《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》གི་པར་གཞི་ གསུམ་གྱི་ཁྱད་ཆོས་དང་ཡིག་ཆའི་རིན་ཐང་ལ་དཔྱད་པ།
སྔོ་ལ་བཀྲ་ཤིས་ཚེ་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24
[གནད་བཏུས] གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ནི། ལོ་རྒྱུས་ཀྱི་རྒྱུ་ཆ་ཁུངས་འཕེར་ཞིག་ཡིན་པ་ད་ལྟ་མཁས་པའི་སྡེ་ལ་གྲགས་པས། འདིར་རྩོམ་པ་པོས་རྒྱལ་རབས་བསྟན་བཅོས་འདིའི་པར་གཞི་གསུམ་གྱི་མི་འདྲ་བའི་ཁྱད་ཆོས་ཏེ། ལག་བྲིས་མའི་པར་གཞི་དང་སྤྱི་ལོ༡༩༩༠ལོའི་པར་མ། སྤྱི་ལོ༢༠༠༦ལོའི་པར་མ་གསུམ་གྱི་གནས་ཚུལ་མདོར་བསྡུས་དང་ཡིག་ཆའི་རིན་ཐང་སྐོར་ནས་མདོ་ཙམ་གླེང་ཡོད།
[གནད་ཚིག] པར་གཞི། ཡིག་ཆ། རྒྱལ་རབས་བསྟན་བཅོས།
《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》ཞེས་པའི་བསྟན་བཅོས་འདིའི་དཔེ་རྒྱུན་ཧ་ཅང་དཀོན་པ་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་དང་། ལྡན་ལྷུན་སངས་རྒྱས་ཆོས་འཕེལ་རྣམ་གཉིས་ཀྱིས་སྤྱི་ལོ༡༩༩༠ལོར་བསྟན་བཅོས་འདིའི་པར་གཞི་ཐོག་མའམ་ལྕགས་དཔར་མའི་དཔེ་སྐྲུན་གསལ་བཤད་དུ་གསལ་བོར་གསུངས་ཡོད་པ་བཞིན་དཔྱད་གཞིའི་རིན་ཐང་མི་དམན་པ་མཆིས་ཕྱིར། ཁོ་བོས་རྒྱལ་རབས་བསྟན་བཅོས་འདིའི་པར་གཞིའི་ཁྱད་ཆོས་དང་ཡིག་ཆའི་རིན་ཐང་སྐོར་ནས་རགས་ཙམ་གླེང་བར་སྤྲོ་བ་ལ། སྤྱིར་བསྟན་བཅོས་འདི་ལ་པར་གཞི་མི་འདྲ་བ་ལྔ་ཙམ་མཆིས་ཀྱང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས། སྤྱི་ལོ༢༠༠༩ལོར་པར་དུ་སྐྲུན་པའི་པར་གཞི་དང་སྤྱི་ལོ༢༠༡༡ལོའི་པར་གཞི་གཉིས་སྔོན་གྱི་ལྕགས་དཔར་མ་བསྐྱར་དུ་དཔར་བ་ཡིན་ཕྱིར། ཡི་གེའི་གཟུགས་ཀྱི་ཆེ་ཆུང་ཙམ་མ་གཏོགས་ཁྱད་པར་གང་ཡང་མེད་པས། འདིར་གཙོ་བོ་བསྟན་བཅོས་འདིའི་མ་དཔེ་ལག་བྲིས་མ་དང་། སྤྱི་ལོ༡༩༩༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་ལྕགས་དཔར་མ། སྤྱི་ལོ༢༠༠༦ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས། ཀ་ཐོག་ཚེ་དབང་ནོར་བུའི་གསུང་འབུམ་པོད་དང་པོའི་ནང་བསྡུས་པའི་པར་གཞི་བཅས་གླེང་བར་བྱའོ། །
དང་པོ། པར་གཞིའི་ཁྱད་ཆོས།
1.མ་དཔེ(དབུ་མེད་ལག་བྲིས་མ)།
བསྟན་བཅོས་འདིའི་མ་དཔེ་ལག་བྲིས་མ་ལ་ཁྱད་ཆོས་གཙོ་བོ་འདི་དག་མངའ་སྟེ། གཅིག ཡིག་གཟུགས་དབུ་མེད་ཡིན་ཞིང་སྐུང་ཡིག་མང་དུ་མཆིས་པ། དབུ་མེད་ནི་སྔོན་དུས་སུ་ཐོ་ཡིག་དང་འཕྲིན་ཡིག སྟབས་བདེའི་ཡིག་རིགས་འབྲི་བྱེད་གཙོ་བོ་ཞིག་ཡིན་ཞིང་།དེ་ལ་ཡིག་ཚོགས་སྐུང་བ་དང་སྟབས་བདེ་བ། མྱུར་བ་བཅས་ཀྱི་བྱེད་ནུས་མངའ་ཕྱིར། སྔ་མོའི་དུས་ནས་དབུ་མེད་འབྲི་བ་ཧ་ཅང་རྒྱུགས་ཆེ་བར་མངོན། གཉིས། ཡིག་གཟུགས་ལེགས་ཤིང་ལྡེབ་ངོས་གཅིག་ཏུ་ཡི་གེའི་འདུས་ཚད་འབེལ་བ། མ་དཔེའི་ཡི་གེའི་ཆ་ཚད་སྙོམས་ལ་ཆེ་ཆུང་ཚད་དང་ལྡན་པས་ཀློག་དཀའ་བའི་ཡི་གེ་ཧ་ལམ་མི་འདུག མ་དཔེ་ལག་བྲིས་མ་འདི་ལ་ཁྱོན་ལྡེབ་གྲངས་ཉེར་གཉིས་ཡོད་པའི་ནང་ལྡེབ་ངོས་བཅུ་དགུ་དང་ལྡེབ་ངོས་ཉི་ཤུ་གཉིས་ལ་ཡིག་འབྲུ་བཅུ་གཅིག་རེ་མཆིས་ལ། ཆེས་མཇུག་མཐའི་ལྡེབ་ངོས་ཏེ་ལྡེབ་ངོས་ཉེར་གཅིག་གི་ཉིན་སྲིབ་དང་ལྡེབ་ངོས་ཉེར་གཉིས་ཀྱི་ཉིན་དུ་ཡིག་ཕྲེང་བརྒྱད་རེ་མཆིས། དེ་མ་ཡིན་པའི་ལྡེབ་ངོས་ཕལ་ཆེ་བར་ལྡེབ་ངོས་གཅིག་ཏུ་ཡིག་ཕྲེང་བཅུ་རེ་ཡོད་ལ། ཐིག་ཕྲེང་གཅིག་ཏུ་ཡིག་འབྲུ་ཧ་ལམ་ལྔ་བཅུ་ཙམ་མཆིས་པས། ལྡེབ་ངོས་གཅིག་ཏུ་ཁྱོན་ཡིག་འབྲུ་ལྔ་བརྒྱ་ཙམ་དང་།ལྡེབ་ངོས་གཉིས་སུ་ཡིག་འབྲུ་སྟོང་ཕྲག་གཅིག་ལྷག་འདུ།གསུམ། ལྡེབ་ངོས་རེའི་གཡོན་དུ་ཡིག་འབྲུའི་ཨང་ཀི་སྐུང་ཡིག་གིས་བྲིས་ཤིང་། ལྡེབ་ངོས་ཕྱི་ནང་མི་འཁྲུགས་པའི་སླད་ལྡེབ་ངོས་དང་པོའི་ཡིག་འབྲུའི་མགོ་རུ་དབུ་ཁྱུད་བྲིས་པས་ལྟ་ཀློག་ཧ་ཅང་བདེ། ཆད་ལྷག་ཤོར་བའི་ཚིག་གི་དབར་དུ་མེ་ཏོག་ལྟ་བུའི་གཟུགས་སོགས་ཀྱིས་སྣ་དྲངས་ཏེ། དབུ་ཅན་གྱི་ཡིག་གཟུགས་ཆུང་ངུས་བྲིས་ཡོད་པས། ལྟ་ཀློག་ལ་ནོར་འཕྱུག་མི་འབྱུང་བ་དང། གཞན་ཚིག་མགོར་ཡིག་ཕྲེང་གཅིག་ལྷག་པ་ཕྲེང་མགོར་རིན་ཆེན་སྤུངས་ཤད་སྦྱར་བས། བོད་རང་གི་ཡི་གེའི་ཐུན་མོང་མ་ཡིན་པའི་རྣམ་གཞག་རྒྱུན་འཛིན་གནང་ཡོད་པ་སོགས་ཁྱད་ཆོས་དུ་མས་ཕྱུག་ཡོད།
2.སྤྱི་ལོ༡༩༩༠ལོའི་དཔར་མ།
