སྐད་གཉིས་དང་སྐད་གཉིས་སློབ་གསོའི་རིགས་གཞུང་འགའ་ངོ་སྤྲོད་པ།

ཡེ་ཤེས་ལྷ་མོ་འཚོ། བསོད་ནམས་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24


[གནད་བཏུས] རྩོམ་འདིར་པེ་ཁོས་སྐད་རིགས་རིག་གནས་ཀྱི་ཁྱད་ཆོས་ཐད་ནས་སྐད་རིགས་མི་འདྲ་བ་བསླབས་ཏེ་བསམ་གཞིག་རྒྱ་སྐྱེད་ཆོག་པ་རྒྱས་བཤད་བྱས་ཡོད། ཅི་མུའུ•ཁའོ་མེང་སིའི་རིགས་གཞུང་གི་བྱས་རྗེས་གཙོ་བོ་ནི་ཁོང་གིས་སྐད་རིགས་གཉིས་པ་སློབ་པའི་བརྒྱུད་རིམ་དུ་ཕ་སྐད་ཀྱི་བྱེད་ནུས་ནི་ཤིན་ཏུ་གལ་ཆེ་བར་འདོད་པའི་ལྟ་ཚུལ་བཏོན་པ་དེ་ཡིན། ཅི་མུའུ•ཁའོ་མེང་སིའི་མིང་དུ་གྲགས་པའི‘འཁྱགས་རི’རི་མོ་ལས་ཕ་སྐད་ཀྱི་སྐད་ཆའི་ནུས་པ་དང་སྐད་རིགས་གཉིས་པའི་ནུས་པ་བར་གྱི་ཕན་ཚུན་བརྟེན་གནས་ཀྱི་འབྲེལ་བ་འགྲེལ་བཤད་བྱས་ཡོད། ཕན་ཚུན་བརྟེན་གནས་ཞེས་པར་ཕ་སྐད་ནི་སྐད་རིགས་གཉིས་པ་སློབ་པའི་ངེས་ཤེས་རྨང་གཞི་ཡིན་པར་ཆ་བཞག་ནས། ཕ་སྐད་ཀྱི་སྐད་ཆའི་ངེས་ཤེས་ནུས་པ་དེས་སྐད་རིགས་གཉིས་པའི་མ་ལག་འཛུགས་གྲུབ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་འདོད། ཤེས་རིག་ཐེབས་རྩའི་གཞུང་ལུགས་ཀྱིས་བྱིས་པ་འཚར་ལོངས་བྱུང་བའི་བརྒྱུད་རིམ་དུ་ཁྱིམ་ཚང་དང་གྲོང་ཚོ། སྡེ་ཁུལ་དུ་བསླབས་པའི་ཤེས་བྱ་སྟེ། བྱིས་པའི་ཁྱིམ་དུ་བཤད་པའི་སྐད་ཆ་དང་། ཐོས་པའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དམ་གཏམ་དཔེ་དེས་བྱིས་པའི་སློབ་གྲྭའི་སློབ་སྦྱོང་ལ་རོགས་རམ་བྱེད་ཐུབ་པར་འདོད། སྐད་གཉིས་སློབ་གསོར་ཤེས་རིག་ཐེབས་རྩའི་གཞུང་ལུགས་སྤྱོད་པའི་དོན་སྙིང་གལ་ཆེན་ནི། དེས་སློབ་གྲྭར་བསླབས་པའི་ཤེས་བྱ་དང་ཁྱིམ་ཚང་གི་འཚོ་བའི་བར་ཟམ་པ་འཛུགས་པ་དང་མཉམ་དུ། སྐད་རིགས་དང་པོ་དང་སྐད་རིགས་གཉིས་པ་སློབ་པའི་བར་ལ་ཟམ་པ་བཙུགས་པ་དེ་ཡིན། སྒོ་ཐེམ་རིགས་གཞུང་གིས་སྐད་ཆའི་ཆུ་ཚད་ངེས་ཅན་ཞིག་ཡོད་པའི་སྐད་གཉིས་སྨྲ་བ་གང་ཞིག་གི་བསམ་གཞིག་དང་ངེས་ཤེས་ནུས་པ་ལེགས་པ་དང་། སྐད་གཉིས་སྨྲ་བ་གང་ཞིག་གི་བསམ་གཞིག་དང་ངེས་ཤེས་ནུས་པ་མི་ལེགས་པ་ཞིབ་ཏུ་བཤད་ཡོད། སྒོ་ཐེམ་རིགས་གཞུང་གི་གལ་ཆེའི་རང་བཞིན་ནི་ང་ཚོར་སྐད་གཉིས་ཀྱི་སྣ་མང་རང་བཞིན་རྟོགས་སུ་བཅུག་པ་དེ་ཡིན། སྐད་གཉིས་སློབ་གསོའི་རྣམ་པ་མི་འདྲ་བ་དེས་སྐད་གཉིས་སློབ་གསོའི་སྣ་མང་རང་བཞིན་མཚོན་ཡོད།

[གནད་ཚིག] པེ་ཁོའི་རིགས་གཞུང། ཅི་མུའུ•ཁའོ་མེང་སིའི་རིགས་གཞུང་། སྒོ་ཐེམ་རིགས་གཞུང་། ཤེས་རིག་ཐེབས་རྩའི་རིགས་གཞུང་། སྐད་གཉིས་སློབ་གསོ།

