ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏོག་གསར་གློ་ཚད་རིམས་ནད་རྒྱལ་ཁབ་མང་པོར་ཐོན་རྗེས། ཀྲུང་གོས་རྒྱལ་ཁབ་ཁ་ཤས་ལ་སྨན་བཅོས་རོགས་སྐྱོབ་དངོས་ཟོག་མཁོ་འདོན་དང་དངུལ་ཞལ་འདེབས་བརྒྱབ་པ་མ་ཟད། རིམས་ནད་འགོག་རྒོལ་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་རྒྱལ་ཁབ་མང་པོས་ཐུགས་རྗེ་ཆེ་ཞུས་པ་རེད།
ཏོག་གསར་གློ་ཚད་ནད་དུག་ཞིབ་དཔྱད་ཚོད་ལྟའི་སྨན་རྫས་ཁྲི་10དང་སྨན་སྤྱོད་འགོག་སྲུང་གྱོན་ཆས་ཁྲི་གཅིག་ཚུད་པའི་ཀྲུང་གོའི་རོགས་སྐྱོར་སྨན་བཅོས་དངོས་ཟོག་ཚེས་21ཉིན་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འབྱོར་བ་རེད། ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཆིན་གྱིས་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་ལ་མིག་དཔེ་བཏོད་ཡོད། ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་སྤྱད་པའི་བྱེད་ཐབས་ནི་ཡང་དག་པ་དང་ནུས་ལྡན་ཞིག་རེད། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྱང་མིག་སྔར་ཀྲུང་གོའི་ལས་རིགས་ཀྱིས་སྤྱད་པའི་བྱེད་ཐབས་ཁ་ཤས་ལག་བསྟར་བྱས་པ་དང་ཀྲུང་གོས་རྒྱལ་ཁབ་ཁ་ཤས་ལ་རིམས་ནད་འགོག་རྒོལ་གྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།
སེབ་རུ་སིའི་ཙུང་ཐུང་ཨ་ནེ་སི་ཐཱ་ཞ་ཅི་སིས། ཚེས་20ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཏོག་གསར་གློ་ཚད་ལ་མཉམ་དུ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ང་ཚོས་ཀྲུང་གོས་སྨན་བཅོས་ཡོ་ཆས་མཁོ་འདོན་བྱས་པ་དང་འབྲེལ། རིམས་ནད་འགོག་རྒོལ་གྱི་ཉམས་མྱོང་དང་ཚན་རིག་ཤེས་བྱ་མཉམ་སྤྱོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཅེ་ཁེའི་ཙུང་ཐུང་ཙེ་མན་གྱིས་ཚེས་19ཉིན་གྱི་མཚན་མོ། ཏོག་གསར་གློ་ཚད་སྐོར་གྱི་རྒྱལ་ཡོངས་ཀྱི་གསུང་བཤད་ནང་ཀྲུང་གོས་ཅེ་ཁེར་མཁོ་བའི་སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ནི་ཅེ་ཁེར་སྨན་བཅོས་དངོས་ཟོག་མཁོ་འདོན་བྱེད་མཁན་རྒྱལ་ཁབ་འབའ་ཞིག་དེ་ཡིན་པས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཀྲུང་གོ་ནས་ཉོས་པའི་མྱུར་བཤེར་ཡོ་ཆས་སྒམ་ཁྲི་15འབྱོར་ཟིན་པ་དང་དེས་ཅེ་ཁེས་ཏོག་གསར་གློ་ཚད་ཀྱི་དོགས་ཡོད་ནད་པ་མགྱོགས་མྱུར་བཤེར་རྒྱུར་ཕན་པ་ཐོན་རྒྱུ་ཡིན་པ་རེད།
ཁོ་སི་ཐ་རི་ཁའི་ཙུང་ཐུང་ཁཱ་ལུའོ་སི·ཨར་ཝ་ལཱ་ཏའོ་ཡིས་ཚེས་20ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས“ཁོ་སི་ཐ་རི་ཁས་ཀྲུང་གོས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཉམས་མྱོང་མཉམ་སྤྱོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་གྲོས་མོལ་དང་མཐུན་སྦྱོར་དེ་ང་ཚོས་དེ་བས་ལེགས་པའི་སྒོ་ནས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་ཡིན”ཞེས་བཀོད་ཡོད། ཚེས་16ཉིན་ཁོ་སི་ཐ་རི་ཁ་ཛ་དྲག་གི་གནས་སུ་ལྷུངས་ཤིང་། ཚེས་18ཉིན་གྱི་དགོང་མོ། ཁོ་སི་ཐ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་དཔོན་རིགས་ཚོས་བརྙན་ལམ་ཚོགས་འདུ་འཚོགས་ནས། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཉམས་མྱོང་སྤེལ་རེས་བྱས་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་པུའུ་ཀྲང་ཙེ་ཧེ་ལི·མོ་ཁེ་ཙེས་ཚེས་20ཉིན་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ཀྱི་ཀྲུང་གོའི་འབད་བརྩོན་དང་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས“ཀྲུང་གོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱས་པའི་གྲུབ་འབྲས་བཟང་པོས། ང་ཚོར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ང་ཚོའི་མིག་དཔེ་ཡིན”ཞེས་གསུངས་པ་རེད།
བྷེ་ཨུ་རུ་སུའི་འཕྲོད་བསྟེན་ཁོངས་གཏོགས་ཀྱི་དཔོན་རིགས་དང་རིགས་གཅིག་མཁས་ཅན་གྱིས་ཚེས་20ཉིན་ཀྲུང་གོ་དང་ཡོ་རོབ་དང་ཨེ་ཤེ་ཡ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཚོགས་པའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གནད་དོན་གྱི་བརྙན་ལམ་ཚོགས་འདུར་ཞུགས་ཤིང་། བྷེ་ཨུ་རུ་སུ་ཕྱོགས་ཀྱི་འཐུས་མིས་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱད་པའི་ནུས་ལྡན་གྱི་བྱེད་ཐབས་དང་འཛམ་གླིང་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། །