དཔར་མ་འདི་ནི༡༩༩༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ཅན་རིག་མཛོད༩པའི་ནང་བསྡུས་ཡོད་ལ། ཁྱོན་བསྡོམས་ཤོག་ངོས་སུམ་བརྒྱ་དགུ་བཅུ་གོ་བདུན་མཆིས་ཤིང་། ཁྱད་ཆོས་འདི་དག་ཡོད་དེ། གཅིག དཔེ་སྐྲུན་ཁང་གིས་མ་ཡིག་གཞིར་བྱས་ཏེ་སྐུང་ཡིག་ཚུལ་བཞིན་དུ་འཕྱུགས་མེད་བཀྲལ་བ་དང་། ཚིག་མཚམས་གཅོད་སྟངས་ནོར་བ་དང་ཡི་གེ་ནོར་བ་ཡོད་རིགས་ཚིག་དོན་འབྲེལ་ཆགས་མིན་ལ་གཞིགས་ཏེ་དག་པར་བཅོས་པ། ནང་དོན་གོ་རིམ་ལྟར་ཡིག་མགོ་འབེབས་པ་མ་གཏོགས། དེ་མིན་ཚིག་དོན་གང་ཐད་ལ་དཔེ་སྒྲིག་པའི་རང་སྣང་གང་ཤར་གྱིས་ལག་སོར་འགུལ་བདེས་བཟོ་ཉེས་གང་ཡང་མ་བཏང་པར་མ་དཔེ་ཇི་བཞིན་རང་སོར་བཞག་ཡོད། གཉིས། ཡིག་འབྲུ་ཆད་པ་ཁ་གསབ་དང་ནོར་བ་དག་བཅོས་སོགས་ཀྱི་རིགས་མཚོན་རྟགས་བཀོད་དེ་གསལ་བཤད་གནང་ཡོད་དེ། མ་དཔེའི་ནང་ཡིག་འབྲུ་ཆད་པ་ཁ་གསབ་དགོས་རིགས་རྟགས་ནང་བཀོད་དེ་སྣོན་འབྲི་བྱས་ཡོད་པ་དང་།མ་དཔེའི་ནང་ཡི་གེའི་དག་ཆ་དང་ནང་དོན་བྲིས་ནོར་ཤོར་བ་སོགས་ཀྱང་དག་བཅོས་བྱས་ཡོད། ནོར་བ་ཚེག་ཁྱིམ་གཉིས་ཡན་ཡིག་ནོར་གྱི་གཤམ་དུ་རྟགས་བཀོད་པ་དང་། མ་དཔེའི་ནང་གི་ཚིག་དོན་རྟོགས་དཀའ་བའི་རིགས་ལའང་ཚིག་མཚམས་གོང་འོག་ཏུ་རྟགས་བཀོད་དེ་ཀློག་པ་པོ་ཀུན་ལ་དཔྱད་པ་གནང་རོགས་ཞུ་རྒྱུ་མཚོན་ཡོད། ཡི་གེ་མི་གསལ་བ་ཁ་གསབ་བྱ་ཐབས་བྲལ་བའི་སྐོར་ལའང་རྟགས་བཀོད་ཡོད་པ་སོགས་ཁྱད་ཆོས་དུ་མ་མཆིས། གསུམ། ཀླད་ཀྱི་དཔེ་སྐྲུན་གསལ་བཤད་དུ་བསྟན་བཅོས་ཀྱི་མཛད་བྱང་དང་མཛད་པ་པོ། བསྟན་བཅོས་མཛད་པའི་བྱེ་བྲག་གི་ལོ་ཚིགས། བསྟན་བཅོས་ཀྱི་ནང་དོན་མདོར་བསྡུས་སོགས་གསལ་བོར་བཀོད་ཅིང་། བསྟན་བཅོས་འདི་དཔེ་སྒྲིག་བྱེད་པའི་དམིགས་ཡུལ་དང་དཔེ་སྒྲིག་བྱེད་ཚུལ་གསལ་བོར་བཀོད་ཡོད། གཞན་རྒྱལ་རབས་བསྟན་བཅོས་འདི་ལ་ད་དུང་བྱེ་བྲག་གི་དཀར་ཆག་ཀྱང་སྦྱར་འདུག
3.སྤྱི་ལོ༢༠༠༦ལོའི་དཔར་མ།
སྤྱི་ལོ༢༠༠༦ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་པར་གཞི་འདི་ནི་ཕྱིའི་རྒྱབ་ཤོག་དང་སྤྱིའི་ཇུས་འགོད་ལེགས་པའི་སྤུས་དག་ཅིག་ཡིན་ཏེ། ཧྲན་ཕུའུ་ཁང་ཕིང་ལགས(杉浦康平1932-)ཀྱིས་དཔེ་དེབ་ཇུས་འགོད་ཀྱི“ཚོར་བ་ལྔའི”རྣམ་གཞག་བཏོན་པ་བཞིན། དཔེ་དེབ་འདི་ལ་བལྟས་པ་ཙམ་གྱིས“བསམ་བློའི་ནང་དོན་དང་ཡི་གེའི་བར་བཅུག་རི་མོ། ཆ་ཚད། པར་སྒྲིག་གི་རྣམ་པ། མདུན་ཤོག་མཛེས་བཟོ་བཅས་ནི་ཕན་ཚུན་ཆ་འགྲིག་གམ་དོ་མཉམ་པ་ཞིག་ཡིན”①པའི་ངེས་ཤེས་སྐྱེས་འོང་། གཞན་ཡི་གེའི་ཆེ་ཆུང་ཚད་དང་ལྡན་ཞིང་ཡིག་གཟུགས་ལེགས་པ་སོགས་ཀྱི་ཁྱད་ཆོས་དུ་མ་མངའ་འོ། །
