ཁྱིམ་བདག་གི་དམ་བཅའ། ——བུ་ཀརྨ་དོན་གྲུབ་ལ་བོད་ཡིག་སྦྱང་དུ་བཅུག་པའི་བརྒྱུད་རིམ་གཞིར་བཟུང་ནས་བཤད་པ།
བཀྲ་ཤིས་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24
མི་སུ་དང་སུ་ཡིན་རུང་ལ། གནས་གང་དང་གང་དུ་བསྡད་ཀྱང་ཆོག དོན་དག་གལ་ཆེན་ཞིག་མཐའ་འཁྱོལ་བར་བྱེད་པར། དུས་སྔ་མོ་ནས་སེམས་དབུས་སུ་འགྱུར་མེད་དམ་བཅའ་དགོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
རང་ཉིད་ལ་ཆ་བཞག་ན་མི་ཚེ་བརྒྱུད་རིམ་ནི་ཧ་ཅང་སྟབས་བདེ་ཡིན། 1990ལོའི་ཟླ6པར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་ཅིང་། དེ་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོ་བྱས་རྗེས། གྲོང་ཁྱེར་ཟི་ལིང་གི་སྡོད་དམངས་ཀྱི་གྲས་སུ་ཚུད་པ་ཡིན་ལ། 1997ལོར་གཉེན་སྒྲིག་བྱས་ཤིང་། 1999ལོར་བུ་སྐྱེས་མཚམས་ནས་ངེས་པ་དོན་གྱི་ཁྱིམ་བདག་ཏུ་གྱུར་པའོ། །
ཁྱིམ་བདག་ཏུ་མ་གྱུར་པའི་ཡར་སྔོན་ལ། ཁོ་བོ་རང་ཉིད་ནི་འཇིག་རྟེན་དུ་ཆེས་རང་དབང་ཅན་གྱི་མི་དེ་ཡིན་པར་བསམས་མྱོང་བ་དང་། རང་དབང་གི་ཁོར་ཡུག་འདིར་དུས་ནམ་ཡང་འགྱུར་བ་མེད་ན་ཅི་མ་རུང་ཡང་འདོད་མྱོང་། ཡིན་ནའང་གཉེན་སྒྲིག་བྱས་རྗེས་དང་། སྒོས་སུ་བུ་ཆུང་སྐྱེས་ཏེ་ཁྱིམ་བདག་ཏུ་གྱུར་མཚམས་ནས་བཟུང་། རང་ལ་ཁྱིམ་བདག་ཅེས་པའི་ཐ་སྙད་འདིར་ཤེས་རྟོགས་མྱོང་གྲུབ་སྔར་ལས་ཟབ་མོ་བྱུང་ཞིང་། གཟུགས་མེད་ཀྱི་འགན་འཁྲིའི་འདུ་ཤེས་ཤིག་ནི་ལུས་ལ་གྲིབ་མ་ནང་བཞིན་ཁོ་བོ་དང་ཉིན་མཚན་དབྱེར་མེད་དུ་འགྲོགས་འོངས།
འགན་འཁྲིའི་འདུ་ཤེས་མངོན་ནས་ལོ་གཉིས་ཕྱིན་རྗེས་ཀྱི་དབྱར་གཞུང་དེར། མ་རྒན་སྔར་ལྟར་ཟི་ལིང་དུ་བུ་ཆུང་སྙོར་རོགས་སུ་ཡོང་ནས་ཡོད། དེ་ནི་གཟའ་ཉི་མའི་ཉིན་ཞིག་སྟེ། ཆུང་མ་སྒོའི་ཕྱིར་དངོས་པོ་རྩག་རྩིག་ཉོ་རུ་ཕྱིན་པར། ངས་འགྲུལ་ཁང་དུ་དཔེ་ཆ་ཞིག་ལ་བལྟས་ནས་བསྡད་པ་ཡིན། མཚམས་ཤིག་ལ་མ་རྒན་གྱིས་གཉིད་ཟིན་པའི་བུ་ཆུང་པང་ཡོང་ནས་ངའི་ཉེ་སའི་འབོལ་ཁྲིའི་སྟེང་བསྙལ་རྗེས། སེམས་ཁྲལ་གྱི་ཚུལ་དུ“ཅི་འདྲའི་ཞ་ཞི་སྙིང་རྗེ་བོ་ཞིག་ཨང་། ཡིད་ཕངས་པ་ནི་ལག་ཆགས་ཚེ་བོད་སྐད་བོད་ཡིག་ཤེས་དཀའ་རྒྱུ་རེད”ཅེས་སྨྲས་སོང་། སྤྱིར་བཏང་གི་ཁེར་ལབ་དེས་ང་ནི་གློ་བུར་ཡེར་རེ་བཏང་ལ། རང་དབང་མེད་པར་དཔེ་ཆ་ལོགས་སུ་བསྐྱུར་ནས་བསམ་གཞིག་གི་ཀློང་དུ་འབྱམས་དགོས་བྱུང་།