1. པེ་ཁོ། (Baker)སྐད་གཉིས་བསམ་གཞིག་རྒྱ་སྐྱེད།

སྐད་གཉིས་སྨྲ་བར་དངོས་པོ་གཅིག་ལ་མིང་གཉིས་སམ་གཉིས་ཡན་ཡོད་ལ། དེས་སྐད་གཉིས་སྨྲ་བའི་བསམ་གཞིག་རྒྱ་བསྐྱེད་པ་དང་། སྐད་གཉིས་སྨྲ་བར་སྔར་ལས་མང་བའི་འཕྲོས་རྟོག་ཡོད་པ་དང་། བསམ་གཞིག་སྣ་མང་བྱུང་སྟེ་གོ་སྟོབས་ཇེ་མཐོར་གཏོང་བ་ཡིན།(པེ་ཁོ(Baker),1992)ཧྥ་རན་སེའི་སྐད་དང་དབྱིན་ཇིའི་སྐད་ཀྱི་སྐད་གཉིས་སྨྲ་བ་ཞིག་ལ་ཐབ་ཚང་ལ་མིང་གཉིས་ཡོད་དེ། དབྱིན་ཇིའི་སྐད་ནི‘kitchen’དང་། ཧྥ་རན་སེའི་སྐད་ནི‘cuisine’ཡིན། མིང་མི་འདྲ་བ་ལ་སྐད་ཆ་མི་འདྲ་བའི་ཁྲོད་དུ་ནང་དོན་མི་འདྲ་བ་རེ་ཡོད། དཔེར་ན། དབྱིན་ཇིའི་སྐད་ཀྱི་ཐབ་ཚང་གི་མིང‘kitchen’ཞེས་པ་ངལ་རྩོལ་བྱེད་པའི་གནས་སུ་གོ་བ་སྟེ། ཐབ་ཚང་གི་ཆུ་རྫིའུ་ཡི་མཐའ་རུ་ལས་ཀ་མང་པོ་ལས་དགོས་པའི་དོན་ཡིན། ཡིན་ནའང་། ཧྥ་རན་སེའི་སྐད་ཀྱི་ཐབ་ཚང་གི་མིང‘cuisine’ཞེས་པ་གསར་བཟོ་བྱེད་པ་དང་། ཁྱིམ་ཚང་གི་ཁོངས་མི་མཉམ་དུ་འཛོམ་པའི་གནས་ཤིག་ལ་གོ་བ་དང་། ཟ་མ་ཟ་བའི་གནས་ཁོ་ན་ཙམ་ཞིག་མ་ཡིན་པར་སྤྱི་ཚོགས་འབྲེལ་འདྲིས་ཀྱི་གནས་ཤིག་ཡིན་པར་འདོད། ཡིན་ནའང་སི་ཝ་ཞི་ལིའི་སྐད་ཀྱི་ཐབ་ཚང་གི་མིང་ནི‘kupatajiko’ཡིན་པ་དང་། སི་ཝ་ཞི་ལིའི་སྐད་དུ་ཐབ་ཚང་ཞིག་ཡོད་པ་དང་གཉེན་སྒྲིག་ནི་དོན་གཅིག་ཡིན། དེས་ཕོ་ཧྲེང་དག་ཁོ་ན་སྟོན་པ་སྟེ། གཉེན་མ་བསྒྲིགས་པའི་སྔོན་དུ་དུས་རྒྱུན་དུས་བཅད་ལྟར་ཁྱིམ་དུ་ཟ་མ་མི་ཟ་བ་དང་། གཉེན་སྒྲིག་བྱས་རྗེས་ད་གཟོད་ཁོ་ཚོར་ཁ་མིན་དོན་གྱི་ཐབ་ཚང་ཡོད་ངེས་ཡིན།སྐད་ཆ་བསླབས་པའི་མྱོང་བརྒྱུད་དེས་ང་ཚོས་འཇིག་རྟེན་ཕྱོགས་བསྡུས་དང་ངོས་འཛིན་བྱེད་པར་ཤུགས་རྐྱེན་ཐེབས་པ་ཡིན། རྒྱུ་མཚན་ནི་སྐད་ཆ་མི་འདྲ་བས་རྣམ་པ་མི་འདྲ་བ་སྤྱད་དེ་དོན་སྤྱི་དང་ངེས་ཤེས་རྒྱས་བཤད་བྱེད་པ་ཡིན། ཉིན་རེར་སྤྱོད་པའི་དུས་རྒྱུན་གྱི་མིང་དེར་སྐད་ཆ་མི་འདྲ་བའི་ཁྲོད་དུ་ནང་དོན་མི་འདྲ་བ་རེ་ཡོད་པས། ང་ཚོས་སྐད་ཆས་དངོས་པོ་མཚོན་པའི་ཚུལ་མི་འདྲ་བ་ནི་སྐད་ཆ་རེ་རེས་དངོས་པོ་དེའི་ངོས་འཛིན་ཚུལ་མ་འདྲ་བ་ཡིན་པར་བཤད་ཆོག དཔེར་ན། དབྱིན་ཇིའི་སྐད་ཀྱི‘handle’(འཛིན་ཡུ)ཞེས་པའི་སྤྱོད་སྒོ་ཤིན་ཏུ་མང་སྟེ། ཕག་ཟེའི་འཛིན་ཡུ། སྒོའི་འཛིན་ཡུ། ཇ་ཕོར་གྱི་འཛིན་ཡུ། སླ་ངའི་འཛིན་ཡུ་ལྟ་བུ། དབྱིན་ཇིའི་སྐད་ཀྱི‘handle’ཞེས་པ་ནི་ང་ཚོའི་ལག་པ་བརྒྱུད་ནས་སྤོ་འགུལ་བྱས་ཆོག་པའི་དངོས་རྫས་ཡིན་ལ། སྤྱོད་ཡུལ་ལ་བརྟེན་ནས་མིང་གི་དོན་གཏན་འཁེལ་བྱས་པ་ཡིན། ཡིན་ནའང་། སྐད་ཆ་གཞན་གྱི་ཁྲོད་དུ‘handle’ཞེས་པ་དངོས་རྫས་དེའི་ཕྱི་ཚུལ་ལ་བརྟེན་ནས་དོན་གཏན་འཁེལ་བྱས་པ་ཡིན་ཡང་སྲིད། དཔེར་ན། ཝེ་ཨར་ཧྲིའི་སྐད་ཆ་རུ‘ཕག་ཟེའི་འཛིན་ཡུ’ལ‘ཕག་ཟེའི་རྐང་པ’ཟེར་བ་དང་། ཧྥ་རན་སེའི་སྐད་དུ‘སླ་ངའི་འཛིན་ཡུ’ལ‘སླ་ངའི་མཇུག་མ’ཟེར་བ།‘ཇ་ཕོར་གྱི་འཛིན་ཡུ’ལ‘ཇ་ཕོར་གྱི་རྣ་བ’ཟེར་བ་ལྟ་བུ།(པེ་ཁོ(Baker),2006)སྐད་ཆས་སྐད་ཆ་དེ་བཤད་པའི་མི་ཚོགས་དེའི་རིག་གནས་དང་དད་མོས། རིན་ཐང་གི་ལྟ་བ། མི་རིགས་ཀྱི་ཁྱད་ཆོས་བཅས་ཚུར་སྣང་བྱེད་པ་ཡིན། རྒྱུ་རྐྱེན་དེའི་དབང་གིས་སྐད་ཆ་དེར་ཡོད་པའི་མིང་ཁ་ཤས་སྐད་ཆ་གཞན་ཞིག་ཏུ་སྐབས་འགར་དེ་མཚུངས་ཀྱི་མིང་མེད་དོ། །

