[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་ཚད་མའི་སྙིང་པོ་བསྡུས་གྲྭ་ལས་ཡུལ་དང་ཡུལ་ཅན་ཞེས་པར་མཚན་ཉིད་རིག་པའི་བསམ་བློས་ཕྱུག་ཡོད་སྐོར་གླེང་ཡོད་དེ། གཅིག་ནས་ཡུལ་དང་ཡུལ་ཅན་གཉིས་ཀའི་སྟེང་ནས་མཚན་ཉིད་རིག་པའི་བསམ་བློ་སྤྱི་ཙམ་མདོར་བསྟན་པ་དང་། གཉིས་ནས་ཤེས་བྱའི་“ཡུལ་”དེ་ནི་ཆོས་མཐའ་དག་གཏན་ལ་འབེབས་པའི་གཞི་དང་མཚན་ཉིད་རིག་པའི་གཞུང་གི་གཞི་རྩར་གྱུར་བ་ཞིག་ཡིན་ཚུལ་ཐད་མཁས་པའི་བཞེད་དགོངས་མི་འདྲ་བ་ཁག་ལ་དབྱེ་ཞིབ་དང་། གསུམ་ནས་འཇལ་བྱེད་“ཡུལ་ཅན་”གྱིས་བོད་བརྒྱུད་ཚད་མ་རིག་པའི་ཤེས་པའི་རྣམ་གཞག་མ་ལག་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ཚུལ་དང་། དེར་ཐུན་མིན་གྱི་མཚན་ཉིད་རིག་པའི་བསམ་བློས་ཕྱུག་ཡོད་སྐོར་སོགས་གླེང་བརྗོད་རགས་ཙམ་བྱས་ཡོད།
[གནད་ཚིག] བསྡུས་གྲྭ ཡུལ་དང་ཡུལ་ཅན། མཚནཉིད་རིག་པའི་བསམ་བློ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B08[ཡིག་ཆའི་མཚོན་རྟགས།] A[རྩོམ་ཡིག་ཨང་རྟགས།]1002-946X(2019)04-095-09
གླེང་གཞི།
མཚན་ཉིད་རིག་པ་གང་ཞིག་ཡིན་རུང་དེས་དུས་སྐབས་དེའི་བསམ་བློའི་ཉིང་བཅུད་མཚོན་པར་བྱེད་པ་ཡིན་པས། བསྡུས་གྲྭའི་མགོ་ཁུངས་སུ་གྱུར་པའི་གནའ་བོའི་རྒྱ་གར་གྱི་ནང་པའི་ཚད་མ་རིག་པ་དེར་ཡང་རིག་གཞུང་རང་ཉིད་གནས་ཤིང་འཚར་ལོངས་འབྱུང་བའི་རྒྱབ་ལྗོངས་ཐུན་མོང་མ་ཡིན་པ་སྟེ། རང་བྱུང་གི་ཆ་རྐྱེན་དང་། སྤྱི་ཚོགས་ཀྱི་གྲུབ་ཚུལ། བསམ་གཞིག་གི་ལངས་ཕྱོགས་བཅས་གསུམ་ལྡན་ཡོད་པ་ནི་སྨོས་མི་དགོས་ལ། དེ་བཞིན་དུས་རབས་བདུན་པའི་ནང་དུ་ཐུབ་པའི་བསྟན་པ་བོད་དུ་དར་བ་དང་སྦྲགས་ཚད་མ་རིག་པ་དེ་ཡང་ནང་རིག་པའི་དོན་གྱི་ལོག་རྟོག་སེལ་བའི་དགོས་མཁོར་དམིགས་ཏེ་སྔོན་བྱོན་བོད་ཀྱི་མཁས་པ་ཚོས་འབད་པ་ཆེན་པོས་ནང་འདྲེན་བྱས་ཡོད། དེ་ལྟར་རིགས་པའི་བསྟན་བཅོས་འདི་ཉིད་དམ་པའི་ཆོས་དང་ལྷན་ཅིག་ཏུ་དར་བ་དང་། བར་དུ་འཕེལ་རྒྱས་དང་རང་རྐྱ་ཐུབ་པར་གྱུར་ནས་རིམ་གྱིས་བོད་རང་ས་ཅན་ནམ་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པའི་བསམ་བློ་ཞིག་ཏུ་ངང་གིས་གྲུབ་ཐུབ་པ་བྱུང་ཡོད། ལྷག་པར་དུ་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་རྔོག་ལོ་ཆེན་པོའི་ཚད་མའི་དགོངས་པ་དང་། དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་གྱི་ཕྱྭ་པ་ཆོས་སེང་གི་ཚད་མའི་དགོངས་པ། དུས་རབས་བཅུ་གཉིས་ནས་བཅུ་གསུམ་པའི་ནང་གི་ས་པཎ་གྱི་ཚད་མའི་དགོངས་པ། དུས་རབས་བཅུ་བཞི་པའི་ནང་གི་རྙིང་མ་བའི་མཁན་པོ་ཀློང་ཆེན་པའི་ཚད་མའི་དགོངས་པ། དུས་རབས་བཅོ་ལྔ་པ་ནས་བཅུ་དྲུག་པའི་བར་གྱི་རྗེ་ཡབ་སྲས་གསུམ་གྱི་ཚད་མའི་དགོངས་པ་དང་བཀའ་བརྒྱུད་པའི་བསྟན་འཛིན་མཁན་པོའི་ཚད་མའི་དགོངས་པ་སོགས། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་བྱོན་པའི་གཞུང་ལུགས་ཀྱི་མ་ལག་ལྡན་ཞིང་། མཛུབ་ཁྲིད་ཀྱི་ནུས་པ་ལྡན་པའི་མཚན་ཉིད་རིག་པའི་བསམ་བློ་མི་འདྲ་བ་དེ་དག་གིས་དུས་སྐབས་སོ་སོའི་སྤྱི་ཚོགས་དང་བསམ་གཞིག་གི་འགུལ་སྐྱོད་བཅས་ལ་ཁྲིད་སྟོན་གྱི་ནུས་པ་གང་ལེགས་འདོན་སྤེལ་ཐུབ་པ་བྱུང་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས། གཤམ་ལ་ཁོ་བོས་བོད་ཀྱི་ཚད་མ་རིག་པ་ལས་ཡུལ་དང་ཡུལ་ཅན་གྱི་བསྡུས་གྲྭའི་རིག་ཚན་གྱི་གྲུབ་ཚུལ་དང་དེ་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་སྐོར་སོགས་མདོ་ཙམ་གླེང་བར་བྱའོ།
དང་པོ། བསྡུས་གྲྭའི་ཡུལ་དང་ཡུལ་ཅན་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་སྐོར།
ང་ཚོས་བསྡུས་གྲྭའི་ཡུལ་དང་ཡུལ་ཅན་ཞེས་པའི་ཐ་སྙད་ལ་བསམ་གཞིག་བྱས་ཚེ། དེར་མཚན་ཉིད་རིག་པའི་བསམ་བློའི་ཁྱབ་ཁོངས་ཀྱི་ཤེས་པའི་རྣམ་གཞག་དང་རྩོད་སྒྲུབ་ཀྱི་བསམ་བློ་ཞིག་ཅིས་ཀྱང་ལྡན་པར་འདོད། དེ་ཡང་ཚད་མའི་ངོ་བོའམ་མཚན་ཉིད་ནི་གསར་དུ་མི་བསླུ་བའི་རིག་པ་ཞེས་ལུང་རིགས་གཉིས་ཐད་ནས་གཏན་ལ་ཁེལ་ཞིང་། དེའི་མི་བསླུ་བ་ཞེས་པས་ལྷག་ཏུ་ཡུལ་དང་ཡུལ་ཅན་གཉིས་དབར་གྱི་རྩོད་སྒྲུབ་ཀྱི་བསམ་བློ་དེ་མངོན་པར་བསྟན་ཡོད་པ་སྟེ། དང་པོ་ཡུལ་མི་བསླུ་བ་ནི་ཡུལ་དེ་ཡོད་པ་གཞི་གྲུབ་ལ་བྱེད་ཅིང་། རང་འཛིན་པའི་བློས་ཇི་ལྟར་བཟུང་བ་ལྟར་དོན་དུའང་ཡོད་པས་ན། ཡུལ་མི་བསླུ་བ་དེ་ཡིན་པ་དང་། གཉིས་པ་ཡུལ་ཅན་མི་བསླུ་བ་ནི་ཡུལ་ཡོད་པ་གཞིར་བཞག་པ་དེ་བློ་རང་གིས་ཀྱང་ཡིད་དཔྱོད་ལ་སོགས་པའི་རྟོག་པ་ལྟ་བུ་མ་ཡིན་པར། དངོས་ཀྱི་མྱོང་སྟོབས་དང་། ཡང་ན་རྒྱུ་མཚན་ཡང་དག་གང་རུང་ལ་བརྟེན་ནས་མཐའ་ཆོད་པར་རྟོགས་ཏེ་བློ་དེའི་བྱེད་པ་མ་ཉམས་ཀྱི་བར་དུ་རྒོལ་བས་གནོད་པ་ལ་སོགས་པས་རང་གི་ཇི་ལྟར་བཟུང་བ་དེ་ལས་བསྒྱུར་བར་མི་ནུས་མི་འགྱུར་བའི་རིག་པ་དེ་ཡུལ་ཅན་མི་བསླུ་བ་ཡིན་པ་ལྟ་བུས་མཚོན། ཡུལ་དང་ཡུལ་ཅན་གཉིས་ཀྱང་ཁ་ཕྲལ་དུ་མི་རུང་ཞིང་། གཉིས་ཀའི་བདེན་པ་ར་འཕྲོད་ཚེ། ད་གཟོད་དེ་ལས་ཡང་དག་པའི་ཤེས་པ་དང་ཚད་མ། བདེན་ལུགས་སོགས་སུ་བརྩི་ངེས་པའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་། དངོས་གཙོ་རྩོད་སྒྲུབ་རིག་པའི་ཤེས་པའི་རྣམ་གཞག་གཉིས་དོན་གྱི་གནས་ལུགས་སྟེང་ཆ་འདྲ་བར་མཐོང་སྟེ། “ཐ་དད་དང་གཅིག་གྱུར་ནི་རྩོད་སྒྲུབ་ཀྱི་‘སྲོག་’དང་། ‘ངོ་བོ་’གསལ་པོར་འབྱིན་པའི་ཁྱབ་ཁོངས་གཉིས་ཡིན་”①ཞེས་བརྗོད་པ་ལྟར། བསྡུས་གྲྭའི་ཡུལ་དང་ཡུལ་ཅན་གཉིས་སུའང་ཐ་དད་ཡིན་ལ་གཅིག་གྱུར་ཡང་ཡིན་པའི་རྩོད་སྒྲུབ་ཀྱི་རིག་པས་ཁྱབ་ནས་ཡོད། དེ་ཡང་ཡིན་ཏེ། ཕྱོགས་གཅིག་ནས་བལྟས་ཚེ། ཡུལ་དང་ཡུལ་ཅན་གཉིས་ཀ་སོ་སོ་བའི་ཆོས་ཤིག་ཡིན་པས། ཐ་དད་ཡིན་པར་གྱུར་ལ། ཕྱོགས་གཞན་ཞིག་ནས་བལྟས་ཚེ། ཡུལ་དང་ཡུལ་ཅན་ཕན་ཚུན་ཐ་དད་དུ་ཡོད་པ་ཡིན་ཡང་དེ་གཉིས་གཅིག་གྱུར་ཡོང་སྲིད་པ་ཞིག་ཀྱང་ཡིན་པས་སོ། བོད་བརྒྱུད་ཚད་མ་རིག་པའམ་བསྡུས་གཞུང་ལྟར་ན། ཡང་དག་པའི་ཤེས་པ་དེ་འཐོབ་ཆེད་དུ་ཡུལ་དང་ཡུལ་ཅན་གཉིས་ཀ་ཕན་ཚུན་མི་བསླུ་བ་ཞིག་དགོས་པ་དང་། དེ་གཉིས་སྤྱིར་སོ་སོ་བའི་ཆོས་ཡིན་ཡང་སྐྱེས་བུའི་དོན་འཐོབ་འདོད་པ་གཅིག་གྱུར་ཡིན་པ་དེའི་མཐུ་དང་ནུས་པའི་ཁྲོད་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་རང་བཞིན་ཅན་དུ་གནས་ཡོད། གཞན་ཡང་། བསྡུས་གྲྭའི་གཞུང་ན་གཅིག་དང་ཐ་དད། སྤྱི་དང་བྱེ་བྲག རང་མཚན་དང་སྤྱི་མཚན་ཞེས་པ་སོགས་ཀྱི་ཐ་སྙད་ཡོད་པ་དེ་རྣམས་ལའང་གོང་གི་མཚན་ཉིད་རིག་པའི་བསམ་བློས་ཁྱབ་ཡོད་པ་ཤེས་དགོས། སྤྱིར་བཏང་གི་དབང་དུ་བྱས་ནའང་།མཚན་ཉིད་རིག་པའི་གཞུང་ལུགས་ཤིག་ཡིན་ཕྱིན། དེས་“དཔེར་ན། འཇིག་རྟེན་གྱི་ངོ་བོ་ཅི་ཞིག་ཡིན་ནམ། འཇིག་རྟེན་སྟེང་གི་བྱ་དངོས་ཡོད་དོ་ཅོག་ཚང་མ་འགུལ་སྐྱོད་དང་འགྱུར་ལྡོག ཡང་ན་གོང་འཕེལ་དུ་འགྲོ་བཞིན་ཡོད་དམ། བྱ་དངོས་འགུལ་སྐྱོད་དང་འགྱུར་ལྡོག གོང་འཕེལ་བཅས་ཀྱི་སྒུལ་ཤུགས་དེ་ཅི་ཞིག་ཡིན་ནམ། མི་རྣམས་ཀྱི་འདུ་ཤེས་དང་ཕྱི་རོལ་འཇིག་རྟེན་དབར་གྱི་འབྲེལ་བ་ནི་ཇི་ལྟར་ཡིན་ནམ། མི་རྣམས་ཀྱི་འདུ་ཤེས་ཀྱིས་ཕྱི་རོལ་འཇིག་རྟེན་དེ་ཡང་དག་པར་ཤེས་ཐུབ་བམ། ཚུལ་ཇི་འདྲ་བའི་སྒོ་ནས་འཇིག་རྟེན་ཤེས་ཀྱི་ཡོད་དམ་”②ཞེས་པ་སོགས་བརྗོད་བྱར་བྱས་ནས་སྟོན་པ་ཡིན་པས། དེ་དང་བོད་བརྒྱུད་ཚད་མ་རིག་པའམ་བསྡུས་གྲྭའི་ཡུལ་དང་ཡུལ་ཅན་སྟེང་གི་མཚན་ཉིད་རིག་པའི་བསམ་བློ་གཉིས་བསྡུར་ཚེ། ཤ་གཟུག་ལྟ་བུའི་འདྲ་མཚུངས་ཤིག་མ་ཡིན་མོད། མཚན་ཉིད་རིག་པ་ཕལ་མོ་ཆེས། འཇིག་རྟེན་ནི་གཟུགས་ཅན་གྱི་དངོས་པོའི་སྟེང་དུ་གཅིག་མཐུན་ཡིན་པར་་འདོད་པ་དང་། ཡང་ན་“གཟུགས་ཅན་གྱི་དངོས་པོའི་‘རང་གཤིས་’ཤ་སྟག་ནི་ཕྱི་རོལ་ཡུལ་དུ་དོན་དམ་པར་གནས་པ་ཉིད་དང་། ང་རང་ཚོའི་འདུ་ཤེས་དང་སོ་སོར་གནས་པ་ཉིད་དོ་”③ཞེས་བརྗོད་པའི་ལྟ་བ་དེ་དག་དང་ཧ་ཅང་མཐུན་པ་ཡིན། དེ་ལ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། “ལུགས་འདིར། ཐོག་མར་ཕྱི་རོལ་དོན་གྲུབ་དང་། དོན་འགོག་གི་སྐབས་གཉིས་ལས་དང་པོའི་ཚེ་ན། མདོ་སྡེ་པའི་ལྟ་བ་ཇི་བཞིན་དུ་ཁས་ལེན་ཏེ། ཕྱི་རོལ་གྱི་དོན་ཁས་བླངས་ནས་རྣམ་མེད་རྗེན་འཆར་འགོག་པའི་ཕྱིར་དང་”④ཞེས་གསུངས་པ་དང་། དེ་བཞིན་བསྡུས་གྲྭ་ནའང་བྱེ་བྲག་ཏུ་ཡུལ་དང་ཡུལ་ཅན་གཉིས་ཀྱི་འབྲེལ་བ་གླེང་སྐབས། ཕྱི་དོན་དང་ནང་ཤེས་པ་གཉིས་དབར་གྱི་འབྲེལ་བའི་ལྟ་བ་བཏོན་ཏེ། ཕྱི་རོལ་ཡུལ་གྱི་དོན་ནི་གཞན་ལ་བལྟོས་པ་མེད་པར་རང་གི་ངོས་ནས་གྲུབ་ཅིང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་དང་། དེ་ལ་བརྟེན་ནས་ནང་གི་ཤེས་པ་དག་འབྱུང་ཞིང་། ཡུལ་མེད་པའི་ཤེས་པ་འབྱུང་མི་སྲིད་པའི་གནས་ལུགས་བརྗོད་ཡོད།
དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ལ་ཕྱྭ་པས་ཚད་མའི་བརྗོད་དོན་རིག་ཚན་བཅོ་བརྒྱད་དུ་གཏན་ལ་ཕབ་སྟེ་བསྡུས་གྲྭའི་སྲོལ་གཏོད་གནང་ཞིང་། སྔར་མེད་རིགས་པའི་བགྲོ་གླེང་གི་ཁོར་ཡུག་ཅིག་གསར་དུ་བསྐྲུན་གནང་ཡོད། སྐབས་དེར་ཡུལ་དང་ཡུལ་ཅན་ཞེས་པའི་རིག་ཚན་གསར་དུ་དང་ལོགས་སུ་བསྟན་གནང་བ་དེས། དོན་གྱིས་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ཆེས་རྩ་བར་གྱུར་བའི་བརྗོད་བྱ་དངོས་སུ་བསྟན་གནང་བ་ཡིན་ཏེ། ཨིན་ཀི་སེས། “མཚན་ཉིད་རིག་པ་ཡོངས་དང་། ལྷག་པར་དུ་ཉེ་རབས་མཚན་ཉིད་རིག་པའི་གལ་འགངས་ཆེ་བའི་གཞི་རྩའི་གནད་དོན་ཞིག་ནི་ཤེས་པ་དང་ཡོད་པ་གཉིས་དབར་གྱི་འབྲེལ་བའི་གནད་དོན་དེ་ཡིན་”⑤ཞེས་བརྗོད་ཡོད་པའི་ཕྱིར། དུས་རབས་བཅུ་གཉིས་པ་ནས་བཅུ་གསུམ་པའི་དུས་འགོ་ཙམ་ལ་ས་སྐྱ་པཎ་ཆེན་གྱིས་ཐོག་མར་མཚན་ཉིད་རིག་པའི་བསམ་བློའི་སྒྲོམ་གཞིའི་ངོས་ནག “ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་པའི་ཚུལ་ལོ་”⑥ཞེས་གསུངས་པ་དེ་ནི། སྔར་བོད་ཀྱི་ཚད་མ་རིག་པའི་བསྟན་བཅོས་ཕལ་མོ་ཆེའི་ལུས་ནི་མངོན་རྗེས་ཚད་མའི་ལེའུ་དང་། ཡང་ན་ཚད་མར་གྱུར་པའི་ལེའུ་དང་མངོན་རྗེས་ཚད་མའི་ལེའུ་ཞེས་པའི་རྩོམ་ལུགས་ཡིན་པ་དེ་ལས་ཆེས་ཆེར་བརྒལ་འདུག་པར་སྙམ་ཞིང་། དུས་དེ་ནས་བཟུང་གོམ་གང་མདུན་སྤོས་ཀྱིས་ཡུལ་དང་ཡུལ་ཅན་གྱིས་གཙོ་བོ་བྱས་པའི་བསྡུས་གྲྭའི་རིག་ཚན་གཞན་ཀུན་ལ་མཚན་ཉིད་རིག་པའི་བསམ་བློའི་རྣམ་པ་ཞིག་དངོས་སུ་གྲུབ་ཡོད། ཕྱིས་སུ་དེའི་རྗེས་འབྲངས་པ་ཚོས་ཚད་མའི་བསྟན་བཅོས་རྩོམ་སྐབས་ཀྱང་ས་པཎ་གྱི་ལུགས་ལྟར་མཛད་པ་མ་ཟད། དགེ་ལུགས་པ་དང་ཇོ་ནང་པའི་ཁྲོད་དུའང་མཚན་ཉིད་རིག་པའི་བསམ་བློ་དང་དེ་དང་མཐུན་པའི་རྩོམ་སྲོལ་ལེགས་པར་བསྐྱངས་ཡོད་པ་ནི་དཔེར་ན། 《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་》ལས། ཤེས་བྱ་ཡུལ་གྱི་རྣམ་གཞག ཤེས་བྱེད་བློའི་རྣམ་གཞག ཤེས་པ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ་ཞེས་པ་སོགས་ཚད་མའི་བསྟན་བཅོས་ཀྱི་ལུས་སུ་མཛད་ཡོད་པ་ལྟ་བུ་དང་། དེ་བཞིན་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་》ཡི་བསྟན་བཅོས་ཀྱི་ལུས་ཀྱང་ས་པཎ་གྱིས་སྲོལ་གཏོད་གནང་བའི་མཚན་ཉིད་རིག་པའི་བསམ་བློ་དང་འཚམ་པའི་རྩོམ་སྲོལ་བེད་སྤྱོད་མཛད་ཡོད་པ་ལྟ་བུ་ཡིན། དུས་རབས་བཅོ་ལྔ་པའི་སྐབས་ཙམ་ནས་བཟུང་བོད་བརྒྱུད་ཚད་མ་རིག་པའམ་བསྡུས་གཞུང་དུ་བདེན་པ་བཞིའི་ལྟ་གྲུབ་ཀྱི་བསམ་བློ་དེ་བརྗོད་གཞིར་བྱས་པ་མངོན་གསལ་ཆེ་ཞིང་། བརྗོད་གཞི་དེ་དང་མཐུན་པར་རིགས་པ་བརྒྱ་ཕྲག་ཕུན་སུམ་ཚོགས་པས་སྐབས་དེའི་ཚད་མའི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱས་པར་བརྟེན། བོད་བརྒྱུད་ཚད་མ་རིག་པ་དེ་རང་བྱུང་མཚན་ཉིད་རིག་པ་ནས་ཤེས་པའི་མཚན་ཉིད་རིག་པའི་ཕྱོགས་སུ་འཕོ་འགྱུར་ཕྱིན་ཡོད་པ་ཤེས་ཐུབ། དེ་ལྟར་ཡུལ་དང་ཡུལ་ཅན་ནི་མཚན་ཉིད་རིག་པའི་གནད་དོན་གཞན་དག་ཡོད་རྒུ་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དུ་སོང་བས། དེས་སྤྱིར་མཚན་ཉིད་རིག་པའི་རྩ་བའི་ཁ་ཕྱོགས་དང་ལམ་ཕྱོགས་ཀྱང་གཏན་འཁེལ་བྱེད་པ་ཡིན།
གཉིས་པ། བསྡུས་གྲྭའི་“ཡུལ་”གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་སྐོར།
མཚན་ཉིད་རིག་པར་ཆ་མཚོན་ནས་བཤད་ན། ཆེས་ཐོག་མར་འཕྲད་སྲིད་པའི་གནད་དོན་ཞིག་ནི། “རང་ངོས་”ནས་ཕར་བལྟོས་པའི་“ཕྱི་ཡུལ་”ཟེར་བ་སྟེ། འཇིག་རྟེན་གྱི་ངོ་བོ་ནི་ཅི་ཞིག་ཡིན་པ་ལ་སོགས་པའི་སྣང་ཚུལ་ནས་ངོ་བོའི་བར་ཤེས་རྟོགས་བྱེད་པར་བརྒྱུད་རིམ་ཞིག་ངེས་པར་བརྒྱུད་དགོས་པ་དེ་ཡིན། དེའི་ཕྱིར་གཞལ་བྱ་“ཡུལ་”དེ་ནི་ཅིས་ཀྱང་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་གཞི་རྩར་གྱུར་ཡོད། དེས་ན་《ཚད་མ་རིགས་གཏེར་དར་ཊིཀ་དང་བདེན་གཉིས་རྣམ་བཤད་》ཅེས་པ་ལས། “ཐོག་མར་ཡུལ་གྱི་རྣམ་གཞག་མ་ཤེས་ན། ། ཚད་མ་གང་དུ་འཇུག་པ་མི་ཤེས་ཤིང། ། ཚད་མའི་མཚན་ཉིད་ལེགས་པར་མི་རྟོགས་པས། ། གཞལ་བྱ་གཉིས་ཀྱི་རྣམ་གཞག་ལེགས་པར་བཤད། །”⑦ཅེས་དང་། 《ཚད་མ་རྣམ་འགྲེལ》ལག “གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ། དོན་བྱེད་ནུས་དང་མི་ནུས་ཕྱིར། །”⑧ཞེས་སོགས་གསུངས་ཏེ། ཚད་མའི་གཞུང་དུ་གཞལ་བྱ་ཡུལ་ནི་རང་གི་གཞུང་ལུགས་ཀྱི་ལྟ་བ་བརྗོད་པའི་རྣམ་གཞག་གཏན་ལ་དབབ་པའི་གཞི་དང་། “ཡུལ་”དེ་ལ་མཚན་ཉིད་རིག་པའི་གོ་བབས་ཧ་ཅང་མཐོ་པོ་ལྡན་པར་བསྟན་གནང་ཡོད། དེ་མིན་《སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་》ལས། “ཡུལ་ལ་ངོ་བོའི་སྒོ་ནས་དབྱེ་ན་དངོས་པོ་དང་དངོས་མེད། འདུས་བྱས་དང་འདུས་མ་བག