ཧུང་ཡོན་རྫོང་གིས་དཔྱིད་དུས་ཀྱི་ཕྱུགས་ལས་ལ་མཐུན་རྐྱེན་བསྐྲུན།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 03-24




    དབྱར་ཁ་འགྲངས་ཤིང་སྟོན་ཀ་རྒྱགས།། དགུན་ཁར་རིད་ཅིང་དཔྱིད་ལ་ངན།། སྐབས་རེར་དཔྱིད་ཀྱི་དུས་ངན་ལ།། སྒོ་ཕྱུགས་མང་དུ་འཆི་བའང་ཡོད།། འདི་ནི་མཐོ་སྒང་གི་ཡུལ་གྱི་སྒོ་ཕྱུགས་འཚོ་སྐྱོང་གི་ཁྲོད་དུ་ཡུན་རིང་བོར་གནས་ཤིང་ཐག་གཅོད་ལེགས་པོ་བྱེད་མ་ཐུབ་པའི་དཀའ་གནད་ཅིག་རེད། ལོ་རེ་རེའི་དཔྱིད་ཀའི་དུས་སུ་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་རྒོད་ལ། རེས་འགར་གྲང་ཞིང་རེས་འགར་དྲོ། མཚམས་དང་མཚམས་སུ་ཁ་བ་ཆེན་པོ་འབབ་སྲིད་པས། སྒོ་ཕྱུགས་ཀྱི་འཆི་ཚད་ཀྱང་ངང་ངམ་ཤུགས་ཀྱིས་འཕར་ངེས། དེར་བརྟེན་དགུན་དཔྱིད་ལ་མཁོ་བའི་གཟན་རྩྭ་ཤིན་ཏུ་མང་པོ་དགོས་པ་རེད། རྒྱུས་ལོན་པ་ལྟར་ན། ཧུང་ཡོན་རྫོང་གིས་ལོ་རེ་བཞིན་དུ་བབ་བསྟུན་གཟན་རྩྭ་འབོར་ཆེན་བསྡུ་ཉར་བྱེད་པ་དང་། ཁངས་ཆེན་བསྟུན་མར་བབས་པ་དང་ཕྱུག་ལ་རྩྭ་མུག་ཆེ་དུས་བསྡུ་ཉར་བྱས་པའི་གཟན་རྩྭ་འབྲོག་པ་མང་ཚོགས་ལ་བྱིན་པ་རེད། དེས་སྒོ་ཕྱུགས་རྣམས་གཟན་རྩྭ་མེད་པར་ཤི་སྟེ་འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུད་ཐེབས་ཚད་ཇེ་ཆུང་དུ་བཏང་།  
    ད་ལོའི་དཔྱིད་ཀའི་ཁ་བ་ལྷག་པར་ཆེ་བས་འབྲོག་པ་རྣམས་རང་གིས་བསྡུ་ཉར་བྱས་པའི་གཟན་རྩྭ་ཡིས་མི་འདང་བས། འདི་ལྟ་བུའི་སྦྱོར་བ་སྤེལ་བ་ནི་འཁྱག་དུས་ཀྱི་གོས་དང་ལྟོགས་དུས་ཀྱི་ཟས་སུ་གྱུར་བ་བསྙོན་དུ་མེད། ཟླ་3ཚེས་19ཉིན། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་ཐང་རི་སྡེ་བའི་མཉམ་ལས་ཁང་དང་། ཧུང་ཡོན་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ཅུས་ཀྱི་ལས་བྱེད་མི་སྣས་འབྲོག་པ་རྣམས་ལ་གཟན་རྩྭ་བྱིན་ཏེ་ཕྱུགས་ལ་གོད་ཁ་མེད་པའི་འགན་ལེན་བྱས།

   ཧུང་ཡོན་རྫོང་གིས་རིམས་ནད་ཀྱི་དམིགས་བསལ་དུས་སྐབས་ལ་དམིགས་པ་དང་། མཐོ་སྒང་གི་འབྲོག་རྫོང་ཞིག་གི་གནས་ཚུལ་དངོས་ལ་གཞིགས་ཏེ། རིམས་འགོག་དང་ཐོན་ལས་འཕེལ་རྒྱས་མཉམ་དུ་སྤེལ་བའི་ལམ་ཕྱོགས་གཞིར་བཟུང་ནས། བྱེད་ཐབས་རྣམ་གསུམ་སྤྱད་དེ་མིག་སྔའི་ཕྱུགས་ལས་ལས་རིགས་ཀྱི་བརྟན་བརླིང་ཐོན་སྐྱེད་དང་། བརྩོན་པ་ཆེན་པོས་གོང་དུ་སྤེལ་བ། དབུལ་བྲལ་གནད་སྒྲོལ་གྱི་གཡུལ་ལས་རྣམ་པར་རྒྱལ་བ་བཅས་ལ་སྐུལ་མ་ཆེན་པོ་བྱས།