མཚན་དུས་བུ་ཆུང་རུམ་ནས་སྡོད་སྐབས། རང་གིས་ཉིན་དཀར་གྱི་ཨ་མའི་ཁེར་ལབ་དང་། རང་ཉིད་བོད་ཀྱི་རིག་གནས་སྦྱོང་མཁན་ཞིག་དང་། དེ་རྒྱུན་འཛིན་དར་སྤེལ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། བྱིས་པ་འདི་ནི་མ་འོངས་པར་བོད་སྐད་བོད་ཡིག་ཤེས་པར་མ་ཟད། བོད་ཀྱི་རིག་གནས་སྲུང་འཛིན་བྱེད་མཁན་ཞིག་ཏུ་སྐྱེད་སྲིང་བྱ་རྒྱུའི་དམ་བཅའ་སྙིང་ལ་བཀོད་ཟིན་ཚུལ་ཆུང་མར་བསྙད་ཙ་ན། མོས་ཀྱང་རང་ནུས་ཡོད་དགུ་རྩལ་སྤྲུགས་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཚུལ་ལབ་བྱུང་བར་བརྟེན། ངེད་བཟའ་མི་ཟུང་གིས་འགྱུར་མེད་དམ་བཅའ་དེ་ཕྱི་ཉིན་སྔ་མོར་མ་རྒན་གྱི་སྙན་དུ་ཕུལ་ནས། མོའི་སེམས་ཁྲལ་གྱི་མདུད་པ་གྲོལ་ཅི་ཐུབ་བྱས། དམ་བཅའ་དེ་སྙིང་ལ་བཀོད་རྗེས་སུ། ངེད་གཉིས་ཀྱིས་བྱིས་པའི་སློབ་གསོའི་ཐད་ཀྱི་དཔེ་ཆ་དང་རྒྱུ་ཆ་སྣ་ཚོགས་བཙལ་ཏེ། བུ་ཆུང་འདིས་ཐོག་མར་བོད་སྐད་དག་མོ་ཞིག་ཇི་ལྟར་སྦྱོང་བའི་ཆ་ལ་ཕྱོགས་སྒོ་མོ་ནས་གྲ་སྒྲིག་བྱེད་མགོ་བརྩམས། དེ་ཡང་འབྲེལ་ཡོད་རྒྱུ་ཆ་ལྟར་ན། ལོ་དྲུག་པའི་སྔོན་ནི་བྱིས་པའི་ངོས་ཐད་ནས་སྐད་ཆ་སྦྱོང་བར་ཆེས་ལེགས་པའི་དུས་ཡིན་པར་བཞེད་པ་དང་།བར་སྐབས་འདིར་སྦྱངས་པའི་སྐད་ཆ་ནི་དུས་ནམ་ཡང་བརྗེད་ངེས་རྐུན་པོས་ཁྱེར་བ་མེད་ཟེར་བ་སོགས་ལ་གཞི་བཅོལ་ནས། ཁོམ་སྐབས་རེ་བྱུང་ཚེ་མ་རྒན་ཚུར་ཟི་ལིང་དུ་དྲངས་ཡོང་བ་དང་། ཡང་ན་བུ་ཆུང་ཕར་མ་རྒན་གྱི་སར་བསྐྱལ་ནས་བོད་སྐད་སྦྱོང་བའི་ཁོར་ཡུག་གང་ལེགས་བསྐྲུན། ཡིན་ནའང་བུ་ཆུང་ལོ་ལྔར་མ་བུད་ཙམ་ལ། རང་ཕ་བུ་གཉིས་ཀ་དྲིན་གྱིས་སྐྱོང་མཁན་མ་རྒན་མཆོག་གཞན་དབང་ནད་ཀྱིས་ཟིན་པས། སྨན་ཁང་སྣ་ཚོགས་སུ་བསྡད་ཅིང་སྨན་པ་གང་བཟང་ལ་བསྟེན་ཀྱང་རང་དབང་ལ་མ་ཡོང་བར་ལྔ་ལམ་དུ་ཕྱིན་པས། བྱིས་པ་སྙོར་སྐྱོང་དང་སྐད་ཆ་སྦྱོང་བའི་འགན་འཁྲི་མཐའ་དག་རང་བཟའ་མི་གཉིས་ཀྱི་ཕྲག་ཏུ་ལྷུང་།
འགན་འཁྲི་དེ་ཕྲག་ཏུ་ལེན་བཞིན། ངེད་གཉིས་ཀྱིས་གྲོང་ཁྱེར་དུ་བུ་རྫི་བཙལ་དཀའ་བའི་གནས་ཚུལ་འོག བུ་ཆུང་བྱིས་སྙོར་ཁང་ནང་མི་འཇུག་ཐབས་མེད་བྱུང་། དུས་ཡུན་རིང་བོར་རྨོ་མོ་དང་འགྲོགས་པ་མང་བས། ཐོག་མའི་དུས་ནང་སློབ་ར་གསར་པ་དེར་ལོབས་དཀའ་བ་བྱུང་ལ། ཡང་རྒྱ་སྐད་ཚིག་གཅིག་ཀྱང་བཤད་མི་ཤེས་པས། དང་ཐོག་ལོ་མཉམ་གྱི་བྱིས་པ་ཚོ་དང་འདྲིས་ཁག་པར་གྱུར། ཡིན་ནའང་དུས་ཡུན་རིང་བོ་མ་དགོས་པར་རྒྱ་སྐད་ལ་ཐོགས་རྡུགས་མེད་པ་བྱུང་བར་མ་ཟད། རྒྱ་ཡིག་ཀྱང་སླ་མོའི་རིགས་ཡིད་ལ་ངེས་ནས་འདུག དེ་འདྲའི་གནས་ཚུལ་འོག་སློབ་ར་དང་ལྷས་ར། ཁྱིམ་ཕྱི་ནང་ཀུན་ཏུ་བོད་སྐད་བཤད་གྲངས་ཇེ་ཉུང་དང་རྒྱ་སྐད་སྨྲ་ཐེངས་ཇེ་མང་དུ་འགྲོ་བཞིན་པས། སྒྲིག་ལམ་བཙན་པོ་ཞིག་བཞག་པ་ནི་ཁྱིམ་ལ་ཡོང་རྗེས་རྒྱ་སྐད་ལབ་མི་རུང་བ་དེའོ། །