2. ཅི་མུའུ•ཁའོ་མེང་སིའི(Jim Cummins)རིགས་གཞུང་།

2.1‘སྐད་ཆའི་ཕན་ཚུན་བརྟེན་གནས་འཕེལ་རྒྱས’ཀྱི་རིགས་གཞུང་།

ཁའོ་མེང་སིས1978ལོ་དང1981ལོར།‘སྐད་ཆའི་ཕན་ཚུན་བརྟེན་གནས་འཕེལ་རྒྱས’ཀྱི་རིགས་གཞུང(མ་ཁོ་ལ་ཧེ(Mclaughlin),1986;p32)བཏོན་པ་ཡིན། རིགས་གཞུང་འདིས་སྐད་གཉིས་བྱིས་པར་ཕ་སྐད་ཀྱི་སྐད་ཆའི་རྨང་གཞི་དེས་སློབ་གྲྭའི་སྐད་རིགས་གཉིས་པའི་སློབ་སྦྱོང་ལ་རོགས་རམ་བྱེད་པར་འདོད། ཁའོ་མེང་སིས་བྱིས་པས་ཕ་སྐད་ཀྱི་ཁོར་ཡུག་ཏུ་ཕ་སྐད་ཀྱིས་བྱང་ཆུབ་པའི་སྒོ་ནས་བརྗེ་རེས་བྱེད་ཐུབ་དུས། མིང་གི་ཚད་ངེས་ཅན་ཞིག་ཁོང་དུ་ཆུད་ཡོད་པར་མ་ཟད། ཕ་སྐད་ཀྱི་བསམ་གཞིག་གི་རྣམ་པ་ཡང་བྱུང་ཡོད་པ་བསྟན། བྱིས་པའི་བྱང་ཆུབ་ཅིང་རང་དབང་གིས་ཕ་སྐད་སྤྱོད་པའི་སྐད་ཆའི་ནུས་རྩལ་དེས། བྱིས་པས་སྐད་རིགས་གཉིས་པ་སློབ་པར་རོགས་རམ་གྱི་ནུས་པ་ཐོན་ཞིང་། ཕ་སྐད་སྤྱོད་པ་ཇེ་ཞན་དུ་གཏོང་མི་སྲིད། དེ་ལས་ལྡོག་པ་སྟེ། གལ་ཏེ་ང་ཚོས་བྱིས་པའི་ཕ་སྐད་ཀྱི་རྨང་གཞི་ཅུང་ཞན་པའི་དུས་སུ། ཕ་སྐད་མ་ཡིན་པའི་སྐད་རིགས་གཉིས་པ་སློབ་ཏུ་བཅུག་ཚེ། བྱིས་པའི་ཕ་སྐད་ཀྱི་སྐད་ཆ་འཕེལ་རྒྱས་འགྲོ་བར་འགལ་རྐྱེན་བཟོ་བར་མ་ཟད་། ད་དུང་སྐད་རིགས་གཉིས་པ་སློབ་པར་དཀའ་ཁག་བཟོ་བ་ཡིན།(ཁའོ་མེང་སི། 1978;1996)ཁའོ་མེང་སིའི་རིགས་གཞུང་གི་གཙོ་གནད་ནི། བྱང་ཆུབ་པའི་སྒོ་ནས་ཕ་སྐད་ཀྱིས་བརྗེ་རེས་བྱེད་པ་དང་མིང་གི་ཚད་ངེས་ཅན་ཞིག་ཁོང་དུ་ཆུད་པ། ཕ་སྐད་བསམ་གཞིག་གི་རྣམ་པ་བྱུང་བ་བཅས་ཀྱི་བྱིས་པའི་ཕ་སྐད་ཀྱི་ནུས་པ་ནི་བྱིས་པས་སློབ་གྲྭ་རུ་སྦྱངས་འབྲས་ལེགས་པོ་ཞིག་ལེན་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པའི་ལྟ་ཚུལ་བཏོན་པ་དེ་ཡིན། ཁོང་གིས་བྱིས་པའི་ཕ་སྐད་ཀྱི་ནུས་པ་དེ་གསུམ་ལ“vocabulary – concept knowledge”(མིང-དོན་སྤྱི་ཤེས་བྱ)ཟེར། ཁའོ་མེང་སིས་གྲངས་ཉུང་མི་རིགས་ཀྱི་བྱིས་པ་མང་པོའི་སློབ་གྲྭའི་སློབ་སྦྱོང་གི་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནད་དོན་ནི། བྱིས་པ་དེ་དག་ཕ་སྐད་ཀྱི་ཁོར་ཡུག་ལེགས་པོ་རུ་འཚར་ལོངས་མ་བྱུང་བ་དང་། ཁོ་ཚོར“vocabulary –concept knowledge”(མིང-དོན་སྤྱི་ཤེས་བྱ)མེད་པ་དེས་གོ་བ་ལེན་པར་ཚོད་འཛིན་ཐེབས་པ་དེ་ཡིན་པར་བསྟན།(མ་ཁོ་ལ་ཧེ(Mclaughlin),1986)རུའེ་པའེ་དབྱིན(Rehbein;1982)གྱིས་འཇར་མན་དུ་ཐུར་ཁེའི་གནས་སྤོས་ཡུལ་མིའི་བྱིས་པའི་སྐད་གཉིས་སློབ་གསོར་ཞིབ་འཇུག་བྱས། ཁོང་གིས་ཐུར་ཁེའི་གནས་སྤོས་ཡུལ་མིའི་བྱིས་པས་སློབ་ཐུན་སྟེང་སློབ་ཚན་ལ་གོ་བ་ལེན་པར་སྐད་ཆ་དང་པོས་ཤུགས་རྐྱེན་ཐེབས་པ་རྟོགས། ཁོང་གིས་སྐད་གཉིས་བྱིས་པར་ཤེས་བྱ་གསར་པ་ཐོབ་དུས་གོ་རིམ་འདི་འདྲ་ཞིག་བརྒྱུད་པ་སྟེ། ཐོག་མར་ཁོ་ཚོའི་ཕ་སྐད་ཀྱིས་གོ་བ་ལེན་པ་དང་། དེ་ནས་བསླབས་པའི་སྐད་རིགས་གཉིས་པས་གོ་བ་ལེན་དགོས་པར་འདོད། དེའི་ཕྱིར། སྐད་གཉིས་བྱིས་པའི་སྐད་རིགས་གཉིས་བར་རྒྱུན་མི་ཆད་པའི་ཕན་ཚུན་བརྟེན་གནས་འཕེལ་རྒྱས་ཀྱི་འབྲེལ་བ་དམ་པོ་ཞིག་ཡོད། རུའེ་པའེ་དབྱིན(Rehbein;1982)གྱི་ཞིབ་འཇུག་གསར་རྟོགས་དེས་ཁའོ་མེང་སིས་བཏོན་པའི‘སྐད་ཆའི་ཕན་ཚུན་བརྟེན་གནས་འཕེལ་རྒྱས’ཀྱི་གཞུང་ལུགས་ལ་དོན་དངོས་རང་བཞིན་གྱི་གཞི་འཛིན་ས་མཁོ་སྤྲོད་བྱས། ཁའོ་མེང་སིས1981ལོར་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སྐབས་སུ། སློབ་ཐུན་སྟེང་གི་སློབ་ཁྲིད་སྐད་ཆ་ནི་ཕྱེད་ཀ་ཡན་ཕ་སྐད་གཙོ་བོ་ཡིན་དགོས་པའི་ལྟ་ཚུལ་བཏོན་མོད། འོན་ཀྱང་། ཁའོ་མེང་སིའི་ལྟ་ཚུལ་དེར་མཁས་པ་ལ་ལས་ལྟ་ཚུལ་མི་འདྲ་བ་བཏོན་པ་དང་། ཁོ་ཚོས་ཁའོ་མེང་སིའི་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སྦྱོང་ཚན་སྟེང་གི་བར་ཁྱད་མཚོན་པའི་དབྱེ་ཞིབ་དེ་ནི་ཕྱོགས་རེས་ཙམ་ཡིན་པ་དང་། ཁྱིམ་ཚང་གི་རྒྱབ་ལྗོངས་ཀྱིས་བྱིས་པའི་སློབ་གྲྭའི་སྦྱོང་ཚན་ལ་ཤུགས་རྐྱེན་ཐེབས་པ་དེ་ལྟ་ཚུལ་དེར་སྣང་མེད་དུ་བཞག་པར་འདོད་དོ། །