སྒོ་ཕྱུགས་རྣམས་བདེ་འཇགས་ངང་དཔྱིད་ཀ་སྐྱེལ་བར་འགན་ལེན་བྱས།
    རྫོང་ཡོངས་སུ་ཁངས་ཆེན་བབས་ཏེ་དྲོད་ཚད་མར་ཆག་པ་དང་། དེས་རྫོང་ཡོངས་ཀྱི་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་ཕྱུགས་རིགས་ཀྱིས་ཉེ་ཞོ་མེད་པར་དཔྱིད་སྐྱེལ་བ་སོགས་ལ་གེགས་རྐྱེན་ངེས་ཅན་བཟོས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཤིང་།  དུས་ཚིགས་རང་བཞིན་གྱི་ཐོན་སྐྱེད་བརྟན་བརླིང་དང་། འབྲོག་ལས་ཀྱི་ནུས་པ་མཐོར་འདེགས་དང་། འབྲོག་པའི་ཡོང་འབབ་ཇེ་མཐོར་གཏོང་བ་བཅས་ལ་འགན་ལེན་བྱེད་ཆེད། རྫོང་ཁོངས་ཀྱི་གཟན་རྩྭ་ཐོན་སྐྱེད་གླིང་དང་། སྡེ་བའི་ནང་གི་གནོད་འགོག་ཕྱུགས་སྲུང་གི་རྟེན་གཞི། གཟན་རྩྭ་འདེབས་པའི་མཉམ་ལས་ཁང་སོགས་ཀྱི་གཙོ་གཉེར་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། རྫོང་ཡོངས་ཀྱི་འབྲོག་པའི་མང་ཚོགས་ལ་གཟན་རྩྭ་ཏུན་208ལྷག་བགོས། དེའི་ཁར་འབྲོག་པ་རྣམས་ཀྱིས་རང་ས་ནས་བསྡུ་ཉར་བྱས་པའི་གཟན་རྩྭ་བཞག་ན་སྒོ་ཕྱུགས་ལ་རྩྭ་མུག་བྱུང་བར་ཚོད་འཛིན་ནུས་ལྡན་བྱུང་།

ཞིང་ལས་འགན་སྲུང་ཤུགས་ཆེན་པོས་སྤེལ།      
    ཧུང་ཡོན་གྱི་ཉེན་སྲུང་ཡན་ལག་ཀུང་སི་དང་། ཡུལ་ཚོ་དང་གྲོང་རྡལ། ཞིང་ཕྱུགས་ཅུས། དངུལ་རྩའི་སྡེ་ཁག་སོགས་འབྲེལ་ཡོད་སྡེ་ཁག་ལ་གྲོས་མཐུན་གཅིག་གྱུར་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་ནོར་ཕྱུགས་ཉེན་སྲུང་གི་སྐྱིན་ཚབ་ལས་ཀར་ཤུགས་སྣོན་དང་། སྐྱིན་ཚབ་སྤྲོད་ཚད་མྱུར་ཚད་བཅས་ལ་ཤུགས་བསྣན་ཏེ། ཞིང་ལས་ཉེན་སྲུང་གི་འགན་ལེན་ནུས་པ་ཧུར་འདོན་བྱས་པས། ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་བརྟན་བརླིང་གི་ནུས་པ་ཐོན།

ཉམས་པ་སླར་གསོ་བྱས་ནས་ཕུགས་ཀྱི་འཕེལ་རྒྱས་གཉེར་དགོས།
    ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་དབུལ་བྲལ་གནད་སྒྲོལ་གྱི་འཆར་གཞི་རྩ་བར་བཟུང་སྟེ། 10+3གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བསྐྱར་དར་གཉིས་འཕེལ་རྒྱས་ཀྱི་མགོ་འཛུགས་སར་བྱས་ནས། སྔ་སྣུར་གྱིས་ཞན་ཆ་ཁ་གསབ་ཀྱི་རྣམ་གྲངས་ལ་ཇུས་འགོད་བྱས།  2020ལོར་གྲོང་གསེབ་བསྐྱར་དར་དང་། གླིང་ཁུལ་འཛུགས་སྐྲུན། ཐོན་ལས་ཀྱི་རྨང་གཞིའི་སྒྲིག་ཆས། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་ཕྱོགས་ཆེན་པོ་ལྔའི་ཐད་ལ།  སྔོན་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱིར་3བཏང་སྟེ། ཕྱོགས་ཡོངས་ནས་དབུལ་བྲལ་གནད་སྒྲོལ་གྱི་གཡུལ་ལས་རྣམ་པར་རྒྱལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་བརྟན་གྱི་རྨང་གཞི་གདིང་རྒྱུ་རེད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1