སྒྲིག་ལམ་དེ་བརྩི་སྲུང་བྱེད་དུ་འཇུག་ཞོར། བུ་ཆུང་ནི་ཤེས་མེད་ཚོར་མེད་ངང་སློབ་ཆུང་དུ་ཞུགས་པའི་ལོ་ཚད་རན་པས། དེ་འབྲེལ་གྱི་སྟ་གོན་ཚགས་སུ་ཆུད་པར་བྱས་ནས་ཟི་ལིང་གི“ཅ་ཞའོ་གྲོང”ཞེས་པའི་སློབ་ཆུང་དེར་བསྐྱལ་བ་ཡིན། སློབ་གྲྭར་བསྐྱལ་རྗེས་སུ། ཕ་མ་གཉིས་ལ་མཚོན་ན་ལྟོས་བཅས་ཀྱིས་འགན་ཁུར་ཇེ་ཡངས་སུ་སོང་ནའང་། ལོ་རིམ་གོང་དུ་འཕར་བའི་འགྲོས་དང་ལས་བྱ་རིམ་པར་བརྩེགས་པའི་ལྗིད་དང་བསྟུན་ནས། རང་གི་ཐོག་མའི་དམ་བཅའ་དང་ཁས་བླངས་ཁག་འཁུར་ཇི་སྙེད་པར་ཕོག་ཐུག་རབས་དང་རིམ་པ་འབྱུང་བཞིན་པ་ཚོར་འོངས། དེ་ཡང་ཧེ་ཀོར་གྱིས“ཁྱིམ་ཚང་སློབ་གསོ་ཡི་ནང་དོན་གཞན་ཞིག་ནི། བུ་བུ་མོའི་ཁ་ལེན་རང་བཞིན་སྐྱེད་དུ་སྲིང་བའི་ངོས་ན་ཡོད”ཅེས་གསུངས་པ་ལྟར། དུས་དེ་ག་ནས་བཟུང་།ངེད་བཟའ་མི་ཟུང་གིས་བསམ་གཟས་ནས་བུ་ཆུང་གི་རྣ་ལམ་དུ་བོད་ཀྱི་ཡི་གེ་ནི་ཅི་འདྲའི་སྔོན་ཐོན་དང་རྩ་ཆེན་ཡིན་པ་དང་། ཁྱོད་སློབ་ཆུང་མཐར་ཕྱིན་མ་ཐག་ཨ་རྒྱ་བདེ་བྷ(སྲིང་མོའི་བུ)དང་འདྲ་བར་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་དུ་བོད་ཡིག་སྦྱང་བར་འགྲོ་དགོས་ལ། མ་འོངས་པའི་དུས་སུ་ཕ་མ་གཉིས་ཀྱི་རྒྱུན་འཛིན་པ་ཡག་པོ་ཞིག་ཏུ་འཁྱོངས་དགོས་ཚུལ་སོགས་ཀྱི་སློབ་གསོ་རྒྱུན་དུ་བཏང་མཐར། བུ་ཆུང་ལའང་བོད་ཡིག་སྦྱོང་བའི་སྤྲོ་བ་སྔར་ལས་འཕེལ་བཞིན་པ་མཐོང་བར། རང་ངོས་ནས་བུ་ཆུང་ཁོ་དེ་སྔོན་གཟའ་ཉི་མའི་ཉིན་བོད་ཡིག་ཁྲིད་ས་ཞིག་ཏུ་སྐྱེལ་བའི་ལས་ཀ་དེར་རྫོགས་ཚིག་བཀོད་རྗེས། ལྗོངས་ཞིང་ལྔས་མཉམ་དུ་བསྒྲིགས་པའི་སློབ་ཆུང་གི་བོད་ཡིག་སློབ་དེབ་ཁ་ཚང་ཞིག་བླུས་ཏེ། ཉིན་རེའི་དྲོས་ཇའི་སྐབས་ཀྱི་དུས་ཚོད་སྐར་མ་ཉི་ཤུ་ཡས་མས་བེད་སྤྱོད་ཀྱིས་ཁོ་ལ་བོད་ཡིག་ཁྲིད་མགོ་བརྩམས་ཤིང་།དུས་མཚུངས་སུ་ཁྱིམ་བདག་གཞན་དང་གཞན་གྱིས་ཁྱིམ་ཚང་སློབ་གསོ་ཇི་ལྟར་གཉེར་བཞིན་པའི་ཆ་ལའང་མཉམ་འཇོག་བྱས་པ་ཡིན།
མཉམ་འཇོག་གི་གོ་རིམ་ཁྲོད་ནས་ཤེས་རྟོགས་བྱུང་བ་ནི། བར་སྐབས་དེར་གཞི་རིམ་གྱི་ཁྱིམ་བདག་སྐོར་ཞིག་གིས་མི་ཤུགས་དང་རྒྱུ་ཤུགས་སྣ་ཚོགས་སྤྱད་དེ། སོ་སོའི་བུ་བུ་མོ་ཟི་ལིང་གི་སློབ་གྲྭ་ཁག་ཏུ་འཇུག་ཨེ་ཐུབ་ཐད་བློ་བཀོད་གང་མང་འཐེན་གྱིན་འདུག་ཅིང་། ཡང་ཟི་ལིང་གི་ཁྱིམ་བདག་འགའ་རེས་རང་དང་མཚུངས་པར་བུ་བུ་མོར་བོད་ཡིག་སློབ་པའི་གོ་སྐབས་བསྐྲུན་ཏེ། གཞི་རིམ་མི་རིགས་སློབ་གྲྭའི་སློབ་གཙོ་སོགས་དང་འབྲེལ་ཟམ་བཙུགས་ནས་བསམ་དོན་ཡིད་བཞིན་འགྲུབ་པའི་ཆར་བརྩོན་གྱིན་གདའ། གཞན་དུ་གྲོང་ཁྱེར་ན་འཚོ་སྡོད་བྱེད་མཁན་བོད་རིགས་ཁྱིམ་བདག་མང་ཤོས་ལ་ཆ་བཞག་ཚེ། རྒྱ་སོགས་མི་རིགས་གཞན་གྱི་སློབ་མ་དག་དང་མཉམ་བསྲེས་ཀྱིས། མ་འོངས་པའི་དུས་ནང་རང་རང་གི་བུ་བུ་མོ་དེ་ཟི་ལིང་ལས་ཀྱང་ལྷག་པའི་གྲོང་ཁྱེར་འགྲིམ་པའི་སྐལ་བ་ཤར་ནས།“གཡུ་འབྲུག”སོགས་སུ་ཨེ་འགྱུར་གྱི་རེ་བ་བཅངས་ནས་བསྡད་འདུག སྔ་མ་གཉིས་ལ་མཚོན་ན་སློབ་གསོའི་ཐབས་ལམ་གསར་པ་རང་ཡིན་པས། མཇུག་འབྲས་ག་འདྲ་འབྱུང་རྒྱུ་ནི་ཚོད་ཀྱིས་མི་ཐིག་ནའང་། ཕྱི་མའི་ནང་དུ་རྒྱའི་སློབ་གསོ་པ་གྲགས་ཅན་ཐའོ་ཞིན་ཀྲི་ཡིས“སྤྱིར་བཏང་བྱིས་པ་དེ་ཉིད་ཆེས་ཕུལ་དུ་ཕྱིན་པ་ཞིག་ཡིན་ལགས་ཀྱང་། གལ་སྲིད་རྩ་འཛུགས་མི་བཟང་བའི་ཐུན་མོང་ཞིག་གི་ནང་དུ་འཚོ་བ་རོལ་སྐབས། དུས་ཡུན་རིང་བོ་མི་འགོར་བར་གཅན་གཟན་ཆུང་བ་ཁྱུ་ཞིག་ཏུ་འགྱུར་ངེས”ཞེས་བསྟན་པ་ལྟར། སློབ་གྲྭའི་རྩ་འཛུགས་ལ་དམ་ལྷོད་དང་འཐུས་ཤོར་བྱུང་བ་ཡིན་ནམ། ཁྱིམ་བདག་གིས་བྱིས་པ་གཅེས་དྲགས་པའམ་སློབ་གསོ་གཏོང་ཐབས་ལ་ནོར་འཛོལ་ཅི་རིགས་བྱུང་བ། དེ་མིན་སློབ་མ་རང་ངོས་ཀྱི་རྒོལ་གཤིས་མངོན་ཐལ་བའམ་བརྩོན་འགྲུས་བསྐྱེད་པ་མ་འདང་བ་བཅས་ཀྱི་བྱས་ཉེས་ལས། སློབ་བུ་མང་ཆེ་ཤོས་ལ་སློབ་ཆེན་གྱི་སྒོ་ཐེམ་བརྒལ་ནས“གཡུ་འབྲུག”བཅའ་བའི་གོ་སྐབས་བྱུང་མི་འདུག་པར་མ་ཟད། ཕ་མའི་མདུན་དུ་མངོན་འོངས་པ་ནི་རང་འདོད་ཆེ་ཞིང་རང་ནུས་དམན་ལ། གཞན་ཁ་མི་ལེན་ཞིང་རང་ཁ་མི་སོས་པ། དོན་དག་བཟང་བོའི་ནང་འཇུག་པར་མི་སྤྲོ་ཞིང་ངན་པའི་གྲས་སུ་ཞུགས་ཞུགས་ལ་ཡོད་པ་སྟེ། མདོ་དྲིལ་ན་བྱ་གྲལ་བྱི་གྲལ་གང་དུའང་མི་གཏོགས་པ་སྐོར་ཞིག་ཡིན་པས། ཁྱིམ་བདག་ནང་ལེ་འདེད་འགྱོད་གདའ་དང་འུ་ཐུག་ཐབས་ཟད་ཀྱི་ཁུ་ཚུར་བྲང་ལ་རྡུང་མཁན་མང་པོ་སྔ་ཕྱིར་བྱུང་དང་འབྱུང་གིན་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར།མཐོང་ཐོས་དེ་དག་ལ་བརྟེན་ནས། རང་ལ་མཚོན་ན་སྔར་གྱི་དམ་བཅའ་དེ་ཇེ་བརྟན་དང་ཇེ་བརླིང་དུ་གྱུར་པས། མུ་མཐུད་ནས་བྱིས་པར་བོད་སྐད་བཤད་པ་དང་བོད་ཡིག་ཁྲིད་པའི་ཐད་ཤུགས་སྣོན་བརྒྱབ། འོན་ཀྱང་རང་ཉིད་དེ་སྔོན་དགེ་རྒན་བྱས་མ་མྱོང་བ་དང་། སློབ་གསོའི་ཐད་ཉམས་མྱོང་དབེན་ཞིང་ཞིབ་འཇུག་བྲལ་པས། ཕ་མ་བུ་ཕྲུག་གི་བརྩོན་སེམས་ལ་དེ་མཐུན་གྱི་འབྲས་བུ་ཆེན་པོ་མ་སྨིན་ནའང་། བུ་ཆུང་དམའ་འབྲིང་གི་སྒོ་ཐེམ་ནང་སྤོ་རག་བར། སློབ་ཆུང་གི་སློབ་དེབ་ཡོངས་རྫོགས་ཁྲིད་ནས་ཚར་ཁུལ་བགྱིས། དེ་ཡང་སུའུ་ཧོ་མོའུ་ལིན་སི་ཅི་ཡིས་སློབ་གསོ་གཉེར་མཁན་དག་ལ“ཁྱོད་ནི་བྱིས་པ་ཚོར་སློབ་གསོ་གཏོང་མཁན་རྣལ་མ་ཞིག་ཏུ་འགྱུར་བར། རང་གི་སྙིང་དམར་པོ་ཁོ་ཚོར་འབུལ་ཐུབ་དགོས”ཞེས་བསླབ་བྱ་གནང་འདུག་པ་ལྟར། བུ་ཆུང་ནི་ཕ་ཡུལ་ཁྲི་ཀ་རྫོང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་མཚམས་ནས། ངེས་པ་དོན་གྱི་སློབ་གསོའི་ལས་དོན་ཐད་དང་དོད་བླ་ལྷག་བྱེད་ཅིང་། རང་གི་ཡོད་ཚད་སློབ་མའི་ཕྱོགས་སུ་ཐང་ལྷོད་མེད་པར་གཏོང་ནུས་པའི་དགེ་རྒན་མང་པོར་འཕྲད་སོང་སྟེ། ཁོ་ཚོའི་དུས་རྒྱུན་གྱི་ཉམས་མྱོང་ལས་བསགས་པའི་ཁྲིད་ཐབས་སྣ་ཚོགས་ཀྱིས། བསླབ་བྱ་སོ་སོ་དང་སྒོས་སུ་བོད་ཡིག་གི་ཆུ་ཚད་ནི་ཡར་ངོས་ཟླ་ལྟར་འཕེལ་བཞིན་པ་ཚོར་འོང་ལ། དུས་མཚུངས་སུ་སློབ་མའི་ཀུན་སྤྱོད་སློབ་གསོ་དང་སྤོབས