རྟག་པ་དང་མི་རྟག་པ་”⑨ཞེས་“ཡུལ་”གྱི་བརྗོད་བྱའི་ཁྱབ་ཁོངས་ཀྱི་ནང་དུ་དངོས་པོ་དང་དངོས་མེད། འདུས་བྱས་དང་འདུས་མ་བྱས། རྟག་པ་དང་མི་རྟག་པ་བཅས་ཚུད་ཡོད་ཚུལ་བསྟན་གནང་ཞིང་། དེ་དག་ནི་སྤྱིར་མཚན་ཉིད་རིག་པའི་གཞུང་ལུགས་གྲུབ་བྱེད་ཀྱི་ཆེས་རྩ་བར་གྱུར་བའི་ཐ་སྙད་འབའ་ཞིག་ཡིན་ཏེ། དཔེར་ན། གཞུང་ལུགས་དེའི་ཁྲོད་ཀྱི་“དངོས་པོ་”དང་། “དུས་”དང་། “ཕྱོགས་”ཟེར་བ་སོགས་ལྟ་བུའོ། རྒྱུ་མཚན་དེ་འདྲའི་དབང་གིས་བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་སྟེང་དུ་མཚན་ཉིད་རིག་པའི་བརྗོད་གཞིའི་སྐོར་ལ་དོ་སྣང་དང་དཔྱད་གླེང་མཛད་མཁན་མང་པོ་བྱུང་ཡོད་ཅིང་། དེ་ལས་བསྡུས་གྲྭའི་“ཡུལ་”གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློའམ་ལྟ་བའི་སྐོར་ཐོག་མར་གསུང་མཁན་ནི་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཡིན། ཁོང་གིས་ཤེས་བྱའི་ཡུལ་གྱི་ཐད་ནས། གཟུང་བ་དང་འཇུག་པའི་ཡུལ་བཅས་ཡུལ་གཉིས་ཀྱི་དགོངས་པ་བཏོན་གནང་ཡོད་ཅིང་། ལྟ་བ་དེར་ཆེད་དུ་རིགས་པའི་མུ་བཞི་ཡང་དྲངས་གནང་ཡོད་པ་ནི། “གཟུང་བ་ཡིན་ལ་འཇུག་ཡུལ་མ་ཡིན་པ་ནི་དཔེར་ན་སྒྲོ་བཏགས་པའམ་རང་གི་རྣམ་པ་ལྟ་བུའམ། ཡང་ན་རྣམ་པར་འཇོག་པའི་སྐད་ཅིག་མ་ངེས་པས་ཡུལ་དུ་མ་བྱས་པ་ལྟ་བུའོ། འཇུག་ཡུལ་ཡིན་ལ་གཟུང་ཡུལ་མ་ཡིན་པ་ནི་དཔེར་ན་མྱིག་གིས་བློ་ལ་རེག་པ་ལ་སྩོགས་ལྟ་བུའོ། གཉི་ག་ཡིན་པ་ནི་རྣམ་པར་འཇོག་པའི་རྒྱུ་ངེས་པས་ཡུལ་དུ་བས་པའམ། འཛིན་པའི་རང་གི་ངོ་བོ་བཞིན་ནོ། གཉི་ག་མ་ཡིན་པ་ནི་དུ་བ་འཇིན་པའི་བློ་ལ་མེ་ལྟ་བུའོ་”⑩ཞེས་བྱུང་བ་ལྟ་བུ་ཡིན། དེ་ལྟར་ཁོང་གིས་གཟུང་བའི་ཡུལ་དང་འཇུག་པའི་ཡུལ་གཉིས་ནི་ཕན་ཚུན་བརྟེན་པ་དང་བལྟོས་བཅས་མཉམ་པ་ཉིད་དུ་ཡོད་པའི་དངོས་པོའི་རིགས་གཉིས་ཡིན་པར་བཞེད་ཅིང་། ཡུལ་ཡོད་ཀྱང་གཟུང་བས་མ་ཟིན་ན་སྣང་ལ་མ་ངེས་པའི་བློ་བཞིན་འགྱུར་བ་དང་། གཟུང་ཡུལ་ཡོད་ཀྱང་འཇུག་ཡུལ་མེད་ཚེ་ཁ་གཏད་སའི་ཡུལ་མེད་པར་འགྱུར་བའི་བཞེད་ཚུལ་དེ་ནི་ལེ་ཉིན་གྱིས། “ཐ་དད་ངོས་ཀྱི་གཅིག་མཐུན་ནི་ཤེས་པའི་ཆོས་ཉིད་ཡིན་”⑾ཞེས་གསུངས་པ་དང་འདྲ། མདོར་ན། རྔོག་ལོ་ཆེན་པོས་ཡུལ་ནི་གཟུང་ཡུལ་དང་འཇུག་ཡུལ་གཉིས་སུ་དབྱེ་ནས་དེ་གཉིས་སོ་སོ་བ་ཡིན་ཞིང་གཅིག་གྱུར་ཡང་ཡིན་པའི་རྩོད་སྒྲུབ་རིག་པའི་བསམ་བློ་དེ་ལེགས་པར་གསུངས་ཡོད། དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ལ་ཕྱྭ་པ་ཆོས་ཀྱི་སེང་གེས། ཚད་མའི་ཡུལ་ནི་འཇུག་ཡུལ་ཡིན་ཏེ། གཉིས་ཀ་བདེན་པའི་མངོན་སུམ་ཚད་མ་ཡིན་པ་དང་། གཟུང་བ་བདེན་པ་མེད་ཀྱང་འཇུག་ཡུལ་བདེན་པ་རྗེས་དཔག་ཚད་མ་ཡིན་པའི་ཕྱིར། ཚད་མ་འཇུག་ཡུལ་བདེན་པའི་རྗེས་སུ་འགྲོ་བ་ལ་གཉིས་ཀ་བདེན་པ་མེད་པའི་ཐག་པ་ལ་སྦྲུལ་དུ་རྟོག་པ་ལ་སོགས་པ་ཚད་མ་མ་ཡིན་པ་དང་། གཟུང་བ་བདེན་པ་ཡོད་ཀྱང་འཇུག་ཡུལ་བདེན་པ་མེད་པས། སྣང་ལ་མ་ངེས་པ་ཚད་མ་མ་ཡིན་པའི་ཕྱིར། འཇུག་ཡུལ་ལོག་ན་ཚད་མ་ལྡོག་པའི་ཕྱིར་རོ་ཞེས་སོགས་གསུངས་ཏེ། མཚན་ཉིད་རིག་པའི་གཞུང་དུ་ཤེས་རྟོགས་ཀྱི་རྣམ་གཞག་ལ་“སྣང་ཚུལ་རྟོགས་པ་”དང་། “ངོ་བོ་རྟོགས་པ་”གཉིས་ལྡན་པ་དེ་དང་ཆ་འདྲ་བར་ཤེས་བྱའི་“ཡུལ་”གྱི་ཐད་རང་གི་ཁྱད་ཆོས་ལྡན་པའི་ལྟ་བ་དང་རིགས་པ་སྤྲོས་གནང་ཡོད། རྗེས་སུ་དུས་རབས་བཅུ་གསུམ་པའི་ནང་ས་པཎ་གྱིས་《ཚད་མ་རིགས་གཏེར་》གྱི་ནང་དུ། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་“ཡུལ་”གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་ལྟ་བ་མི་འདྲ་བ་ཞིག་བཏོན་གནང་ཡོད་པ་ནི། 《ཤེས་བྱ་ཀུན་ཁྱབ་》ལས། “བརྗོད་བྱ་གཏན་ལ་ཕབ་པའི་དོན་ལ་དགོངས་ནས་རྔོག་ལོ་ཆེན་པོས་ངོ་བོ་ཉིད་མེད་པར་སྨྲ་བ་དབུ་མ། ས་ལུགས་པ་རྣམས་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ། གཞན་དག་ཕལ་མོ་ཆེ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་བཀྲལ་ཏེ་བོད་ཀྱི་འགྲེལ་ཚུལ་གསུམ་མོ་”⑿ཞེས་བསྟན་པ་ལྟར་ཡིན་མོད། འདིར་ས་སྐྱ་པཎ་ཆེན་གྱིས་གཞལ་བྱ་“ཡུལ་”གྱི་ཐད་“གཞལ་བྱ་རང་མཚན་གཅིག་ཁོ་ན་”⒀ཞེས་པའི་དགོངས་པ་བཏོན་གནང་ནས་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་“ཡུལ་”ནི་ཕྱི་རོལ་ཡུལ་གྱི་དོན་རང་མཚན་པ་གཅིག་པུར་བཞེད་ཡོད། དེ་ལྟར་ཁོང་གིས་བཏོན་གནང་བའི་“ཡུལ་”གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་ལྟ་བ་དེ་ནི་ཏག་ཏག་ཡར་སྔོན་གྱི་ཕྱྭ་པའི་ཚད་མའི་དགོངས་པ་སྟེ། གཟུང་ཡུལ་དེར་དོན་རང་མཚན་གྱི་གཟུང་ཡུལ་དང་། དོན་སྤྱིའི་གཟུང་ཡུལ། མེད་པ་གསལ་སྣང་གི་གཟུང་ཡུལ་བཅས་གསུམ་དུ་དབྱེ་བ་ལས། དོན་སྤྱི་གཟུང་ཡུལ་དུ་བྱེད་པ་དང་། མེད་པ་གསལ་སྣང་ཅན་གཟུང་ཡུལ་དུ་བྱེད་པ་ཞེས་གསུངས་པ་དེ་དང་རིགས་པས་བགྲོ་གླེང་མཛད་པ་ཞིག་ཏུ་མཐོང་། ཁོང་གིས་ད་དུང་། “ཤེས་པའི་ཡུལ་ནི་རང་གི་མཚན་ཉིད་གཅིག་ཁོ་ན་ཡིན་པས་བླང་དོར་བྱེད་པ་ཐམས་ཅད་རང་གི་མཚན་ཉིད་ཡོད་མེད་ལ་འཇུག་གི་དོན་བྱེད་མི་ནུས་པ་ལ་དགོས་ནུས་མེད་པའི་ཕྱིར་མི་འཇུག་སྟེ་”⒁ཞེས་རང་ལུགས་གསལ་བཤད་མཛད་ཡོད། ལྟ་དགོངས་དེའི་རྒྱབ་རྟེན་གྱི་ཁུངས་ནི་《རྣམ་འགྲེལ་》ལས། “རང་གི་མཚན་ཉིད་གཅིག་གཞལ་བྱ། ། ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱི། ། དོན་བྱ་དེ་ལས་གྲུབ་ཕྱིར་རོ། །”⒂ཞེས་གསུངས་པ་ལྟར་དུ་དཔལ་ལྡན་ཆོས་གྲགས་ཀྱི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལུང་ཚིག་དེར་གཞི་བྱས་པ་ཞིག་གོ མདོར་ན། ཚད་མའི་སྙིང་པོ་བསྡུས་གྲྭའི་ཡུལ་གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློ་ནི། “དེ་ཡང་རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ་ཡུལ་དེ་གཞི་གྲུབ་ཡིན་ན་རང་བཞིན་གྱིས་གྲུབ་པ་ཡིན་དགོས་པས་ཡུལ་མི་བསླུ་བ་ནི་རང་གི་ངོ་བོས་གྲུབ་པའི་ཡུལ་ཐམས་ཅད་ཡིན་ནོ། ། ཐལ་འགྱུར་བས་ནི་ཐ་སྙད་ཚད་མའི་ངོར་སྣང་བ་ཙམ་དེ་ཡུལ་མི་བསླུ་བ་ལ་བཞེད་ཀྱི་རང་བཞིན་གྱིས་གྲུབ་པའི་ཡུལ་གཅིག་ཀྱང་ལུགས་དེས་མི་བཞེད་དོ་”⒃ཞེས་གསུངས་པ་བཞིན་ཡིན་ལ། བོད་ཡུལ་དུ་གྲུབ་མཐའ་སྣ་ཚོགས་ཤིག་མཆིས་པའང་དོན་གྱིས་ཤེས་བྱའི་“ཡུལ་”དེར་རང་གི་ལྟ་ཚུལ་ལམ་ངོས་འཛིན་བྱེད་སྟང་མི་འདྲ་བའི་དབང་གིས་བྱུང་བ་ཞིག་ཡིན་པས། དེ་ནི་ཕྱི་ནང་གི་གྲུབ་མཐའ་རྣམས་ཤན་འབྱེད་བྱེད་ལྟ་བུ་ཞིག་ཏུའང་གྱུར་ཡོད།
གསུམ་པ། བསྡུས་གྲྭའི་“ཡུལ་ཅན་”གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་སྐོར།
འཇིག་རྟེན་གྱི་ལྟ་ཚུལ་གཙོ་བོར་བཏོན་ནས་བརྗོད་པའི་མཚན་ཉིད་རིག་པའི་བསམ་བློའི་ངོས་ནས་བལྟས་ཚེ། མི་ཐམས་ཅད་ཀྱི་སྟེང་ན་རང་བྱུང་ཁམས་ཀྱི་རང་བཞིན་ཡོད་ལ། སྤྱི་ཚོགས་ཀྱི་རང་བཞིན་ཡང་ཡོད། མི་ལ་སྲོག་ཆགས་གཞན་ལས་ཁྱད་འཕགས་ཀྱི་ནུས་པ་ལྡན་པའི་རྒྱུ་མཚན་ཡང་མཐར་གཏུགས་ནས་བཤད་ན། འདུ་ཤེས་ལ་ངེས་པ་སྟེ། དེ་ནི་མིའི་རིགས་ཁོ་ནར་འཛོམས་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་པས་སོ། བསམ་གཞིག་གི་ངོ་བོའི་འདུ་ཤེས་ཆགས་པའི་མི་སུ་འདྲ་ཞིག་ཡིན་ཡང་འཇིག་རྟེན་ཐོག་བསླེབས་དུས་“ཅི་ཞིག་ཤེས་པར་བྱ་རྒྱུ་”དང་། “ཇི་ལྟར་ཤེས་དགོས་པ་”གཉིས་ནི་ཐོག་མ་ཉིད་ནས་འཕྲད་སྲིད་པའི་དོན་གནད་ཆེ་ཤོས་ཤིག་ཡིན་ངེས་པས། གཞི་གྲུབ་ཀྱི་ཤེས་བྱ་མཐའ་དག་ཀྱང་མདོར་དྲིལ་ན། གཞལ་བྱ་དང་འཇལ་བྱེད་ཅེས་རིགས་གཉིས་སུ་ཕྱེ་བ་ཡིན། བོད་བརྒྱུད་ཚད་མ་རིག་པའམ་བསྡུས་གྲྭའི་ནང་དུ་གཞལ་བྱ་དང་འཇལ་བྱེད་ཅེས་པར་“ཡུལ་དང་ཡུལ་ཅན་”ཞེས་ཐ་སྙད་སོ་སོར་བཏགས་ཤིང་། འདིར་གླེང་བར་བྱ་བ་ནི་འཇལ་བྱེད་དམ་ཤེས་བྱེད་“ཡུལ་ཅན་”གྱི་སྟེང་གི་མཚན་ཉིད་རིག་པའི་བསམ་བློའི་སྐོར་ཡིན།
བོད་བརྒྱུད་ཚད་མ་རིག་པའི་ཁྲོད་ཀྱི་“ཡུལ་ཅན་”དང་ནུབ་ཕྱོགས་མཚན་ཉིད་རིག་པའི་ནང་བརྗོད་པའི་འཇལ་བྱེད་དམ་ཤེས་བྱེད་(认识主体)གཉིས་གོ་དོན་གཅིག་མཚུངས་མིན་ཏེ། ནུབ་ཕྱོགས་མཚན་ཉིད་རིག་པའི་འདོད་ཚུལ་ལྟར་ན། “འཇལ་བྱེད་དམ་ཤེས་བྱེད་”ཅེས་པ་ནི་མི་གཅིག་པུ་ལ་གོ་དགོས་ཤིང་། བསྡུས་གཞུང་དུ་ནི་གང་ཟག་གཅིག་པུ་ལ་གོ་བ་མ་ཡིན་པར་འཇལ་བྱེད་ཡུལ་ཅན་ལ་ཤེས་པར་གྱུར་བའི་ཡུལ་ཅན་དང་། གཟུགས་སུ་གྱུར་བའི་ཡུལ་ཅན་དང་། ལྡན་མིན་འདུ་བྱེད་དུ་གྱུར་བའི་ཡུལ་ཅན་བཅས་གསུམ་ལ་གོ་བ་ཡིན། དེ་ནི་བོད་བརྒྱུད་ཚད་མ་རིག་པའམ་བསྡུས་གྲྭའི་ནང་གི་ཤེས་རྟོགས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཞིག་རེད། ཡུལ་ཅན་གསུམ་པོ་དེ་ལས་ལྡན་མིན་འདུ་བྱེད་དུ་གྱུར་བའི་ཡུལ་ཅན་ནི་གང་ཟག་སྟེ། མི་ཡིན་པར་བསྟན་ཞིང་། དེ་ནི་ཏག་ཏག་ནུབ་ཕྱོགས་མཚན་ཉིད་རིག་པས་འདོད་པའི་“འཇལ་བྱེད་དམ་ཤེས་བྱེད་”ཀྱི་གོ་དོན་དང་