2.2 ཅི་མུའུ•ཁའོ་མེང་སིའི(JimCummins)CUPརིགས་གཞུང་གི་མཐོང་ཟུར།

ཅི་མུའུ•ཁའོ་མེང་སིས(JimCummins)བཏོན་པའི“CUP”(གཏིང་རིམ་མཉམ་སྤྱོད་ནུས་པ)རྣམ་པ་དེས་སྐད་གཉིས་སྨྲ་བས་སྐད་རིགས་སློབ་སྦྱོང་ཐད་ཀྱི་སྣང་ཚུལ་ཁ་ཤས་ལ་གོ་བ་ཇི་ལྟར་ལེན་པར་བྱས་རྗེས་གལ་ཆེན་བཞག ཅི་མུའུ•ཁའོ་མེང་སིའི(JimCummins)མིང་དུ་གྲགས་པའི་སྐད་ཆ་ཅི་བཤད་དེ་ཉན་གྱི་ཚོད་དཔག་རིགས་གཞུང(Interdependence)དང་གཏིང་རིམ་མཉམ་སྤྱོད་ནུས་པ(CUP Model)ནི། ཁ་ན་ཏའི་སྐད་གཉིས་སློབ་གསོའི་རིགས་གཞུང་གི་རྨང་རྡོ་ཆེན་པོ་གཉིས་ཡིན། ཅི་མུའུ•ཁའོ་མེང་སིའི(J.Cummins)སྐད་གཉིས་སློབ་གསོའི་རིགས་གཞུང་གི་བྱས་རྗེས་གཙོ་བོ་ནི། ཁོང་གིས་སྐད་རིགས་གཉིས་པ་སློབ་པའི་བརྒྱུད་རིམ་དུ་ཕ་སྐད་ཀྱི་ནུས་པ་ནི་ཤིན་ཏུ་གལ་ཆེ་བའི་ལྟ་ཚུལ་བཏོན་པ་དེ་ཡིན་ཞིང་། དེ་ནི་སྒྲ་རིག་པ་མང་པོས་མ་རྟོགས་པའི་གནད་ཅིག་ཡིན།(Conteh;2012ཤོག་ངོས42)ཅི་མུའུ•ཁའོ་མེང་སིའི(Jim Cummins)མིང་དུ་གྲགས་པའི‘འཁྱགས་རི’རི་མོས་ཕ་སྐད་ཀྱི་སྐད་ཆའི་ནུས་པ་དང་། སྐད་རིགས་གཉིས་པའི་ནུས་པ་བར་གྱི་ཕན་ཚུན་བརྟེན་གནས་ཀྱི་འབྲེལ་བ་འགྲེལ་བཤད་བྱས། ཕན་ཚུན་བརྟེན་གནས་ཞེས་པར་ཕ་སྐད་ནི་སྐད་རིགས་གཉིས་པ་སློབ་པའི་ངེས་ཤེས་རྨང་གཞི་ཡིན་པར་ཆ་བཞག་ནས། ཕ་སྐད་ཀྱི་སྐད་ཆའི་ཤེས་རྟོགས་ནུས་པ་དེས་སྐད་རིགས་གཉིས་པའི་མ་ལག་འཛུགས་གྲུབ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་འདོད་པ་ཡིན།(ཝུའུ་ཀྲོང་། ཝིན་ཝེ་པིན། 2006)“Conteh”དང“Brock”(2011)ཡིས་སྐད་རིགས་གཉིས་པ་སློབ་པའི་བརྒྱུད་རིམ་དུ་བྱིས་པའི་ཕ་སྐད་ཀྱི་རིན་ཐང་ཁས་ལེན་གང་ལེགས་བྱེད་དགོས་པར་མ་ཟད། ཕ་སྐད་ཀྱིས་བྱིས་པས་བསླབ་པར་བྱ་བའི་སྐད་རིགས་གཉིས་པ་སློབ་པར་རོགས་རམ་བྱེད་ཐུབ་པ་རྟོགས་དགོས་པ་བསྟན་ཏོ། །

ཅི་མུའུ•ཁའོ་མེང་སིའི་ཕ་སྐད(L1)དང་སྐད་ཆ་གཉིས་པའི(L2)ཕན་ཚུན་བརྟེན་གནས་འབྲེལ་བའི་འཁྱགས་རིའི་དཔེ་རིས།

3.ཤེས་རིག་ཐེབས་རྩའི(Funds of knowledge)རིགས་གཞུང་གི་མཐོང་ཟུར།

ཀང་ས་ལེ་སི(Gonzalez,2005,pp91-92)སོགས་ཀྱིས་ཤེས་རིག་ཐེབས་རྩའི་དོན་སྤྱི་ནི། ལོ་རྒྱུས་འཕེལ་རྒྱས་ཁྲོད་རིམ་བཞིན་བསགས་པའི་ཤེས་བྱ་དང་ཐབས་ཇུས་ཁ་ཤས་ཡིན་ལ། དེའི་ཁོངས་སུ་ནུས་རྩལ་དང་འཚོ་བའི་ཐབས་ཤེས། རིན་ཐང་གི་ལྟ་བ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ལག་ལེན་ཁ་ཤས་འདུས་པ་ཡིན་ཞེས་མཚན་ཉིད་བཞག་ཡོད། ཤེས་བྱ་དང་ཐབས་ཇུས་དེ་དག་ནི་ཁྱིམ་ཚང་རེ་རེ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པ་དང་བདེ་སྐྱིད་ཡོང་བར་གལ་འགངས་ཤིན་ཏུ་ཆེའོ། །

ཤེས་རིག་ཐེབས་རྩའི་རིགས་གཞུང་དེས་སྐད་གཉིས་བྱིས་པའི་སྐད་རིགས་སློབ་སྦྱོང་ལ་མཐོང་ཟུར་གསར་པ་ཞིག་མཁོ་སྤྲོད་བྱས། ཤེས་རིག་ཐེབས་རྩའི་རིགས་གཞུང་གིས་བྱིས་པ་འཚར་ལོངས་བྱུང་བའི་བརྒྱུད་རིམ་དུ་ཁྱིམ་ཚང་དང་གྲོང་ཚོ། སྡེ་ཁུལ་དུ་བསླབས་པའི་ཤེས་བྱས(ཤེས་བྱ་དེ་དག་གི་ཁོངས་སུ་བྱིས་པའི་ཁྱིམ་དུ་བཤད་པའི་སྐད་ཆ་དང་། ཐོས་པའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་གཏམ་དཔེ་འདུས)བྱིས་པའི་སློབ་གྲྭའི་སློབ་སྦྱོང་ལ་རོགས་རམ་ཆེན་པོ་བྱེད་ཐུབ་པར་འདོད། ཤེས་རིག་ཐེབས་རྩའི་རིགས་གཞུང་སྤྱོད་པའི་དོན་སྙིང་གལ་ཆེན་ནི། དེས་སློབ་གྲྭར་བསླབས་པའི་ཤེས་བྱ་དང་ཁྱིམ་ཚང་གི་འཚོ་བའི་བར་ཟམ་པ་བཙུགས་པ་དང་མཉམ་དུ། སྐད་རིགས་དང་པོ་སློབ་པ་དང་སྐད་རིགས་གཉིས་པ་སློབ་པའི་བར་ལ་ཟམ་པ་བཙུགས་པ་དེ་ཡིན། སློབ་གྲྭ་དང་ཁྱིམ་ཚང་གི་འཚོ་བ། སྐད་རིགས་དང་པོ་སློབ་པ་དང་སྐད་རིགས་གཉིས་པ་སློབ་པ་དེ་དག་ཕན་ཚུན་བརྟེན་ཞིང་གནས་པ་ལས། སོ་སོར་ཕྲལ་བ་དང་ཕན་ཚུན་ལ་འབྲེལ་བ་མེད་པའི་ཁག་གཉིས་གཏན་ནས་མིན།
མོར་དང་ཨ་མན་ཐི། ཀང་ས་ལེ་སི(Moll, Amanti, Gonzalez;1992)སོགས་ཞིབ་འཇུག་པས་ཤེས་རིག་ཐེབས་རྩར་ས་ཁུལ་གྱི་རྟགས་ཐམ་ཟབ་མོ་བརྒྱབ་ཡོད་པ་བསྟན། ཤེས་རིག་ཐེབས་རྩ་བྱུང་བའི་རྒྱབ་ལྗོངས་ནི་ས་ཁུལ་དེའི་སྤྱི་ཚོགས་དཔལ་འབྱོར་ཁོར་ཡུག་འོག་ཏུ་མི་རྣམས་ཀྱིས་ཉིན་རྒྱུན་སྤེལ་བའི་ཐོན་སྐྱེད་དང་རིག་གནས་བྱེད་སྒོ་དེ་ཡིན།‘Sonia Nieto’(1999)ཡིས་ཤེས་རིག་ཐེབས་རྩའི་རིགས་གཞུང་ཁྲོད་ཀྱི་ཁོར་ཡུག་གི་གལ་ཆེན་རང་བཞིན་ནན་བཤད་བྱས། ཤེས་རིག་ཐེབས་རྩའི་རིགས་གཞུང་ཁྲོད་ཀྱི་ཁོར་ཡུག་གི་དོན་སྤྱི་ནི་དགེ་རྒན་དང་སློབ་གྲོགས་ཚང་མས་སློབ་གྲྭར་ཁྱེར་ཡོང་བ་ཐམས་ཅད་དེ། སྐད་ཆ་ཁོངས་སུ་འདུས་པའི་སྤྱི་ཚོགས་དང་རིག་གནས། ཚོར་འདུ། ངེས་ཤེས་ཀྱི་ཐོན་ཁུངས་ཐམས་ཅད་ཡིན།(ཁང་ཐེ།(Conteh);2012,p30)ང་ཚོས་བྱིས་པ་སློབ་གྲྭ་འགྲིམ་དུས་དྭངས་གཙང་གི་ཤོག་བུ་དཀར་པོ་ཞིག་ཡིན་པ་དང་། དགེ་རྒན་གྱིས་ཤོག་བུ་དཀར་པོ་དེའི་སྟེང་མཛེས་སྡུག་གི་རི་མོ་བྲིས་ཆོག་པར་བཤད་རྒྱུར་དགའ། ཤེས་རིག་ཐེབས་རྩ་རིགས་གཞུང་གི་མཐོང་ཟུར་གྱིས་བྱིས་པ་སློབ་གྲྭར་འགྲིམ་དུས་ཁྱིམ་ཚང་དང་ཁྱིམ་ཚང་སྡོད་སའི་སྡེ་ཁུལ་དུ་ལོ6ནས7ལ་འཚོ་བ་རོལ་བ་དང་། ཁོ་དང་ཁོ་མོས་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་ཤེས་བྱ་མང་པོ་བསླབས་ཤིང་། ཤེས་བྱ་དེ་དག་སློབ་གྲྭའི་སློབ་སྦྱོང་གི་བརྒྱུད་རིམ་དུ་ཁས་ལེན་ཐོབ་ཡོད་པར་འདོད། ང་ཚོས་ཤེས་བྱ་དེ་དག་གིས་སློབ་ཐུན་སློབ་སྦྱོང་ལ་རོགས་རམ་ཡོད་པ་ཤེས་དགོས།

4. སྒོ་ཐེམ་རིགས་གཞུང་།

4.1 སྒོ་ཐེམ་རིགས་གཞུང་ངོ་སྤྲོད།

ང་ཚོས་ཤེས་པ་ནི་སྐད་གཉིས་སྨྲ་བ་ཡོད་ཚད་ཀྱི་བསམ་གཞིག་དང་ངེས་ཤེས་ནུས་པ་ལེགས་པའི་ངེས་པ་མེད།‘སྐད་གཉིས་སྨྲ་བ’ཞེས་པའི་མིང་དེས་སྐད་རིགས་གཉིས་བྱང་ཆུབ་པ་དང་རང་དབང་སྒོས་སྤྱོད་ཐུབ་པའི་མི་ཚོགས་དེ་སྟོན་པ་མ་ཟད། སྐད་རིགས་གཉིས་ཀྱི་ནུས་པ་དེ་འདྲ་མི་ལེགས་པའི་མི་ཚོགས་ཀྱང་འདུས་པ་སྟོན་ནོ། ། ང་ཚོས་སྐད་གཉིས་སྨྲ་བ་གང་ཞིག་གི་བསམ་གཞིག་དང་ཤེས་རྟོགས་ནུས་པའི་གནས་བབས་ལེགས་པ་དང་། སྐད་གཉིས་སྨྲ་བ་གང་ཞིག་གི་བསམ་གཞིག་དང་ཤེས་རྟོགས་ནུས་པའི་གནས་བབས་མི་ལེགས་པ་དེར་དཔྱད་བསྡུར་བྱེད་དགོས། གཤམ་དུ་གནད་དོན་གཉིས་འདོན་ཏེ།

1. སྐད་གཉིས་སྨྲ་བའི་བསམ་གཞིག་དེ་ཆ་རྐྱེན་གང་གི་འོག་ཏུ་གནས་བབས་ལེགས་པར་མངོན་པ་དང་།ཆ་རྐྱེན་གང་གི་འོག་ཏུ་གནས་བབས་མི་ལེགས་པར་མངོན་པ་ཡིན།

2. སྐད་གཉིས་སྨྲ་བའི་སྐད་གཉིས་ནུས་པ་བྱང་ཆུབ་ཚད་ག་འདྲ་ཞིག་ལ་སླེབས་ཚེ། ད་གཟོད་ཁོ་ཚོའི་བསམ་གཞིག་དང་ངེས་ཤེས་ནུས་པའི་གནས་བབས་ལེགས་པ་ཡིན།

ང་ཚོས་སྒོ་ཐེམ་རིགས་གཞུང་ཁྲོད་གནད་དོན་དེར་ལན་བཏབ་ཆོགསྐད་རིགས་དང་པོ་དང་སྐད་རིགས་གཉིས་པ།

སྒོ་ཐེམ་རིགས་གཞུང་ནི་ཁང་པ་ཞིག་གི་སྒྲིག་གཞིས་སྐད་གཉིས་སྨྲ་བའི་སྐད་ཆའི་གནས་བབས་ལ་དབྱེ་ཞིབ་བྱེད་པས‘སྒོ་ཐེམ་རིགས་གཞུང’(པེ་ཁོ།(Baker),2006)ཟེར་ཞིང་། ཁང་པ་དེར་རིམ་པ་གསུམ་ཡོད་པ་དང་། ཁང་པའི་ལོགས་གཉིས་སུ་སྐས་རེ་ཡོད། དེས་སོ་སོར་སྐད་གཉིས་སྨྲ་བས་ཁོང་དུ་ཆུད་དགོས་པའི་སྐད་རིགས་གཉིས་མཚོན། སྐས་ཀྱིས་སྐད་གཉིས་བྱིས་པའི་སྐད་ཆའི་ནུས་པ་ནི་འགྱུར་བ་མེད་པ་ཞིག་མིན་པར་གོང་དུ་སྤོ་དགོས་པ་དེ་མཚོན། ཁང་པའི་རིམ་པ་འོག་མས་ན་མཉམ་ཁྲོད་ཀྱི་སྐད་གཉིས་སྐད་ཆའི་ནུས་པ་ཤིན་ཏུ་ཞན་པའི་སྐད་གཉིས་བྱིས་པ་མཚོན། ཁོ་ཚོའི་ཞན་ཆ་ནི་སྐད་གཉིས་སྐད་ཆས་ཁོ་ཚོའི་ཤེས་རིག་འཕེལ་རྒྱས་ལ་འགལ་རྐྱེན་བཟོ་བ་དེ་ཡིན། དེར་བརྟེན། སྐད་རིགས་གཉིས་ཀྱི་སྐད་ཆའི་ནུས་པ་ཞན་པ་དེས་སློབ་ཐུན་སྟེང་ཁོ་ཚོར་ཤེས་བྱ་ཐོབ་པའི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པ་ཡིན།ཁང་པའི་རིམ་པ་གཉིས་པས་སྐད་གཉིས་ཁྲོད་སྐད་རིགས་གཅིག་གི་ནུས་པ་བཟང་བའི་བྱིས་པ་མཚོན་པ་དང་། དེས་སྐད་རིགས་གཅིག་གི་སྐད་ཆའི་འཕེལ་རྒྱས་བཟང་ཞིང་ན་མཉམ་བྱིས་པའི་ཆུ་ཚད་དང་སླེབས་མོད། འོན་ཀྱང་སྐད་རིགས་གཞན་དེའི་སྐད་ཆའི་ནུས་པ་ཞན་ཞིང་སློབ་ཐུན་སྟེང་ཤེས་བྱ་གང་ལེགས་ཀྱིས་ཐོབ་མི་ཐུབ་པ་དེ་མཚོན། རིམ་པ་འདིའི་སྐད་གཉིས་སྨྲ་བ་དེ་བསམ་གཞིག་དང་ངེས་ཤེས་ནུས་པའི་ཐད་སྐད་རིགས་གཅིག་གི་བྱིས་པ་དང་ཁྱད་པར་ཅི་ཡང་མེད།

ཁང་པའི་རིམ་པ་གསུམ་པར་སྡོད་མཁན་ནི་སྐད་རིགས་གཉིས་ཀྱི་སྤྱོད་ནུས་ལེགས་པའི་བྱིས་པ་ཡིན། ཁོ་ཚོའི་སྐད་རིགས་གཉིས་ཀྱི་སྐད་ཆའི་ནུས་པ་ན་མཉམ་བྱིས་པ་དང་ཧ་ལམ་འདྲ་བར་མ་ཟད། སྐད་རིགས་གང་གི་སློབ་ཐུན་ཡིན་ཡང་སྐད་རིགས་གཉིས་ཀྱི་སྐད་ཆའི་ནུས་པ་ལ་བརྟེན་ནས་སློབ་ཐུན་སྟེང་སློབ་ཁྲིད་ལ་ཉན་པ་དང་སྐུལ་རེས་བརྒྱུད་ནས་ཤེས་བྱ་གང་ལེགས་ཀྱིས་ཐོབ་ཐུབ། སྐད་གཉིས་བྱིས་པ་དེ་འདྲའི་བསམ་གཞིག་དང་ངེས་ཤེས་ནུས་པ་སྐད་རིགས་གཅིག་གི་བྱིས་པ་དང་ལྡབ་འགྱུར་གྱིས་ལེགས་པ་ཡིན།

སྐད་གཉིས་དང་བསམ་གཞིག་འབྲེལ་བར་ཞིབ་འཇུག་བྱེད་པའི་མཁས་པ་མང་པོས། སྐད་གཉིས་བྱིས་པ་ངེས་པར་དུ་སྐད་རིགས་དང་པོ་དང་། ཡང་ན་གཉིས་པའི་སྒོ་ཐེམ་བརྒལ་རྗེས་ད་གཟོད་བསམ་གཞིག་དང་ངེས་ཤེས་ནུས་པ་སྐད་རིགས་གཅིག་གི་བྱིས་པ་ལས་ལེགས་པའི་ལྟ་ཚུལ་བཏོན། སྐད་གཉིས་བྱིས་པ་སྐད་རིགས་དང་པོའི་སྒོ་ཐེམ་བརྒལ་མི་ཐུབ་པའི་གནས་ཚུལ་ལས་གཡོལ་དགོས་པ་དང་། སྐད་རིགས་གཉིས་ལས་སྐད་རིགས་གཅིག་བྱང་ཆུབ་པའི་སྒོ་ནས་སྤྱོད་པའི་ནུས་པ་ལྡན་པར་བྱེད་དགོས། དེ་འདྲ་ཡིན་ཚེ་ད་གཟོད་སྐད་ཆའི་ནུས་པ་ཞན་པའི་དབང་གིས་ཤེས་རིག་འཕེལ་རྒྱས་ལ་གནོད་པ་འབྱུང་བའི་གནས་ཚུལ་ལས་གཡོལ་ཐུབ། སྒོ་ཐེམ་ཨང་གཉིས་པ་བརྒལ་བའི་ཆ་རྐྱེན་ནི་སྐད་རིགས་གཉིས་ལ་བརྟེན་ནས་བྱིས་པས་སློབ་ཐུན་སྟེང་གི་ཤེས་བྱ་གོ་ཐུབ་པར་བྱེད་པ་དེ་ཡིན། སྒོ་ཐེམ་འདི་བརྒལ་རྗེས། སྐད་གཉིས་བྱིས་པའི་ངེས་ཤེས་ནུས་པ་སྐད་རིགས་གཅིག་གི་བྱིས་པ་ལས་ལེགས་པ་ཡིན།(པེ་ཁོ།(Baker),2006)

སྒོ་ཐེམ་རིགས་གཞུང་གིས་སྐད་གཉིས་སློབ་གསོར་ཤུགས་བསྟན་གྱི་དོན་སྙིང་གལ་ཆེན་ལྡན་པར་བྱས་པ་རེད། དེས་ང་ཚོར་ཕྱོགས་གཅིག་ནས་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སློབ་གྲྭའི་སྦྱངས་འབྲས་ཞན་པའི་རྒྱུ་རྐྱེན་གསལ་བོར་བསྟན།

4.2 རིགས་གཞུང་དེའི་བཀག་རྒྱ།

རིགས་གཞུང་དེའི་གནད་དོན་གཙོ་བོ་ནི་གནད་དུ་འཁེལ་བའི་སྒོ་ནས་བྱིས་པའི་ཉན་བཤད་འབྲི་ཀློག་གི་སྐད་ཆའི་ནུས་རྩལ་བྱང་ཆུབ་ཚད་ག་འདྲ་ཞིག་ཏུ་སླེབས་དུས། ད་གཟོད་བྱིས་པ་སྒོ་ཐེམ་དང་པོ་དང་གཉིས་པ་བརྒལ་ཐུབ་པ་གསལ་བོར་བསྟན་མེད་པར་མ་ཟད། ཁོར་ཡུག་མི་འདྲ་བའི་ཁྲོད་དུ་བྱིས་པ་སྒོ་ཐེམ་བརྒལ་བའི་སྐད་ཆའི་བླང་བྱ་མི་འདྲ་བ་དེ་སྣང་མེད་དུ་བཞག་པ་དེ་ཡིན། སྒོ་ཐེམ་རིགས་གཞུང་ནི་སྐད་གཉིས་ཞིབ་འཇུག་ལ་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་། དེས་སྐད་གཉིས་བྱིས་པ་སྐད་ཆའི་ཐད་བྱང་ཆུབ་ཚད་ག་འདྲ་ཞིག་ལ་སླེབས་ཚེ། ད་གཟོད་ཁོ་ཚོའི་སྐད་གཉིས་སྐད་ཆའི་ནུས་པ་ཞན་པ་དེས་ཁོ་ཚོའི་ཤེས་རིག་འཕེལ་རྒྱས་ལ་འགལ་རྐྱེན་མི་བཟོ་བ་བྱེ་བྲག་ཏུ་བསྟན་མེད་ལ། སྐད་གཉིས་བྱིས་པ་སྐད་ཆའི་ཐད་བྱང་ཆུབ་པའི་ཚད་ག་འདྲ་ཞིག་ཏུ་སླེབས་ཚེ། ད་གཟོད་ངེས་ཤེས་ཀྱི་ནུས་པ་སྐད་རིགས་གཅིག་གི་བྱིས་པ་ལས་ལེགས་པ་ཡང་བྱེ་བྲག་ཏུ་གསལ་བོར་བསྟན་མེད། དེའི་ཕྱིར། རིགས་གཞུང་དེའི་ཉེན་ཁའི་རང་བཞིན་ནི་དུས་རིམ་རེ་རེའི་སྒོ་ཐེམ་ནི་མིས་བཟོས་པ་དེ་ཡིན།(པེ་ཁོ།(Baker),1988)