གཉིས་པ། ཡིག་ཆའི་རིན་ཐང་།《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》ཞེས་པའི་རྒྱལ་རབས་བསྟན་བཅོས་གྲགས་ཅན་འདི་ཉིད་ནི། ད་ལྟ་ཀུན་གྱིས་གཙིགས་སུ་འཛིན་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། དེ་ལྟར་གྱུར་དང་འགྱུར་དགོས་པའི་རྒྱུ་མཚན་ལའང་ཕྲན་གྱི་འདོད་ཚུལ་ལ་ཕྱོགས་འདི་དག་ནས་མངོན་པར་སྙམ་སྟེ།
གཅིག གནའ་དཔྱོད་རིག་པའི་གནའ་ཤུལ་སྔོག་འདོན་དང་འཚོལ་ཞིབ་ལ་རམ་འདེགས་ཀྱི་ནུས་པ་ཐོན་པ།འདས་པའི་ལོ་རྒྱུས་སུ་ཤེས་རིག་དར་བའི་མི་རིགས་མང་པོ་ཞིག་གིས། འཇིག་རྟེན་འདིར་རིན་བྲལ་གྱི་ཤུལ་དངོས་བགྲང་ལས་འདས་པ་ཞིག་མི་རབས་ཕྱི་མར་ལེགས་སྐྱེས་སུ་བཞག་ཡོད། འོན་ཀྱང་། དུས་དང་འབྱུང་བའི་དབང་གིས་ད་ལྟ་རྗེས་རབས་པའི་མིག་ལམ་དུ་མཇལ་བའི་སྐལ་བ་བྲལ། དེ་བས། གནའ་དཔྱོད་རིག་པས་ཚན་རིག་གི་ཐབས་ལམ་ལ་བརྟེན་ཏེ་མེས་པོའི་ཤུལ་བཞག་ལེགས་སྐྱེས་སྔོག་འདོན་དང་འཚོལ་ཞིབ་བྱ་བ་ནི་བླ་ན་མ་མཆིས་པའི་ལས་ཤིག་ཏུ་མཐོང་བ་ལྟར། གནའ་དཔྱོད་རིག་པ་བ་ཤར་སྒན་དབང་འདུས་ལགས་དང་།ལོ་རྒྱུས་རིག་པ་བ་ཧུའོ་ཝེ(霍魏)རྣམ་གཉིས་སྔ་ཕྱིར་མངའ་རིས་སྨད་མང་ཡུལ་གུང་ཐང་དུ་ཕྱིན་ཏེ། བོད་སིལ་བུའི་དུས་སུ་ཤུགས་རྐྱེན་ཆེ་ཞིང་། དུས་རབས་བཅོ་བརྒྱད་པའི་མགོར་འཇིག་པར་གྱུར་པའི་བཙན་པོ་འོད་སྲུང་གི་གདུང་རྒྱུད་འཁྲུལ་བྲལ་གྱིས་བསྐྱངས་པའི་གུང་རབས་རྒྱལ་རབས་ཀྱི་མཁར་ཤུལ་བཀྲ་ཤིས་ཁྱུང་རྫོང་དཀར་མོ་དང་། ད་སྐབས་སྒྲོལ་མ་ལྷ་ཁང་དུ་འབོད་པའི་གནའ་ཤུལ་དག་ལ་རྟོག་ཞིབ་གང་འཚམ་བྱས་ཡོད། དེ་ལས་ཤར་རྒན་དབང་འདུས་ལགས་ཀྱིས། ད་ལྟ་ཉམས་ཆག་ཏུ་གྱུར་པའི་མཁར་ཤུལ་དང་གཙུག་ལག་ཁང་ལ་རྟོག་ཞིབ་གནང་བ་མ་ཟད། སྔ་ཕྱི་ཐེངས་ཁ་ཤས་སུ་སྐྱིད་གྲོང་དུ་སོང་སྟེ་ད་ལྟ་ཤུལ་ཙམ་དུ་གནས་པ་དང་ཤུལ་ཙམ་ཡང་མེད་པར་གྱུར་པའི་གནའ་ཤུལ་གཞན་དག《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》ལས་བསྟན་པ་གཞིར་བཟུང་། གནས་དེའི་འབྲེལ་ཡོད་མགོ་ཁྲིད་དང་མང་ཚོགས་དང་ལྷན་དུ་ཡུལ་དངོས་རྟོག་ཞིབ་གནང་བས། གུང་ཐང་རྒྱལ་རབས་ཀྱི་མཁར་ཤུལ་ཏེ་ཁྲི་རྒྱལ་འབུམ་ལྡེ་མགོན་གྱིས་བཞེངས་པའི་བཀྲ་ཤིས་ཁྱུང་རྫོང་དཀར་མོའམ་མངའ་རིས་རྫོང་དཀར་དང་།སྔོན་དུས་བཀྲ་ཤིས་སྒོ་མང་ལྷ་ཁང་དུ་འབོད་ཅིང་། ད་ལྟ་ཆོས་སྡེ་དགོན་དུ་འབོད་པ་དེ་དང་། སྒྲོལ་མ་ལྷ་ཁང་སོགས་ཀྱི་གནས་ཡུལ་རྙེད་སོན་བྱུང་ལ། ད་དུང་གུང་ཐང་རྒྱལ་རབས་ཀྱི་ཆེས་ཐོག་མའི་གནས་གཞི་ཆགས་ཡུལ་ཐང་སྟོད་ཐོ་ལེ་དང་མེ་རྡོ་ཐང་། གཤོང་དབུས། སྟེང་པོ་ཆེ་སོགས་ཀྱི་གནས་ཤུལ་ཡང་རྙེད་འཚོལ་བྱུང་། དེ་ལྟར་འཇིག་པར་གྱུར་པའི་གུང་ཐང་རྒྱལ་རབས་ཀྱི་མཁར་ཤུལ་རེ་འགའ་རྙེད་སོན་བྱུང་བ་མ་ཟད། མཁར་ཤུལ་རེ་འགའི་དབྱིབས་དང་ཆེ་ཆུང་ལའང་ཐོག་མའི་སྐྱ་ཐིག་ཕབ་ཅིང་།རྙེད་པར་དཀའ་བ་དག་ཀྱང་རྒྱལ་རབས་བསྟན་བཅོས་འདི་ལས་བསྟན་པའི་ས་དབྱིབས་དང་། ཉེ་འབྲེལ་གྱི་རི་མིང་ས་མིང་སོགས་གཞིར་བྱས་ཏེ་ཐག་གཅོད་ཁག་པ་ལའང་དོགས་དཔྱོད་མང་ཙམ་གནང་ཡོད་དེ། དཔེར་ན། ཕོ་བྲང་ཁབ་གོང་དང་ཁབ་གོང་སྟེང་ཁྲ། ཁབ་གོང་ཙག་ཙག དུས་རབས༡༡པའི་དུས་སྨད་དུ་ལྷ་མཆོག་ལྡེའི(མི་ལ་རས་པའི་སྐུ་ཚེ་སྨད་དང་དུས་མཉམ)སྐབས་སུ་བཞེངས་པའི་ཕོ་བྲང་ཕྱིའི་ཁབ་གོང་སོགས་ཀྱི་གནས་ཤུལ་གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས་བསྟན་པ་ཇི་བཞིན་རྟོག་ཞིབ་བགྱིས་མཐར། དེའི་ཁྲོད་ཀྱི་ཕོ་བྲང་ཕྱིའི་ཁབ་གོང་དང་ཁབ་གོང་། ཁབ་གོང་སྟེང་ཁྲ། ཁབ་གོང་ཙག་ཙག་གསུམ་ལ་གཤིབ་བསྡུར་ངང་དབྱེ་གཤིབ་བགྱིས་པས།“ཁབ་གོང་གི་གནས་ཤུལ་གྱི་བཟོ་སྐྲུན་ཁྱད་ཆོས་ཡིག་ཆའི(《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》)ཁྲོད་བཤད་པའི་མང་ཡུལ་གུང་ཐང་རྒྱལ་རབས་ཀྱི་མཁར་རྫོང་གཉིས་པ་ཕོ་བྲང་ཕྱིའི་ཁབ་གོང་གི་ཁྱད་ཆོས་དང་ཤིན་ཏུ་ཉེ་བར་འདུག”②པ་མ་ཟད། ད་ལྟའི་ཁབ་གོང་གི་གནས་ཤུལ་ཕལ་ཆེར་ཕོ་བྲང་ཕྱིའི་ཁབ་གོང་གི་གནས་ཤུལ་དང་འདྲ་བའམ་ཉེ་བར་ཡོད་པའི་དོགས་དཔྱོད་གནང་།ལོ་རྒྱུས་ཉམས་ཞིབ་པ་ཧུའོ་ཝེ་ལགས་ཀྱིས་ཀྱང་ 《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》གཞིར་བཟུང་སྟེ། གཙུག་ལག་ཁང་གི་མིང་དང་རྒྱལ་རབས་གང་གི་སྐབས་སུ་བཞེངས་པ་སོགས་རགས་ཙམ་གླེང་ཡོད་དེ། ཁོང་གིས་བཀྲ་ཤིས་ཁྱུང་རྫོང་དཀར་མོའི་དབུས་སུ་གནས་པའི་སྒྲོལ་མ་ལྷ་ཁང་གི་ཕྱི་ནང་གི་བཟོ་སྐྲུན་སྒྱུ་རྩལ་དང་ལྡེབས་རིས་སྒྱུ་རྩལ་སོགས་ལ་ཉམས་ཞིབ་གནང་ཞིང་། 