ཀྱི་ལོ་རྒྱུས་དང་མདུན་ལམ་ལ་གཏད་ནས་ཉེན་བརྡ་ཞིག་བརྒྱབ་པ་ཡིན་པར་མ་ཟད། སྒྱུ་འཕྲུལ་གྱི་ཕ་རོལ་ན་ཡོད་པའི་དངོས་ཡོད་ལ་བཅངས་པའི་ཁག་ཁུར་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས་པའི་སྐོར་བསྟན་ཡོད།

        ཁྱད་པར་དུ་སྟག་འབུམ་རྒྱལ་གྱི《ཉིན་གཅིག་གི་ཆོ་འཕྲུལ》 གྱི་མཇུག་བསྡུ་སྟངས་ནི་ཉི་མ་ནུབ་རྗེས་ཀྱི་མུན་པ་དང་སྦྱར་ནས་མཇུག་བསྡུ་བའི་ཁྱད་ཆོས་མངའ་ལ། འདིར་སྐྱོ་གར་གྱི་རང་བཞིན་ལྡན་པའི་བརྗོད་དོན་གྱི་དཔེ་ལྟ་བུར་སོང་གཤིས། བརྗོད་དོན་གཏིང་ཇེ་ཟབ་དང་སྐྱོ་གར་གྱི་མཁའ་དབུགས་ཇེ་སྟུག བྱུང་རིམ་ཧྲིལ་པོ་གཅིག་ཏུ་བསྒྲིལ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་གདའ། བོད་མི་རིགས་ཀྱི་འཕེལ་རྒྱས་དེ་མི་རིགས་རང་གི་ཁོངས་མི་སྟེ་བོད་མི་སོ་སོ་བ་ལ་རག་ལས་ཤིང་། དེ་ཡང་མཐར་གཏུགས་ན་བོད་མིའི་སྤུས་ཀ་ལ་རག་ལས་པས་རང་མི་རིགས་ཀྱི་སྤུས་ཀ་མཐོར་འདེགས་ཡོང་ཕྱིར། ང་ཚོས་རང་གི་སྔར་གྱི་གཤིས་ཀ་དེ་དོར་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བརྩལ་ཡོད་པ་ནི་རྩོམ་འདིའི་མཐར་ཐུག་གི་འབབ་ཡུལ་ཡིན་པ་དང་། ཀློག་པ་པོ་རྣམས་ལ་བསམ་གཞིག་དང་དོགས་དཔྱོད་ཀྱི་ནུས་པ་བསྐྱེད་པར་སྒྲུང་ཐུང་འདི་ལ་དོན་སྙིང་ལྡན་པས། དངོས་ཡོད་སྒྱུ་འཕྲུལ་གྱི་ཚད་མཐོ་ཞིང་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་པར་སྙམ་མོ། །


① 《བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ》 བདུད་ལྷ་རྒྱལ། འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ། 2009 ཤ1

② 《མདོ་སྨད་ཞིབ་འཇུག》 དམ་ཆོས་ཀྱིས་གཙོ་སྒྲིག་བྱས། གླེགས་བམ་བཅུ་གཅིག་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ10པ། ཤ169

③ 《གངས་རྒྱན་མེ་ཏོག》 1990ལོའི་དེབ་གཉིས་པ།

④ 《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》བན་དེ་མཁར་གྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ3པ། ཤ141

⑤ 《བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བཀོད་དང་ཕྲན་བཤད》བདུད་ལྷ་རྒྱལ་གྱིས་རྩོམ་སྒྲིག་བྱས། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་དཔར། ཤ105

⑥ 《བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》 བདུད་ལྷ་རྒྱལ། འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ། 2009ལོ། ཤ1

⑦ 《གསར་གཏོད་དང་ལག་ལེན》སྟོབས་རྒྱལ་དཔལ་ལྡན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2012ལོའི་ཟླ7པ། ཤ17

⑧ 《魔幻现实主义在中国的影响与接受》曾利君著, 北京:中国社会科学出版,社2007年12 第1版 ,第32页。

⑨ 《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》 བན་དེ་མཁར་གྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ3པ། ཤ133


⑩ 《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》བན་དེ་མཁར་གྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2014ལོའི་ཟླ3པ། ཤ139


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1