་སེམས་མཐོར་འདེགས་བཅས་ཀྱི་ཐད་དུའང་ཤུགས་དྲག་པོ་བརྒྱབ་འབྲས་སུ། ཟླ་གནང་སོགས་ཀྱི་དུས་དེར་བུ་ཆུང་རང་ཁྱིམ་ལ་འབྱོར་བར། ཕ་མའི་མཐོང་སྣང་དུ་ཤར་བ་ནི་གུས་སེམས་ཆེ་ཞིང་ཁ་གྲག་རྒྱུར་དགའ་ལ། ཁང་བ་བཅས་ནང་རང་འགུལ་གྱིས་གད་བདར་བྱེད་པར་མ་ཟད། ཟས་སྣོད་ཅ་ལག་སོགས་བཅོལ་མི་དགོས་པར་བཀྲུ་བཤལ་དང་བདག་དོམ་བྱས་འགྲོ་བ་ཞིག་དང་། ཡང་ལས་ཁུངས་ཀྱི་ཁོར་ཡུག་ཏུའང་བུ་ཁོ་ངོ་ཤེས་མཁན་མོད་པོས“ཁྱོད་ཚང་གི་ཞི་ལུ་གཞི་རིམ་དུ་སོང་རྗེས་ཡོངས་སུ་འགྱུར་འདུག བརྩི་བཀུར་ཅན་དང་ཁ་གྲག་མཁན་ཞིག་ཏུ་ཆགས་ནས་ཡོད”ཅེས་དང་། ངོ་མི་ཤེས་མཁན་ཚོའི་གྲས་སུའང“བྱིས་པ་འདི་ཁྱོད་ཚང་གི་ཡིན་ནམ། གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་ཞིག་རེད”ཅེས་ཟེར་མཁན་སྐོར་ཞིག་བྱུང་། གཞན་ངོས་ནས་འདི་ལྟར་ཟླ་ལ་ལོ་མཐུད་ཀྱིས་གསོ་སྐྱོང་ཅི་ཐུབ་བྱས་ཡོང་བའི་རང་གི་བུ་ཕྲུག་ལ་བསྔགས་པ་བརྗོད་དུས། ཁྱིམ་བདག་ལ་མཚོན་ན་འདི་ལས་ལྷག་པའི་དགའ་སྤྲོ་སྐྱེ་རྒྱུ་མེད་དེ། སྐྱེ་ཚུལ་དེ་ནི་སེམས་ཀྱི་གཏིང་རིམ་ནས་བྱུང་ཞིང་གནས་དེ་གར་ཡལ་བ་མེད་པར་གནས་མལ་བཅས་འགྲོ་བ་དེའོ། །
དགའ་སྤྲོ་ཡི་དྲོད་རྒྱུན་རང་མ་ཡལ་བའི་དུས་སྐབས་ཏེ། ཕལ་ཆེར་ལོ་རིམ་དགུ་པར་བུད་མ་ཐག་པའི་སྟོན་ཁ་དེར། བུ་ཆུང་གི་ཟོལ་མེད་བབ་ཆགས་ཀྱི་སྦྱོར་བ་ཞིག་གིས་ངེད་བཟའ་ཟླ་གཉིས་ཀའི་སེམས་པར་གཡོ་སྐྱོམ་དྲག་པོ་ཐེབས་སུ་བཅུག དེ་ནི་གཟའ་སྤེན་པའི་ཉིན་ཞིག་སྟེ། སློབ་མ་ཚོར་ཟླ་གནང་བྱིན་ནས་སོ་སོའི་ཁྱིམ་ནང་ལྡོག་གིན་ཡོད་པས། ངེད་གཉིས་ཀས་ཀྱང་དྲོས་ཇའི་ཚེ་ན་ཟས་ཀྱི་ཕུད་དག་གྲ་སྒྲིག་བྱས་ནས་བསྒུགས་ཏེ་བསྡད། ཕལ་ཆེར་ཆུ་ཚོད་གཅིག་པར་སླེབས་མཚམས་སུ་ཁྱིམ་གྱི་སྒོ་མོ་བརྡུངས་བྱུང་བས། ཆུང་མ་བརྒྱུགས་ནས་སོང་སྟེ་སྒོ་ཕྱེ་བར། བུ་ཆུང་གིས་རྒྱབ་ཏུ་ཁུག་མ་འཁུར་ཞིང་ལག་ནང་འོ་མ་ཤོག་སྒམ་གང་བཟུང་སྟེ་ཁྱིམ་ལ་བུད་ཡོང་། རང་གིས“འདི་ཅི་ཡིན་ནམ། ཁྱོད་ལ་སྒོར་མོ་མེད་པས”ཞེས་དྲིས་པ་ན། ཁོས“སློབ་གྲོགས་ཁ་ཤས་ཀྱིས་ཟས་ཀྱི་བྱང་བུ་བསགས་ཏེ། ཡུལ་མི་ཚོར་ཟས་རིགས་སྣ་ཚོགས་ཉོ་བཞིན་པས། ངས་ཀྱང་ཁོ་ཚོར་སློབ་སྦྱོང་བྱས་ནས་ཁྱོད་གཉིས་ལ་འོ་མ་ཉོས་ནས་ཡོང་བ་ཡིན”ཟེར། སྐད་ཆ་དེ་གོ་འཕྲལ་ཆུང་མས་ཅི་བྱེད་འདི་བྱེད་མ་ཤེས་པར་བུ་ཆུང་དྲག་ཏུ་བསྡམས་སོང་བ་དང་། རང་གཅུན་མ་ནུས་པར་མིག་མཐའ་ནས་མཆི་མའི་རྒྱུན་ནི་རག་ལས་ཤོར་པ་ལྟར་བར་མེད་བརྡོལ་སོང་། རང་སེམས་ཀྱི་ག་ཤེད་དུའང་སྨེང་བའི་སྨུག་ཞགས་ཤིག་ཐོལ་ཐོལ་དུ་ལངས་པར་གྱུར་ནའང་། གཙང་ཕྱགས་ཅི་ནུས་བྱེད་ཞོར་སྔ་ཕྱིར་ཁོའི་ལག་གི་འོ་མའི་ཤོག་སྒམ་དང་རྒྱབ་ཀྱི་ཁུག་མ་བླངས་ནས་དཔེ་ཁང་ནང་དུ་འཇོག་པ་སོགས་བྱས།
ས་སྲོད་ཀྱི་དུས་ནང་། བུ་དང་ཆུང་མ་གཉིས་ཀ་སྔ་ཕྱིར་གཉིད་ཀྱི་ཞིང་ཁམས་འགྲིམས་ཀྱང་། རང་ཉིད་ལ་གཉིད་གཏན་ནས་མ་ཡོང་། མི་ཡོང་དོན་ནི་བུ་ཕྲུག་ཁོ་ལོ་ན་ཆུང་ཡང་བསམ་ཤེས་ཀྱིན་འདུག་སྟེ། ཁོར་ཡུག་གིས་ཁོ་ལ་བསམ་ཤེས་སུ་འཇུག་གིན་འདུག རང་ཉིད་ཆུང་དུས་དང་འདྲ་བར་ཁོ་ཡང་ཉེ་ཞོ་བྲལ་པར་འཚར་ལོངས་འབྱུང་གིན་འདུག རང་ཁྱིམ་ནས་སྐྱ་ཐིག་བཀོད་པའི་ལམ་ནང་དུ་ནོར་འཛོལ་མེད་པར་སྐྱོད་ཀྱིན་འདུག ལྷག་པར་རང་བཟའ་མི་ཟུང་གིས་ཆེས་ཐོག་མར་བཀོད་པའི་དམ་བཅའ་དེ་གེགས་མེད་དོན་འཁྱོལ་ཡོང་གིན་འདུག........ དེ་ལྟར་དྲན་ཞིང་བསམས་པས། མུ་མཐུད་ནས་དགེ་རྒན་རྣམ་པར་རམ་བུ་འདེགས་ཅི་ཐུབ་སྒོས། མཐོ་འབྲིང་གི་སྒོ་ཐེམ་གང་ཞིག་ཏུ་བརྒལ་པའི་ཆར་བསམ་བློ་ཡང་ཡང་བསྐོར།
བསམ་དབང་དྲན་དབང་མེད་པར། སློབ་བུ་འདི་ཚོ་དམའ་འབྲིང་ནས་མཐར་ཕྱིན་པའི་དུས་སྐབས་ཤར་ལ་ཉེ་ཞིང་། མཐོ་འབྲིང་དུ་ཞུགས་པའི་རྒྱུགས་ཀྱང་ཅང་མ་འགོར་བར་བླངས་སོང་། བུ་ཆུང་ལ་མཚོན་ན་རྒྱུགས་འབྲས་བཟང་གྲས་སུ་ཚུད་འདུག་པས། ད་ནི་མཐོ་འབྲིང་གང་དུ་བགྲོད་པའི་རེའུ་མིག་བསྐང་བའི་ཆར་ཕ་བུ་མ་བུ་རྣམས་ཀྱིས་གྲོས་བྱེད་དགོས་ཟེར། དོན་དག་དེ་གོ་རྗེས་སུ། རང་གིས་ཕྱོགས་གཅིག་ནས་སློབ་མ་ཁོ་ཚོ་བགྲོད་ཆོག་སའི་མཐོ་འབྲིང་དག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཕྱོགས་གཞན་དུ་ཤ་ཉེ་སྤུན་མཆེད་དང་བཟང་ས་རྒྱན་ས་སོགས་མཉེས་གཤིན་ཅན་མཐའ་དག་ལ་བློ་དྲིས་པར། མང་ཤོས་ཀྱིས་ཅང་སུའུ་ཡི་མཐོ་འབྲིང་དེ་བཟང་བར་འདོད་པ་ལ། རང་བཟའ་མི་གཉིས་ཀའང་དེར་འཐད་པ་བྱུང་། ཏུའུ་ལན་ཐེ་ཡིས“སློབ་གསོ་ནི་རིམ་ཅན་དུ་རང་གི་མི་ཤེས་པའི་ཆ་དེ་རྟོགས་འགྱུར་གྱི་བརྒྱུད་རིམ་དེའོ”ཞེས་གསུངས་པ་ལྟར། བུ་ཆུང་ཟི་ལིང་དུ་བོས་ནས་གྲོས་བྱེད་པའི་ཚེ་ན། ཁོ་ལ་རང་གི་མི་ཤེས་པའི་ཆ་རྟོགས་པ་ཡི་བློ་གྲོས་ངེས་ཅན་ཞིག་རྒྱས་འདུག་སྟེ། ངེད་ཁྱིམ་བདག་ཟུང་ལ“ཁྱོད་ཚོས་ང་གཞི་རིམ་དུ་སྐྱེལ་དོན་ནི་བོད་ཡིག་ཤེས་རྒྱུའི་ཆེད་ཡིན་པས། རང་གི་གོ་ཐོས་ལྟར་ན་སློབ་གྲྭ་དེར་བོད་ཡིག་ཁྲིད་པ་མི་བཟང་ཟེར། དེ་བས་ངས་མཐོ་འབྲིང་ཡང་ཨ་ཕའི་ཕ་ཡུལ་ཁྲི་ཀ་རུ་འདོན་འདོད། ངའི་སློབ་གྲོགས་མང་པོ་ཡང་དེ་གར་ཡོད་པ་ཡིན”ཞེས་བརྗོད་འོངས། རང་ལ་རང་གི་ལྟ་ཚུལ་དྭངས་སངས་སུ་ཆགས་སྐབས་དེར། བྱིས་པ་ཡིན་ཡང་ཁོ་ཚོའི་འདོད་བློ་དང་བསྟུན་རྒྱུ་ནི་སློབ་གསོའི་བརྒྱུད་རིམ་ནང་གི་གལ་གནད་ཅིག་གོ་སྙམ་པ་ལ། ངེད་བཟའ་མི་གཉིས་ཀས་ཀྱང་མ་རེད་མི་འཐད་ཀྱི་ཚིག་གཅིག་ཀྱང་སོ་སྒོར་མ་ཁྱེར་བར་བུ་ཆུང་གི་འདོད་ཐོག་ཏུ་བཞག་སོང་།