《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》ལས།“སྒྲོལ་མ་ལྷ་ཁང་ནི་བཙན་པོའི་གདུང་རྒྱུད་འཁྲུལ་བྲལ་གྱིས་བཞེངས་སྐྲུན་གནང་བ་ལམ་སང་རྟོགས”③ཤིང་། གུང་ཐང་རྒྱལ་རབས་དེ་རྒྱལ་རབས༣༢བརྒྱུད་ཡོད་པ་དང་།“རྒྱལ་རབས་བསྟན་བཅོས་འདིའི་ནང་དུ་ཆོས་སྡེ་དགོན་བྱ་བ་ཞིག་བསྟན་མེད”④ཚུལ་གྱི་བཞེད་ཚུལ་ནོར་འཁྲུལ་ཅན་ཡང་མཆིས་སོ། ། གང་ལྟར་དཔྱད་གཞིའི་ཡིག་ཆ་རྩ་ཆེན་《གུང་ཐང་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》གི་བཀའ་དྲིན་ལས་གནའ་ཤུལ་རྟོག་ཞིབ་ཀྱི་བྱ་བར་ནུས་པ་བླ་མེད་ཐོན་ཞིང་། གལ་སྲིད་རྒྱལ་རབས་བསྟན་བཅོས་གྲགས་ཅན་འདི་ཉིད་མེད་ཚེ། གུང་ཐང་རྒྱལ་རབས་ཀྱི་གནའ་ཤུལ་རྟོག་ཞིབ་ཀྱི་ལས་ལ་འཇུག་པའི་ཐབས་ཤིན་ཏུ་ཕྲ་ལ། ཐ་ན་དུས་ཀྱི་འགྱུར་བའི་དབང་གིས་སྐབས་དེའི་ས་མིང་རི་མིང་རྙེད་པའི་བསྐལ་པའང་ཧ་ཅང་དབེན་ནོ། །
གཉིས། བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་དང་སྒོས་སུ་མངའ་རིས་ཕྱོགས་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་གི་ཁ་བསྐངས་པ་མ་ཟད། དེ་བཞིན་ཧི་མ་ལའི་འདབས་འབྲེལ་གྱི་མི་རིགས་ཁག་ལ་ཉམས་ཞིབ་གནང་བར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཡིན།རྒྱལ་རབས་བསྟན་བཅོས་གྲགས་ཅན་འདི་ཉིད་སྤྱི་ལོ༡༩༩༠ལོར་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་བཀྲམ་པ་ནས་བཟུང་། དཔྱོད་ལྡན་མཁས་པའི་ཚོགས་ཀྱིས་དཔྱད་གཞིའི་ཡིག་ཆ་གཙིགས་ཆེན་ཞིག་ཏུ་བརྩིས་ཏེ་ལོ་རྒྱུས་ཀྱི་བསྟན་བཅོས་སྣ་ཚོགས་སུ་ལུང་འདྲེན་པ་དང་། དཔྱད་གཞིའི་རྩ་བར་བཟུང་ཡོད་དེ། ཆབ་སྤེལ་སོགས་ཀྱིས་བསྒྲིགས་ཤིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་རུ། བོད་སིལ་བུའི་རྗེས་ཀྱི་མངའ་རིས་ཁུལ་གྱི་ལོ་རྒྱུས་བརྗོད་པའི་སྐབས་སུ། རྒྱལ་རབས་བསྟན་བཅོས་འདི་ཉིད་གཙིགས་སུ་བཟུང་ཡོད་དེ། དཔེར་ན། ཤོག་ངོས༥༠༩རུ“ཁྱད་པར་མང་ཡུལ་སྐུ་ལྷའི་བྱང་ཤར་དུ། ། ས་མཁར་དུང་གི་སོ་མང་འདྲ་བ་འབྱུང་། ། དེ་རུ་རྒྱལ་རིགས་བོང་ཐུང་བྱང་སེམས་ཅན། །ཆོས་རྒྱལ་བཀྲ་ཤིས་ལྡེ་ཞེས་བྱ་བ་དང་། ། གཏེར་འདི་འཕྲད་ན་བོད་ཡུལ་བསྟན་པ་ནི། ། མི་ལོ་ལྔ་བཅུ་རྩ་གསུམ་བསྲིང་ནུས་སོ། །”⑤ཞེས་པའི་ལུང་ཁུངས་བསྟན་བཅོས་འདི་ཉིད་ཡིན་པ་བཞིན་ནོ། །ཡང་དབྱིན་ཇིའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ། མིའི་རིགས་རིག་པ་བ་ཧེ་རྡི་རྒར་རྡི•སྒྲེམ་སྦི་རྒར(HidegardDiemberger)ལགས་ཀྱིས་བརྩམས་པའི《When a Woman Becomes a religious Dynasly》ཞེས་པའི་ནང་ཆོས་ཀྱི་སྒྲོལ་མའི་སྐྱེ་རྒྱུད་དང་འཁྲུངས་རབས་བཤད་པའི་སྐབས་སུ། རྒྱལ་རབས་བསྟན་བཅོས་འདི་ཉིད་དྲངས་ཡོད་ཅིང་། ད་དུང་དཔྱད་རྩོམ་ཅི་རིགས་སུའང་རྒྱལ་རབས་བསྟན་བཅོས་འདི་ཉིད་ལུང་དྲངས་ཡོད། ཤར་སྒན་དབང་འདུས་ལགས་ཀྱི《བོད་ལྗོངས་མངའ་རིས་སྨད་མང་ཡུལ་གུང་ཐང་རྒྱལ་པོོའི་མཁར་དང་བཟོ་སྐྲུན་གནའ་ཤུལ་གཙོ་བོའི་ལོ་རྒྱུས་རྟོག་ཞིབ》ཅེས་པའི་ནང་དུ། དཔྱད་གཞིའི་ཡིག་ཆ་འདི་ཉིད་གཙོ་བོར་བཟུང་ཡོད། ལོ་རྒྱུས་ཉམས་ཞིབ་པ་ཧུའོ་ཝེ(霍魏)ལགས་ཀྱིས་ཀྱང《ལྷ་མོའི་ཕོ་བྲང་སྒྲོལ་མ་ལྷ་ཁང་། སྐྱིད་གྲོང་དུ་གནའ་དཔྱོད་ལ་བསྐྱོད་པའི་རེག་ཟིག་དང་པོ》དང་། 《བལ་བོད་འདབས་འབྲེལ་གྱི་གུང་ཐང་རྒྱལ་མཁར། སྐྱིད་གྲོང་དུ་གནའ་དཔྱོད་ལ་བསྐྱོད་པའི་རེག་ཟིག་གཉིས་པ》ཞེས་པའི་དཔྱད་རྩོམ་གཉིས་ཀྱི་ནང་དུ། རྒྱལ་རབས་བསྟན་བཅོས་འདི་ཉིད་རྩ་བའི་དཔྱད་གཞིའི་ཡིག་ཆ་རུ་བཟུང་ཡོད། གཞན་ཧི་མ་ལའི་འདབས་འབྲེལ་དུ་ཆགས་པའི་ལ་དྭགས་དང་མོན་པ། གློ་བོ། འཛུམ་ལིང་། རྟ་མང་།
ཡ་རྩེ། ཡམ་བུ་སོགས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་ཀུན་གྱིས་རྒྱལ་རབས་བསྟན་བཅོས་འདི་ཉིད་དཔྱད་གཞིའི་ཡིག་ཆར་འཛིན་བཞིན་ཡོད་པ་སོགས་རྒྱལ་རབས་ལོ་རྒྱུས་འདི་ནི། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་རིན་ཐང་བྲལ་བ་ཞིག་ཡིན་པ་རྩོད་བྲལ་ཡིན།
གསུམ་པ། དཔེ་རྙིང་དང་རིག་དངོས་འཚོལ་ཞིབ་ལ་བྱེད་ནུས་གལ་ཆེན་ཐོན་ཡོད།