ཡོངས་སུ་གཅིག་མཚུངས་ཡིན་པ་དང་། གཟུགས་སུ་གྱུར་བའི་ཡུལ་ཅན་ནི་ཡི་གེ་དང་རྗོད་བྱེད་ཀྱི་སྒྲ་ལ་གོ་ཞིང་། དེ་ཡང་སྤྱིར་ཚད་གཞུང་དུ་མངོན་རྗེས་ཚད་མ་གཉིས་ཡོད་པའི་ནང་གི་ཕྱི་མ་དེའི་ཡ་གྱལ་གཞན་དོན་རྗེས་དཔག་གི་འབྲས་བུ་ཚད་མའི་བློ་དེའི་རྒྱུ་ངག་ཉིད་ཡིན་ཞིང་། “ཚིག་ལས་ཚུལ་གསུམ་དྲན་པ་སྐྱེ། དེ་ལས་རྗེས་དཔག་སྐྱེས་པས་ན་”ཞེས་པ་ལྟར། དེ་ལ་བོད་བརྒྱུད་ཚད་མ་རིག་པའི་མཚན་ཉིད་རིག་པའི་བསམ་བློ་ལྡན་པ་སྟེ། ཤེས་པའི་རྣམ་གཞག་འགངས་ཆེན་ཞིག་ཏུ་བརྩི་བ་ཡིན། ཡུལ་ཅན་གསུམ་པོ་དེ་དག་ལས་གཙོ་བོར་གྱུར་བའི་ཡུལ་ཅན་ནི་ཤེས་པར་གྱུར་བའི་ཡུལ་ཅན་ཉིད་ཡིན་ཞིང་། བོད་བརྒྱུད་ཚད་མ་རིག་པར་མཚོན་ནའང་། རང་གི་མཚན་ཉིད་རིག་པའི་བསམ་བློ་ཆེས་ཆེར་ལྡན་སའང་ཤེས་པར་གྱུར་བའི་ཡུལ་ཅན་དེ་ཡིན།
སྤྱིར་ན་“ཤེས་པ་ལ་ཡུལ་གྱི་སྒོ་ནས་རྟོག་བཅས་དང་རྟོག་མེད་གཉིས་སུ་བསྟན་ཏེ། ཡུལ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར་རོ་”⒄ཞེས་བསྟན་པའི་རྟོག་མེད་དེ་ནི་ཡུལ་དངོས་ཡོད་ལ་ཕྲད་པའི་དབང་ཤེས་མངོན་སུམ་ཉིད་ཡིན་པར་གོ་སླ་ཞིང་། རྟོག་བཅས་སམ་རྟོག་པ་ཡིན་ན་སྤྱི་མཚན་དུ་གྱུར་བའི་ཤེས་པ་ཡིན་པས། མངོན་སུམ་རྐྱང་རྐྱང་དེ་མ་ཡིན་པར་བརྟེན། འགའ་ཞིག་གིས་དེ་ཉིད་ཡང་དག་པའི་ཤེས་པ་དང་ཤེས་པའི་ཡུལ་ཅན་དུ་མི་བཞེས་པར་སྣང་ཡང་། དེས་ནི་དོན་སྤྱི་སྣང་ཡུལ་དུ་བཅོས་ཤིང་སྒྲོ་བཏགས་ནས་རང་གི་འཇུག་ཡུལ་ལ་བསླུ་བ་མིན་པས། རྟོག་པ་ཡང་ཤེས་པའི་ཡུལ་ཅན་ཡིན་པ་མ་ཟད། ཡང་དག་པའི་ཤེས་པ་ཡང་ཡིན་པར་ངེས། འགྲོ་བ་མིའི་རིགས་ལ་ཆ་བཞག་ན། རྟོག་པ་ནི་རྗེས་དཔག་གམ་བསམ་གཞིག་གི་ངོ་བོ་ཅན་ཞིག་ཡིན་པས། གསར་སྐྲུན་བྱེད་པ་ལའང་རྟོག་པའི་ལག་རྗེས་ནི་ཤིན་ཏུ་ཆེ་བར་མཐོང་སྟེ། དཔེར་ན་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་དུ་དཔལ་འབྱོར་གྱི་འཛུགས་སྐྲུན་དང་། ཆབ་སྲིད་ཀྱི་འཛུགས་སྐྲུན། རིག་གནས་ཀྱི་འཛུགས་སྐྲུན་སོགས་ལྟ་བུ་ནི་རྟོག་པའི་གཞལ་བྱ་དང་རྟོག་པའི་ཡུལ་ཤ་སྟག་ཡིན་སྟབས། རྟོག་པའི་བསམ་གཞིག་གི་རིན་ཐང་མེད་དུ་མི་རུང་བ་ཡིན། “《རྣམ་ངེས་དར་ཊཱིཀ་》ལས། བུམ་པ་ཞེས་བརྗོད་པ་ན། སྒྲ་རང་མཚན་པ་དེའི་རྗེས་སུ་འགགས་ཀྱང་གྲག་པའི་རྣམ་པ་ཤར་བ་དེ་ཉིད་སྒྲ་སྤྱི་དང་། སྒྲ་སྤྱི་གཟུང་ཡུལ་དུ་བྱེད་པའི་རྟོག་པ་དེ་ཉིད་ལ་ལྟོ་ལྡིར་ཞབས་ཞུམ་པའི་དོན་སྤྱི་ཤར་བ་དང་། ཞེས་གསུངས་པ་ལྟར་བུམ་པའི་མིང་གི་ཆ་འདྲ་བ་བློ་ལ་འཆར་བ་དེ་སྒྲ་སྤྱི་ལྟོ་ལྡིར་ཞབས་ཞུམ་པའི་དོན་གྱི་སྤྱི་དང་དོན་གྱི་ཆ་འདྲ་བ་བློ་ལ་འཆར་བ་དེར་དོན་སྤྱི་ཞེས་བརྗོད་པ་ཡིན་”⒅ཞེས་བརྡ་ལ་བྱང་བའི་མི་ཞིག་ཡིན་ན། བྱ་དངོས་ངོས་འཛིན་དང་ཤེས་རྟོགས་བྱ་བའི་བརྒྱུད་རིམ་ནང་སྒྲ་སྤྱི་དང་དོན་སྤྱིའི་རྟོག་པའི་ཡུལ་གྱི་གནད་འགག་གི་ལྷུ་ཚིགས་གཉིས་པོ་ངེས་པར་བརྒྱུད་དགོས་པར་བསྟན་ཅིང་། “དེ་ལའང་སྒྲ་དོན་འདྲེས་པར་སྣང་ཚུལ་གཉིས་ཡོད་དེ། ཐོག་མར་བུམ་པ་ཞེས་བརྗོད་པ་ན་སྒྲ་རང་མཚན་པ་དེ་བརྗོད་ཟིན་པ་ན་འགགས་ཀྱང་བུམ་པ་ཞེས་བརྗོད་པའི་སྒྲ་གྲགས་པའི་རྣམ་པ་ཅན་གྱི་སྒྲ་སྤྱི་དེ་ཉིད་ཤར་བའི་སྒོ་ནས་ལྟོ་ལྡིར་ཞབས་ཞུམ་པའི་ཆ་འདྲ་བའི་བུམ་པའི་དོན་སྤྱི་དེ་ཡང་སྔ་མའི་སྒྲ་སྤྱི་དེ་དང་འདྲེས་ནས་སྣང་བ་དང་། ཡང་ཐོག་མར་ལྟོ་ལྡིར་བ་བཟུང་ནས་དེ་བུམ་པའོ་སྙམ་པའི་སྐབས་སུ་བུམ་པའི་དོན་སྤྱི་ཤར་ནས་དེ་ལ་བུམ་པའི་སྒྲ་སྤྱི་འདྲེས་བར་སྣང་བ་དང་གཉིས་ཡོད་པའི་ཕྱིར་”⒆ཞེས་བརྗོད་པས་ནི། ད་ལྟར་མངོན་གྱུར་མ་ཡིན་པའི་འདས་པ་དང་མ་འོངས་པའི་བྱ་དངོས་ལྟ་བུ་དང་། གཞན་སྤྱི་མཚན་དུ་གྱུར་བའི་གཞལ་བྱ་སྟེ། བུམ་པ་མི་རྟག་པ་ལྟ་བུར་ཤེས་རྟོགས་བྱ་དགོས་ཚེ། ངེས་པར་དུ་སྒྲ་སྤྱི་དང་དོན་སྤྱི་ཟུང་དུ་འབྲེལ་བའི་སྒོ་ནས་ཤེས་རྟོགས་བྱེད་པའི་ཁྱད་ཆོས་དེ་བརྗོད་ཡོད། དེ་ལྟར་རྟོག་བཅས་ཀྱི་བློ་ནི་ཤེས་པར་གྱུར་བའི་ཡུལ་ཅན་གྱི་བརྗོད་བྱར་མེད་དུ་མི་རུང་བ་ཞིག་ཡིན་པ་ཐེ་ཚོམ་མེད། དེ་ལས་ཀྱང་ཤེས་པར་གྱུར་བའི་ཡུལ་ཅན་ནི་བོད་བརྒྱུད་ཚད་མ་རིག་པར་གཙོ་བོའམ་གལ་ཆེ་བར་བརྩི་དོན་ནི་གཞུང་འདིའི་ཐོག་མཐའ་བར་གསུམ་དུ་“ཚད་མ་”སྟེ། ཡང་དག་པའི་ཤེས་པའི་“སྲོག་ཤིང་”བརྟན་པོར་ཚུགས་ཡོད་པས་ཡིན། 《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་》ཞེས་པ་ལས། “རྒྱན་ལས། ཇི་ལྟར་བློ་ཚད་མ་ཡིན་ཞེ་ན། དེ་ལ་བཤད་པ་ནི། བླང་བ་དང་དོར་བར་བྱ་བའི་ཡུལ་ལ་འཇུག་པར་ནི། ཚད་མ་ཞེས་བརྗོད་ལ། འཇུག་པ་དེ་ལའང་བློ་ཉིད་གཙོ་བོ་ཡིན་ནོ ”⒇ཞེས་གསུངས་ཏེ། ང་ཚོ་གཟུགས་ཅན་དངོས་པོ་དང་སྤྱི་ཚོགས་ཁྲོད་གནས་ཤིང་འཚོ་སྡོད་བྱེད་སྐབས་ཐུན་མོང་གི་སྣང་ཡུལ་མཐའ་དག་ནི་བྱེ་བྲག་རྟགས་དང་མཚན་མ་མང་པོ་དང་ལྡན་པ་ཞིག་ཡིན་སྟབས། འཇལ་བྱེད་ཡུལ་ཅན་དེས་འཇལ་བའི་ཚེ་ནའང་དབང་ཤེས་ཀྱིས་ཐད་ཀར་རྟོགས་སླ་མོད། ཡིན་ནའང་ཐོག་མའི་སྣང་ཡུལ་དང་འཕྲད་པའི་རྗེས་སུ་བླང་དོར་བྱ་བའི་འཇུག་ཡུལ་དེར་ཞུགས་པ་ན། ད་གཟོད་ཤེས་པར་གྱུར་བའི་ཡུལ་ཅན་དེ་ལས་གཙོ་བོའི་ཡུལ་ཅན་ཞིག་མེད་པ་མཐོང་ཞིང་། དེ་ལས་འཐོབ་པའི་འབྲས་བུ་ནི་གཟུགས་ཅན་གྱི་དངོས་པོ་མ་ཡིན་པར་དོན་བྱ་མཐའ་དག་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་ཏེ། ཡང་དག་པའི་ཤེས་པ་ལས་གཞན་མ་ཡིན་པའི་ལྟ་གྲུབ་ཀྱི་བསམ་བློ་མངོན་པར་བྱས་ཡོཔ ཡང་། 《ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནད་རྣམ་པར་བཤད་པ་》ཞེས་པ་ལས། “དེ་ཡང་སློབ་དཔོན་ཆོས་མཆོག་ལྟར་ན། རྣམ་པ་གསུམ་སྟེ། དབྱེ་བ་དང་། སྤྱིའི་མཚན་ཉིད་དང་། དབྱེ་བ་ངེས་པ་བསྒྲུབ་པའོ། ། དང་པོ་ནི། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་ཅེས་བྱ་བའོ་ཞེས་བྱ་བ་འདི་ཡིན་ནོ་”﹙21﹚ཞེས་གསུངས་ཏེ། འགོ་ཁུངས་རྒྱ་གར་གྱི་ཚད་མ་རིག་པ་ནས་བོད་ཡུལ་གྱི་ཚད་བསྡུས་གང་ལ་བལྟས་ཀྱང་ནང་པའི་ཚད་གཞུང་གི་འཇིག་རྟེན་གྱི་ལྟ་ཚུལ་དང་ཤེས་པའི་རྣམ་གཞག་སོགས་མཚན་ཉིད་རིག་པའི་བསམ་བློའི་ངོས་ཐམས་ཅད་དུ་མངོན་སུམ་དང་རྗེས་དཔག་གཉིས་ཀྱིས་བསྡུས་ཏེ་མཚོན་པའི་“གསར་དུ་མི་བསླུ་བའི་རིག་པ་”ཡིས་ཁྱབ་ནས་ཡོད་པས། ཤེས་པའི་ཡུལ་ཅན་ནི་གཞུང་འདི་གྲུབ་བྱེད་ཀྱི་གཞི་རྐང་དུ་བཞག་པ་ཤེས་ནུས། མཚན་ཉིད་རིག་པ་ཞིག་ཡིན་ཕྱིན། བྱ་དངོས་ཀྱི་ངོ་བོ་དང་སྣང་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་དེ་གཙོ་བོ་ཡིན་ཞིང་། དེ་བཞིན་ནང་དོན་དང་རྣམ་པར་གྱུར་བའི་བསམ་གཞིག་དང་སྐད་བརྡ་གཉིས་དབར་ཞིབ་འཇུག་བྱེད་པ་དེ་དང་ཆ་འདྲ་བར་བོད་བརྒྱུད་ཚད་མ་རིག་པར་ཡང་ཤེས་པར་གྱུར་བའི་ཡུལ་ཅན་དང་གཟུགས་སུ་གྱུར་བའི་ཡུལ་ཅན་གཉིས་ལ་དཔྱད་གླེང་བྱས་ཡོད་པ་མཐོང་ཐུབ་སྟེ། དུས་རབས་བཅུ་གསུམ་པའི་ནང་དུ་ས་སྐྱ་པཎ་ཆེན་གྱིས། “རང་རང་གི་བློ་ཁོ་ན་དང་འབྲེལ་ན་རང་རིག་པ་བཞིན་དུ་གཞན་ལ་བསྟན་ཀྱང་གོ་བར་མི་འགྱུར་རོ། ། དེའང་རྣམ་འགྲེལ་ལས། བདག་ལ་རྟག་ཏུ་འབྲེལ་ཡིན་ན། ། བརྗོད་ཀྱང་རྟོགས་པར་མི་འགྱུར་རོ། ། ཞེས་གསུངས་པ་ལྟར་རོ་” ﹙22﹚ཞེས་དང་། “གང་ཟག་རང་རང་གི་བློ་དང་འབྲེལ་བ་རྐྱང་པ་དེ་བརྗོད་པས་རང་རང་གི་བློ་དང་འབྲེལ་བ་དེ་གོ་བའི་ཕྱིར་གཉིས་ཀའི་བརྗོད་བྱ་ཐུན་མོང་བ་གོ་བར་མི་ནུས་ཏེ་གཉིས་ལ་མཚམས་སྦྱོར་བའི་ཐབས་མེད་པའི་ཕྱིར་རོ་” ﹙23﹚ཞེས་སོགས་གསུངས་པ་ལྟར་ཡིན། དེ་ལས་ཅི་བྱས་ཐམས་ཅད་མཐར་ཐུག་ཡིད་ཀྱི་ཤེས་པ་དང་ཀུན་སློང་ལ་རག་ལས་པར་བསྟན་ཏེ། གཟུགས་ཀྱི་ཡི་གེ་དང་གཟུགས་སུ་གྱུར་བའི་རྗོད་བྱེད་སྒྲ་ཁོ་ནའི་སྟེང་ནས་ནང་སེམས་ཀྱི་གསལ་ཆ་དེ་ཇི་བཞིན་མཚོན་མི་ཐུབ་པར་འདོད། དེ་ཡང་མདུན་གྱི་ཅོག་ཙེའི་སྟེང་གི་བུམ་པ་ཞེས་བརྗོད་པའི་སྒྲ་གཅིག་འདྲར་གོ་ཡང་། དེའི་འཁོར་གྱི་མི་གཉིས་སམ་བཞི་པོ་རེ་རེའི་བུམ་པའི་སྟེང་གི་ལྡོག་པའམ་རྟོག་པ་འཆར་ཚུལ་སྣ་ཚོགས་དང་སོ་སོ་མི་འདྲ་བ་ཡིན་པ་ལྟར། དེས་གཟུགས་ཤེས་གཉིས་རྩ་བ་ཐ་དད་ཡིན་པའི་མཚན་ཉིད་རིག་པའི་བསམ་བློ་ངང་གིས་བསྟན་ཡོད་པར་སྙམ།
གཤམ་དུ་བོད་ཀྱི་སྔོན་བྱོན་མཁས་པ་འགའ་རེས་བློལ་ཚད་མའི་བློ་དང་། ཚད་མིན་གྱི་བློ་གཉིས་སུ་ཡོད་པ་ལས་ཚད་མིན་གྱི་བློའི་སྐོར་ལ་ཞིབ་འཇུག་མཛད་པར་དགོངས་ཚུལ་མི་འདྲ་བ་ཕྲན་བུ་རེ་བྱུང་ཡོད་པ་ངོ་སྤྲོད་མདོ་ཙམ་ཞུས་ན་འདི་ལྟར། དུས་རབས་བཅུ་གཅིག་པའི་ནང་དུ་རྔོག་ལོ་ཆེན་པོས། བློ་ནི་གཉིས་ཏེ། ཚད་མ་མ་ཡིན་པ་དང་། ཚད་མའོ། ཚད་མ་མ་ཡིན་པ་ནི་རྒྱས་པར་ཕྱེ་ན་ལྔ་སྟེ། སྣང་ལ་མ་ངེས་པ་དང་། དཔྱད་པའི་ཡུལ་ཅན་དང་། ལོག་པའི་ཤེས་པ་དང་། ཡིད་དཔྱོད་དང་། ཐེ་ཚོམ་མོ། བསྡུས་ན་གསུམ་སྟེ། དང་པོ་གཉིས་ནི་མ་རྟོགས་པ་དང་། བར་མ་གཉིས་ནི་ལོག་པར་རྟོག་པ་དང་། ཐ་མ་ཉིད་ནི་ཐེ་ཚོམ་མོ་ཞེས་པའི་ལྟ་དགོངས་བཏོན་གནང་ཡོད་ཅིང་། དེ་བཞིན་དུས་རབས་བཅུ་གཉིས་པའི་ནང་དུ་ཕྱྭ་པས་གཟུང་ཡུལ་ལ་བལྟོས་ནས་རྣམ་པ་གསུམ་དབྱེ་སྟེ། དོན་རང་མཚན་གཟུང་ཡུལ་