བུ་ཆུང་གི་འདོད་ཚུལ་ལ་དོགས་པ་ཟ་ཞོར་དང་སེམས་ཁྲལ་སྐྱེས་ཞོར་མཐོ་འབྲིང་དུ་བསྐྱལ་པར་། དེ་གར་ཡང་ཡར་སྔོན་དང་འདྲ་བར་ལྷག་བསམ་ཅན་གྱི་དགེ་རྒན་མོད་པོ་བཞུགས་འདུག ནམ་རྒྱུན་ཕ་ཡུལ་དུ་འཁོར་ཞག་ལ་འགྲོ་ཐེངས་རེར། སློབ་གྲྭར་ཕྱིན་ཚེ་ཕྱི་དྲོའི་རང་སྦྱོང་ངམ་ནུབ་འཚལ་མ་འཐུངས་པའི་དུས་སྐབས་གང་ཡིན་ཡང་། དགེ་རྒན་རྣམ་པས་སློབ་བུ་ཚོ་འཛིན་གྲྭ་འཛིན་གྲྭ་བྱས་ནས་ལུས་རྩལ་ར་བ་སོགས་སུ་ཁེར་རྐྱང་ངང་སྡོད་དུ་བཅུག་ནས་བློར་འཛིན་དུ་འཇུག་བཞིན་པ་དང་། ཡང་མཚམས་རེར་བུ་ཆུང་གིས་ཁ་པར་བཏང་ཡོང་དུས་སློབ་སྦྱོང་གི་གནས་ཚུལ་དྲིས་ཚེ། ད་ནངས་སྔ་མོ་ཆུ་ཚོད་དྲུག་པའི་སྟེང་ལངས་ནས་སློབ་རའི་གློག་སྡོང་འོག་བསྐྱར་སྦྱོང་བྱེད་དུ་སོང་བ་བཅས་གོ་ཐེངས་རེར། རང་ཉིད་དེའི་དུས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཡོད་སྐབས་ཀྱི་སློབ་སྦྱོང་གི་གནས་ཚུལ་ཕྲ་རག་མང་པོ་ཞིག་ཡིད་ངོར་འཕོས་ཡོང་། དེ་ཡང་དཔེ་ཀློག་གི་གོ་རིམ་ནང་དུ། ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་ཀྲང་མེ་ལིན་གྱི་གསུང་ཚིག་ཅིག་ད་ལྟའང་ད་དུང་ཡིད་ངོར་བཤགས་འདུག་སྟེ། འདིར་དྲངས་ན“ཕ་མ་ཡི་འགྲོ་སྡོད་གོམས་གཤིས་ནི་བུ་ཕྲུག་གི་སློབ་སྦྱོང་བྱ་སའི་སློབ་དེབ་རྐྱང་ངོ”ཞེས་པ་རང་ཡིན། དེ་བས་བུ་ཆུང་ལ་ཟླ་གནང་བྱིན་ཏེ་ཡུལ་དུ་ལོག་པའམ། དབྱར་དགུན་གནང་གི་དུས་སྐབས་གང་ཡིན་ཡང་། རང་གིས་ཁོའི་སྔུན་ནས་དཔེ་ཀློག་ལ་མཐའ་གཅིག་ཏུ་འབད་ཅིང་།དེ་མིན་གསར་རྩོམ་དང་ཡིག་སྒྱུར་ཐད་དུ་བརྩོན་འགྲུས་བསྐྱེད་པས། བྱིས་པར་ཆ་བཞག་ནའང་ཤེས་དང་མ་ཤེས་པའི་བར་ནས་ཤན་ཤུགས་ཐེབས་ཀྱིན་འདུག་སྟེ། མཚམས་རེར་རང་ལ་སློབ་སྦྱོང་བྱས་ནས་ཉལ་ཁང་ནང་འཛུལ་ཏེ། བལྟ་འདོད་པའི་དཔེ་དེབ་དག་ལ་འཆར་གཞི་ཡོད་པའི་སྒོ་ནས་བལྟས་འགྲོ།
དཔེ་ཀློག་དང་སྦྱངས་བརྩོན་གྱི་ཐག་པར་འཇུ་ཞོར་འཐམ་ཞོར་དུ། བུ་ཆུང་དང་སློབ་གྲོགས་མང་པོ་ཞིག་མཐོ་གསུམ་གྱི་སྐས་རྐང་ལ་བུད་བྱུང་། སྐས་རིམ་དེ་ནི་སློབ་མ་ཞིག་གི་མི་ཚེ་ལ་མཚོན་ན་དཀྱོགས་མཚམས་ཆེ་ཞིང་ཆེ་བ་ཞིག་ཡིན་པས། དགེ་རྒན་ཚོས་ཀྱང་སློབ་དེབ་ཀུན་པོའི་ཁྲིད་ཚད་ཇེ་མགྱོགས་སུ་བཏང་ནས་མཇུག་བསྒྲིལ་པར་བྱས་རྗེས། སྟོབས་ཤུགས་ཡོད་དགུ་མཐོ་རྒྱུགས་ལ་གཤར་སྦྱོང་བྱེད་པའི་སྟེང་དུ་བཀོལ་འགྲོ། གཤར་སྦྱོང་སྣ་ཚོགས་དང་རྒྱུགས་ཤོག་རབས་དང་རིམ་པའི་རྒྱ་མར་གཞལ་པའི་གོ་རིམ་ནང་། བུ་ཆུང་ནི་སྐེམ་རིད་དུ་སོང་ནས་སྐེ་ཚིགས་ཀྱང་རབ་ཅིག་ཇེ་རིང་དུ་སོང་འདྲའི་སྣང་བ་སྟེར། དེ་འདྲའི་དུས་སྐབས་ནང་། ཤ་ཉེ་དང་དགེ་རྒན་དག་གི་ཁྲོད་ན“ཁྱོད་ཀྱིས་བྱིས་པའི་འཚོ་བཅུད་ཐད་མཉམ་འཇོག་བྱེད་དགོས”ཞེས་ཤ་ཚའི་གཏམ་སྨྲ་མཁན་ཡང་སྐོར་ཞིག་བྱུང་། ཡིན་ནའང་རང་བཟའ་མི་ཟུང་ལ་སེམས་ཁྲལ་དང་བློས་མི་ཐོངས་པ་སོགས་ཅི་ཡང་མ་བྱུང་སྟེ། རྒྱུ་མཚན་ནི་གཟའ་འཁོར་རེ་རེར་ངེད་གཉིས་རེས་བསྐོར་ནས་བུ་ཆུང་གི་སར་རྒྱུག་གིན་ཡོད་ལ། ཟས་གང་ཞིམ་དང་བཅུད་གང་ཆེ་སྐོར་ཁོར་ལྡུད་ཀྱིན་མཆིས་པས། ནད་མེད་བདེ་ཐང་ཡིན་པའི་བུ་ཆུང་ཁོ་དེ་འདྲའི་གནས་ཚུལ་འོག་ཏུ་ད་རུང་ཇེ་སྐེམ་ལ་འགྲོ་བཞིན་ཡོད་ཚེ། རྒྱུ་རྐྱེན་ཉག་གཅིག་ནི་སློབ་སྦྱོང་ཐད་བརྩོན་པ་ལྡབ་འགྱུར་གྱིས་སྐྱེད་བཞིན་པ་ནི་ཞར་དང་ཞོར་ལ་རྟོགས་འོངས་པས་སོ། །