5. སྐད་གཉིས་སློབ་གསོའི་སྐོར།

ཁ་ཚི་ཏེང་དང་སི་ནའོ(Cazden& Snow, 1990)ཡིས་སྐད་གཉིས་སློབ་གསོ་ནི་སྤྱིར་བཏང་གི་མིང་ཞིག་ཡིན་མོད། འོན་ཀྱང་ཤིན་ཏུ་རྙོག་འཛིང་ཆེ་བའི་སློབ་གསོའི་སྣང་ཚུལ་ཞིག་ཡིན་པར་བསྟན། པེ་ཁོས(1993(Baker))སྐད་གཉིས་སློབ་གསོ་ནི་སྐད་རིགས་གཉིས་ཁོང་དུ་ཆུད་པའི་སློབ་མས་སློབ་གྲྭར་དང་ལེན་བྱེད་པའི་སྐད་གཉིས་སློབ་གསོ་ཡིན་པར་བསྟན་པ་དང་། དུས་མཚུངས་སུ་ཁྱིམ་དུ་སྐད་རིགས་འདི་བཤད་པ་དང་སློབ་གྲྭ་རུ་སྐད་རིགས་གཞན་ཞིག་སློབ་པའི་སློབ་གསོ་དེ་ཡིན་པའང་བསྟན་ཏོོ། །

ང་ཚོས་གཤམ་གྱི་གནད་དོན་ལ་བརྟེན་ནས་སྐད་གཉིས་སློབ་གསོའི་རྙོག་འཛིང་རང་བཞིན་མཚོན་ཆོག

སྐད་རིགས་གཉིས་དུས་མཉམ་དུ་སློབ་ཐུན་སྟེང་སྤྱོད་པ་ཡིན་ནམ།

 སྐད་རིགས་གཉིས་སློབ་མ་ཁག་ཅིག་གིས་སྤྱོད་པ་ཡིན་ནམ། ཡང་ན་སློབ་མ་མང་ཤོས་ཀྱིས་སྐད་རིགས་གཉིས་ལ་བརྟེན་ནས་སློབ་ཐུན་སྟེང་གི་ཤེས་བྱ་རང་རྒྱུད་ལ་ལེན་པ་ཡིན།

དགེ་རྒན་གྱིས་སློབ་ཐུན་སྟེང་སྐད་རིགས་གཉིས་སྤྱོད་པ་ཡིན་ནམ།

 སློབ་ཐུན་སྟེང་སྐད་རིགས་གཉིས་སྤྱོད་པའི་དམིགས་ཡུལ་ཅི་ཡིན། ཕ་སྐད་བྱང་ཆུབ་ནས་སྐད་རིགས་གཉིས་པ་སློབ་པ་ཡིན་ནམ།

 སློབ་མའི་སྐད་རིགས་གཉིས་པ་ནི་རྒྱལ་ཁབ་དེའི་སྤྱི་སྤྱོད་སྐད་ཆ་ཡིན་པ་དང་། སློབ་གྲྭའི་དམིགས་ཡུལ་ནི་སྐད་རིགས་དང་པོ་ལ་བརྟེན་ནས་སྐད་རིགས་གཉིས་པ་སློབ་པ་ཡིན་ནམ། སློབ་མས་སྐད་རིགས་གཉིས་པ་ཁོང་དུ་ཆུད་རྗེས་ཕ་སྐད་སློབ་ཐུན་སྟེང་མི་སྤྱོད་པ་ཡིན་ནམ། སྐད་གཉིས་སློབ་གསོ་སྐད་རིགས་གཅིག་གི་སློབ་གསོ་རུ་བསྒྱུར་བ་ཡིན་ནམ།(པེ་ཁོ།(Baker),2006)

འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་མང་པོས་ལག་བསྟར་བྱེད་པའི་སྐད་གཉིས་སློབ་གསོའི་སྒྲིག་གཞི་མི་འདྲ་བར་བལྟས་ན། སྐད་གཉིས་སློབ་གསོའི་རྙོག་འཛིང་རང་བཞིན་གང་ལེགས་ཀྱིས་མཚོན་ཡོད།

a)སྐད་གཉིས་བྱིས་པས་སྐད་རིགས་གཅིག་གི་སློབ་གསོའམ་ཡང་ན་སྐད་གཉིས་སློབ་གསོ་དང་ལེན་བྱེད་པ།

b)ཕྱི་སྐད་ནི་སློབ་གྲྭས་ཕྱི་སྐད་སློབ་པའི་རྣམ་པ་ལ་བརྟེན་ནས་སྤེལ་བའི་སྐད་གཉིས་སློབ་གསོ་ཡིན།

c)གཞུང་བཙུགས་དང་སྒེར་བཙུགས་ཀྱི་སྐད་གཉིས་སློབ་གསོ།

d)ལོ་ཚོད་མི་འདྲ་བའི་ཚོགས་པར་འཆར་འགོད་བྱས་པའི་སྐད་གཉིས་སློབ་གསོ།

e)སྐད་རིགས་གསུམ་གྱི་སློབ་གསོ་དང་སྐད་རིགས་མང་པོའི་སློབ་གསོའི་དོན་སྤྱི།

f )སྣུབ་རྣམ་སྐད་གཉིས་སློབ་གསོ/བར་བརྒལ་

དུས་སྐབས་ཀྱི་སྐད་གཉིས་སློབ་གསོ།

g)སྐད་གཉིས་སློབ་གསོ་སྐད་རིགས་གཅིག་གི་སློབ་གསོ་ལ་བར་བརྒལ་བྱེད་པ།

h)གྲངས་ཉུང་མི་རིགས་ཀྱི་བྱིས་པས་དང་ལེན་བྱེད་པའི་སྐད་གཉིས་སློབ་གསོ།(པེ་ཁོ།(Baker), 2006)