དུ་བྱེད་པ་རྟོག་བྲལ་མངོན་སུམ་དང་། དོན་སྤྱི་གཟུང་ཡུལ་དུ་བྱེད་པ་རྟོག་པ་དང་། མེད་པ་གསལ་སྣང་ཅན་གཟུང་ཡུལ་དུ་བྱེད་པ་རྟོག་མེད་འཁྲུལ་ཤེས་དང་གསུམ་མོ། གཟུང་ཡུལ་དང་ཞེན་ཡུལ་གཉིས་ཀ་ལ་བལྟོས་ནས་རྣམ་པ་བདུན་དུ་དབྱེ་བ་ལས། ཡིད་དཔྱོད་དང་། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ་བཅས་ནི་ཚད་མིན་གྱི་བློ་ལྔའོ། དེ་དག་གོང་གི་བློ་གསུམ་གྱི་ནང་དུ་འདུ་ཚུལ་ནི། སྣང་ལ་མ་ངེས་པ་ནི་རྟོག་མེད་མ་འཁྲུལ་བ། ཡིད་དཔྱོད་དང་ཐེ་ཚོམ་གཉིས་ནི་རྟོག་པ། ལོག་ཤེས་ནི་རྟོག་མེད་འཁྲུལ་བ་རྣམས་དང་ཞེས་པའི་བཞེད་ཚུལ་བཏོན་གནང་ཡོད་པ་དང་། དུས་རབས་བཅུ་བཞི་པའི་དུས་དཀྱི་ལ་ཙམ་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཡུལ་ཅན་ཤེས་པའམ་བློ་དེའི་སྐོར་ལ་ཐུགས་གཞོལ་གནང་སྟེ། ཤེས་བྱེད་བློ་དེར་བློ་སྤྱི་ཙམ་སྟོན་པ་དང་། ཚད་མའི་བློ་བྱེ་བྲག་ཏུ་སྟོན་པ་ཞེས་གཉིས་སུ་ཕྱེ་ནས་ཡོད་པ་ལས། བློ་ཙམ་ལ་དབྱེ་ན། གཟུང་ཡུལ་ལ་བལྟོས་ནས་བློ་རིག་གསུམ་དང་། གཟུང་ཡུལ་དང་འཇུག་ཡུལ་ལ་བལྟོས་ནས་བློ་རིག་རྣམ་པ་བདུན་དུ་དབྱེ་གནང་ཡོད། ས་སྐྱ་པཎ་ཆེན་གྱིས་ནི་ཚད་མིན་གྱི་བློའི་སྐོར་ལ། “མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ། ། ཚད་མའི་འགལ་ཟླ་རྣམ་པ་གསུམ། །”ཞེས་གསུངས་པ་དང་། དུས་རབས་བཅོ་ལྔ་པར་ཀརྨ་པ་ཆོས་གྲགས་རྒྱ་མཚོས། ཚད་མིན་གྱི་བློ་ཐམས་ཅད་ལོག་ཤེས་དང་ཐེ་ཚོམ་གཉིས་སུ་བཞེད་པ་སོགས། མདོར་ན། གོང་གསལ་དེ་དག་ནི་བོད་ཀྱི་མཁས་པས་མཚན་ཉིད་རིག་པའི་ཤེས་པའི་མ་ལག་ཐད་ཞིབ་འཇུག་མཛད་པའི་གྲུབ་འབྲས་ཤ་སྟག་ཡིན་ལ། བོད་བརྒྱུད་ཚད་མ་རིག་པས་མིའི་རིགས་ཀྱི་སེམས་ཁམས་རིག་པའི་ཆ་དང་། མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་ཐད་བཞག་པའི་ཤེས་རིག་གི་གྲུབ་འབྲས་ཤིག་ཡིན་ནོ། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
① 许俊达:《马克思主义哲学范畴史述要》,上海社会科学院出版社,2015年10月,第 162页。
② 上海市高校《马克思主义哲学基本原理》编写组:《马克思主义哲学基本原理》,上海人民出版社,1980年7月,第1-2 页。
③《反杜林论》中的自然科学,中国青年出版社,19797月出版,第23 页。
④ ཟླ་བས་གཙོ་སྒྲིག་བྱས།《བོད་ཀྱི་ཚད་མ་རིག་པའི་བསྟན་བཅོས་དཀོན་པོ་བདམས་བསྒྲིགས་》དེབ་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༥པར་དཔར། ཤ་༦ནས་༧བར་ན་གསལ།
⑤《马克思恩格斯选集》第4卷,人民出版社,1972年5月出版,第219页。
⑥⒀⒁⒂﹙22﹚﹙23﹚ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། 《ཚད་མ་》(ཚད་མ་རིགས་གཏེར་རང་འགྲེལ་)པོད་བཅུ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་དང་པོའི་དཔར་ཐེངས་གཉིས་པ། ཤ་༤༨ ༥༢ ༥༢ ༥༢ ༥༠ ༥༠བཅས་སུ་གསལ།
⑦ རྒྱལ་ཚབ་དར་མ་རིན་ཆེགོ 《ཚད་མ་རིགས་གཏེར་དར་ཊིཀ་དང་བདེན་གཉིས་རྣམ་བཤད་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་། ཤ་༢༢ན་གསལ།
⑧ སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས། 《ཚད་མའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༧པར་དཔར། ཤ་༢༦༩ན་གསལ།
⑨《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་༡༢པར་དཔར། ཤ་༦༣༧ན་གསལ།
⑩﹙21﹚རྔོག་བློ་ལྡན་ཤེས་རབ། 《ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༩༤ལོའི་ཟླ་༡༢པར་དཔར། ཤ༣༠ ༡༧བཅས་ན་གསལ།
⑾ 中国马克思主义哲学史学会编:《列宁哲学思想研究》,人民出版社,1985年1月,第1164页。
⑿ ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཤེས་བྱ་ཀུན་ཁྱབ་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོར་དཔར། ཤ་༥༦༨ན་གསལ།
⒃⒆ ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༠༧ལོའི་ཟླ་༡༠པར་དཔར། ཤ་༢༨༩ ༢༤༠བཅས་ན་གསལ།
⒄ ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། 《ཚད་མ་རིགས་གཏེར་གྱི་འགྲེལ་པ་རྣམ་བཤད་རིགས་ལམ་གསལ་བའི་ཉི་མ་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་༡༩༨༨ལོའི་ཟླ་༨པར་དཔར། ཤ་༥༠ནས༥༡བར་ན་གསལ།
⒅ ངག་དབང་བསྟན་འཛིན་དང་བསྟན་པ་ཚེ་རིང་གིས་བསྒྲིགས།《ཚད་མ་རིག་པའི་ཞིབ་འཇུག་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༡༡པར་དཔར། ཤ་༡༦ན་གསལ།
⒇ པཎ་ཆེན་བསོད་ནམས་གྲགས་པ། 《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༠༧ལོའི་ཟླ་༡༠པར་དཔར། ཤ་༡༤༩ན་གསལ།