བོད་ཀྱི་མཁས་པའི་གསུང་ནང“ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་སུ་འགྲོ”ཟེར་བ་ལྟར། བརྩོན་འགྲུས་གནད་དུ་ཐིངས་པ་བསྐྱེད་པའི་སྒུལ་ཤུགས་ལ་བརྟེན་ནས། བུ་ཆུང་གིས་སློབ་ཆེན་དུ་བདེ་བླག་ངང་རྒྱུགས་འཕྲོད་པ་བྱུང་། རྒྱུགས་འཕྲོད་སའི་སློབ་ཆེན་ཡང་གཞན་མ་ཡིན་ཏེ། རང་ཉིད་སྔོན་ཆད་འགྲིམས་མྱོང་བའི་ནུབ་བྱང་མི་རིགས་སློབ་ཆེན་ཡིན་འདུག ཚུལ་འདིས་ཁྱིམ་བདག་རང་སྒེར་ལ་ཆ་བཞག་ན་ཐོག་མའི་དམ་བཅའ་ཡི་བརྒྱ་ཆའི་ལྔ་བཅུ་ནི་གྲུབ་ཟིན་པས། རང་ངོས་ནས་ཀྱང་སེམས་ཁོང་གི་སྤྲོ་བ་གནོན་མ་ཐུབ་པར 《སེམས་ཀྱི་རེ་ཁཱ》ཞེས་པའི་སྙན་ངག་ཅིག་བྲིས་པ་དང་།དེའི་ནང“གཞི་རིམ་སློབ་གྲྭར་འགྲོ་བའི་སྔ་ཉིན་དེར། ། འུ་གཉིས་བར་དུ་ཁ་ཡི་གཡར་དམ་ཕུལ། ། ཁ་དན་ཚིག་ལ་གནས་པའི་མཇུག་འབྲས་སུ། ། རྒྱུགས་འབྲས་ཕུལ་བྱུང་བླངས་པ་འདི་རྨད་བྱུང། །”ཞེས་པའི་བསྔགས་ཚིག་ཅིག་ནི་དབང་མེད་དུ་མགྲིན་ལམ་ནས་ཤོར་ཡོད་དོ། །
རྒྱུགས་འབྲས་ཕུལ་བྱུང་བླངས་པའི་བརྒྱུད་རིམ་འདི་ནི། ཁྱིམ་བདག་ཅིག་གི་ས་ནས་ཕྱིར་འདང་རེ་བརྒྱབ་ཚེ། ཡ་ལི་ཧྲི་ཏུའོ་ཏེ་ཡིས“སློབ་གསོ་ཡི་རྩ་བ་ནི་དཀའ་སྡུག་ཅན་དང་། འབྲས་བུ་ནི་ཞིམ་མངར་ཅན་ནོ། །”ཞེས་གསུངས་པ་ལྟར། ཅི་འདྲའི་རྒྱུན་རིང་ཞིང་དཀའ་ཚེགས་ཆེ་ལ། ཡང་ཅི་འདྲའི་སེམས་གཡོ་ཞིང་བྲོ་མངར་ཅན་ཏེ། མདོར་ན་དགའ་སྡུག་རེས་སུ་འཁོར་བའི་ལོ་ཟླ་བརྗེད་དུ་མེད་པ་ཞིག་རེད་ཨང་།ད་ནི་སྔར་གྱི་ལོ་ཟླ་མཐའ་དག་ཕར་ཕར་བཞུད་སོང་ལ། ཕྱིས་ཀྱི་ལོ་ཟླ་ཇི་སྙེད་ཚུར་ཚུར་སྙེག་ཡོང་གིན་འདུག་པས། ཁྱིམ་བདག་ཅིག་ལ་མཚོན་ན། སླར་ཡང་དཀྱུ་ས་གསར་པ་ཞིག་ཏུ་རྡོག་ཐོན་བྱེད་དགོས་པས། མུ་མཐུད་དུ་སོ་སོའི་བུ་བུ་མོ་ངེས་པ་དོན་གྱི་བོད་པའི་རིག་གནས་སྲུང་འཛིན་བྱེད་མཁན་ཞིག་ཏུ་སྐྱེད་སྲིང་བྱེད་པ་ལ། སེམས་ཁོང་དུ་འགྱུར་མེད་དམ་བཅའ་དེ་སླར་ཡང་ཆོད་སེམས་ཆེན་པོའི་སྒོ་ནས་འཇོག་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་འདོད།
མི་སུ་དང་སུ་ཡིན་རུང་ལ། གནས་གང་དང་གང་དུ་བསྡད་ཀྱང་ཆོག དོན་དག་གལ་ཆེན་ཞིག་གི་མཐའ་འཁྱོལ་བར་བྱེད་པར། དུས་སྔ་མོ་ནས་སེམས་དབུས་སུ་འགྱུར་མེད་དམ་བཅའ་དགོད་དགོས། དམ་བཅའ་བརྟན་པོ་དེ་ཡོད་ངེས་ཚེ། འཇིག་རྟེན་དཀར་ངོགས་འདིར་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་དེ། གཏན་ནས་མེད་དོ། །