དབྱེ་ཞིབ་བྱས་པ་ལྟར་ན། དམིགས་ཡུལ་མི་འདྲ་བའི་སྐད་གཉིས་སློབ་གསོ་རིགས་གཉིས་ཡོད། རིགས་དང་པོ་ནི་གནས་སྤོ་ཡུལ་མི་མང་པོའི་བྱིས་པར་འཆར་འགོད་བྱས་པའི་སློབ་གསོའི་རྣམ་པ་སྟེ། བྱིས་པ་སློབ་གྲྭར་འགྲིམ་མ་ཐག་པའི་དུས་རང་གི་ཕ་སྐད་ཁོ་ན་བཤད་ཤེས་པ་ལས་དབྱིན་ཇིའི་སྐད་མང་པོ་བཤད་མི་ཤེས་པ་དེ་ཡིན། སློབ་གྲྭའི་སྐད་གཉིས་སློབ་གསོའི་དམིགས་ཡུལ་ནི་བྱིས་པས་བྱང་ཆུབ་པའི་སྒོ་ནས་སྐད་རིགས་གཉིས་པ(རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཆ)སྤྱོད་ཐུབ་པ་དང་། སྐད་གཉིས་སློབ་གསོ་ལ་བརྟེན་ནས་བྱིས་པ་བདེ་ལེགས་ངང་འཕེལ་ཕྱོགས་གཙོ་བོའི་སྤྱི་ཚོགས་སུ་ཞུགས་སུ་འཇུག་རྒྱུ་དེ་ཡིན་མོད། འོན་ཀྱང་། མཇུག་མཐར་བྱིས་པས་དེ་འདྲའི་སློབ་གསོའི་རྣམ་པའི་འོག་ཕ་སྐད་བརྗེད་ངེས་ཡིན། སྐད་གཉིས་སློབ་གསོའི་རྣམ་པ་གཞན་ཞིག་ནི་བྱིས་པ་སྐད་གཉིས་སློབ་གསོ་བརྒྱུད་ནས་མཇུག་མཐར་སྐད་རིགས་གཉིས་བྱང་ཆུབ་པའི་སྒོ་ནས་སྤྱོད་ཐུབ་པ་དང་། སྐད་རིགས་གཉིས་ཀྱིས་ཉན་བཤད་འབྲི་ཀློག་བྱེད་ཐུབ་པ། ཁ་མིན་དོན་གྱི་སྐད་གཉིས་སྨྲ་བ་ཞིག་ཏུ་གྱུར་ཏེ། བྱ་བ་དང་འཚོ་བའི་ཁྲོད་དུ་སྐད་རིགས་གཉིས་དང་དེའི་རིག་གནས་ཀྱི་ཕན་ནུས་ལོངས་སུ་སྤྱོད་པ་ཡིན།

ཅ་ཞི་ཡ(Garcia,2009)ཡིས་སྐད་གཉིས་སློབ་གསོས་སྤྱི་ཚོགས་ལ་དོན་སྙིང་ཟབ་མོ་ལྡན་པ་དང་དྲང་བཞག་རང་བཞིན་གྱི་སློབ་གསོའི་རྣམ་པ་ཞིག་མཁོ་སྤྲོད་བྱས་པར་མ་ཟད། སློབ་གསོའི་བྱ་རིམ་དུ་ཤོང་ཆུད་རང་བཞིན་ཡོད་པ་སྟེ། སྐད་རིགས་དང་རིག་གནས་གཞན་ཞིག་ཤོང་ཞིང་ཆུད་པར་བྱེད་པ་བསྟན། དེའི་ཕྱིར། སྐད་གཉིས་སློབ་གསོས་སྐད་རིགས་གཉིས་ནས་གསུམ་གྱིས་སློབ་ཁྲིད་བྱེད་པ་དང་། སློབ་མས་སྐད་རིགས་དང་རིག་གནས་མི་འདྲ་བའི་སྣ་མང་ཅན་ལ་གོ་བ་ལེན་པའི་ནུས་པ་སྐྱེད་སྲིང་བྱས་ཏེ། སྤྱི་ཚོགས་སྣ་མང་ཅན་དང་མིའི་རིགས་ཀྱི་སྣ་མང་རང་བཞིན་ལ་རོལ་མྱོང་བྱེད་པའི་ནུས་པ་ལྡན་པར་བྱེད་དགོས། ཅ་ཞི་ཡ(Garcia,2009)ཡིས་སྐད་གཉིས་སློབ་གསོའི་དམིགས་ཡུལ་ནི་སྐད་རིགས་གཉིས་ནས་གསུམ་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་ཙམ་མ་ཡིན་པར། སློབ་མ་འཛམ་གླིང་ཅན་དང་འགན་ཁུར་གྱི་འདུ་ཤེས་ཡོད་པའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཏུ་འགྱུར་བར་རོགས་རམ་བྱེད་རྒྱུ་དེ་ཡིན་པ་ཡང་བསྟན་ཡོད། དེའི་ཕྱིར། སྐད་གཉིས་སློབ་གསོ་ལས་ཁོ་ཚོས་རིག་གནས་དང་ས་ཁོངས་བརྒལ་བའི་བྱེད་ནུས་སློབ་སྦྱོང་བྱེད་པ་ཡིན།

6. མཇུག་བསྡུ་བའི་གཏམ།

རྩོམ་ཡིག་འདིར་སྐད་གཉིས་དང་སྐད་གཉིས་སློབ་གསོའི་རིགས་གཞུང་དེ་དབྱེ་ཞིབ་རང་བཞིན་གྱི་སྒོ་ནས་ངོ་སྤྲོད་བྱས་ཡོད་ལ། དམིགས་ཡུལ་ནི་ཡང་དག་པའི་བསམ་འཆར་དང་ལེན་བྱེད་རྒྱུ་དེ་ཡིན། རིགས་གཞུང་དེ་དག་དང་སྐད་གཉིས་སློབ་གསོའི་ལམ་ལུགས་མི་འདྲ་བ་ངོ་སྤྲོད་བྱས་པ་བརྒྱུད་དེ། ང་ཚོས་སྐད་གཉིས་དང་སྐད་གཉིས་སློབ་གསོར་གོ་བ་ལོན་ཚད་རྒྱ་བསྐྱེད་པ་དང་། དེའི་མཚུངས་སུ་སྐད་གཉིས་དང་སྐད་གཉིས་སློབ་གསོའི་འཛམ་གླིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ཤེས་རྟོགས་ཡོང་རྒྱུ་ནི་དོན་གྱི་སྙིང་བོ་ཡིན། །


དཔྱད་གཞིའི་ཡིག་ཆ།

[1] Baker, C; 1988. Key issues in bilingualism and bilingual education. London: Multilingual Matters.

[2] Baker, C; 1992. Attitudes and language. London: Multilingual Matters.

[3] Baker, C; 1996. Foundations of Bilingual Education and Bilingualism (second edition). Clevedon: Multilingual Matters Ltd

[4] Cummins, J. 1978. Metalinguistic development of children in bilingual education programs: data from Irish and Canadian Ukrainian-English programs. Aspects of Bilingualism, 127-138

[5] Cummins, J. 1996. Negotiating Identities: Education for Empowerment in a Diversity Society. Los Angeles: California Association for Bilingual Education

[6] Garcia, O. (ed), 1991, Bilingual Education: Focusschrift in Honor of Joshua A. Fishman. Amesterdam / Philadelphia: John Benjamins

[7] Luis C. Moll,CathyAmanti,DeborahNeffand Norma Gonzalez. 1992.Funds of Knowledge for Teaching: Using a Qualitative Approach to Connect Homes and Classrooms .Theory into Practice, Vol. 31, No. 2, Qualitative Issues in Educational Research (Spring,1992), pp. 132-141

[8] Mclaughlin, B. 1986. Multilingual Education: Theory east and west. In Spolsky, B. (ed) Language and Education in Multilingual Settings. Clevedon: Multilingual Matters Ltd

[9] ཝུའུ་ཀྲོང་། ཝིན་ཝེ་པིན། སྐད་རིགས་གཉིས་པ་སློབ་པའི་གཏིང་རིམ་མཉམ་སྤྱོད་ནུས་པའི་ཚོད་དཔག [M] ཐེན་ཅིན་སྤྱི་སྐད་སློབ་གླིང་གི་རིག་གཞུང་དུས་དེབ། 2006(6)

(མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་སྟག་ལྷས་བསྒྱུར)


* ཡེ་ཤེས་ལྷ་མོ་འཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

* བསོད་ནམས་འཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1