ཤེས་ཡོན་གྱི་འདུ་ཤེས་དང་ངོས་འཛིན་ཟབ་ཏུ་འགྲོ་བའི་དུས་རབས་འདིར། རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་གང་དེ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་བ་ནི་རྩ་བའི་བླང་བྱ་ཞིག་ཏུ་འཛིན་བཞིན་མཆིས་ལ། དེ་བཞིན་ཤུལ་བཞག་རིག་དངོས་གང་དེའང་སྲུང་སྐྱོབ་ཀྱི་གྲས་སུ་བཞག་སྟེ་གཙིགས་འཛིན་གང་ཆེ་གནང་གིན་ཡོད། ས་གནས་གཞན་དུ་འཁྱར་བའི་གླེགས་བམ་བསྟན་བཅོས་དང་།
ཤུལ་བཞག་རིག་དངོས་དག་མི་ཤུགས་རྒྱུ་ཤུགས་ཅི་རིགས་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་ཕྱིར་རང་ལག་ཏུ་འབྱོར་ཐབས་བྱེད་བཞིན་ཡོད་མོད། སྔ་མའི་བསྟན་བཅོས་གལ་ཆེན་ཅི་རིགས་ལ་མ་མཇལ་ན། ཕ་མེས་ཀྱིས་ཤུལ་དུ་བསྐྱུར་བའི་རིན་བྲལ་གྱི་གསུང་རབ་གླེགས་བམ་དང་། ཤུལ་བཞག་རིག་དངོས་ཅི་ཞིག་ཡོད་པའང་རྟོགས་ཐབས་བྲལ་ཕྱིར། སྔ་མའི་བསྟན་བཅོས་རྩ་ཆེན་དག་ལས་དཔེ་རྙིང་ངམ་གསུང་རབ་གླེགས་བམ་ཅི་བཞེངས་པ་དང་། ཤུལ་བཞག་རིག་དངོས་གང་ཞིག་ཡོད་པ་རྣམས་བསྟན་བཅོས་གལ་ཆེན་དག་གཞིར་བཟུང་ནས། དཔེ་རྙིང་དང་ཤུལ་བཞག་རིག་དངོས་འཚོལ་ཞིབ་དང་དེའི་ཆགས་འཇིག་གི་ཁུངས་སྣེ་འཚོལ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་སྨོས་ཅི་དགོས། དེ་བས། རྒྱལ་རབས་བསྟན་བཅོས་འདི་ལས་གུང་ཐང་རྒྱལ་རབས་སྐབས་སུ་གནས་ཤིང་བྱུང་བའི་དཔེ་རྙིང་ངམ་གསུང་རབ་བསྟན་བཅོས་དང་། ཤུལ་བཞག་རིག་དངོས་ཀྱི་ཆ་འཕྲིན་ཤིན་ཏུ་མང་པོའི་ཁུངས་སྣེ་འདོན་སྤྲོད་བྱས་ཡོད་དེ།“བཙུན་པ་ལྡེའི་ནེ་ནེ་བཙུན་མར་བཞུགས་པ་ལྷ་རིན་ཆེན་མཚོ་བྱ་བས་སྡིག་སྦྱངས་ལ་ཁབ་གོང་གི་ལྷ་ཁང་དམར་པོ་དང་ནོར་གནས་གསར་གྱི་ལྷ་ཁང་བཞེངས”⑥ཤིང་། དེར་མདོ་མང་གླེགས་བམ་བཞི་བཅུ་བཞེངས་པར་གྲགས། ཁྲི་རྒྱལ་འབུམ་ལྡེ་མགོན་གྱིས་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་རྨང་བརྩིགས་ཏེ། ཡབ་ཡུམ་གྱི་དགོས་རྩར་རྒྱལ་བའི་གཙུག་ལག་ཁང་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དང་། དེ་བཞིན་གཤེགས་པའི་གདུང་རྟེན། རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་མང་དུ་བཞེངས་པར་མཛད། གཞན་བལ་བོ་ནས་ཨུ་སིརྦྷ་གཙོའི་བཟོ་བོ་དུ་མ་བཀུག་ནས་ས་སྐྱ་རིན་ཆེན་སྒང་གི་མཆོད་རྟེན་བཀྲ་ཤིས་སྒོ་མང་དང་ཆ་མཐུན་པར་མཆོད་རྟེན་ཞིག་བཞེངས་ཤིང་།
མཆོད་རྟེན་དེའི་ནང་གཟུངས་རྟེན་ཁྱད་འཕགས་གཙོ་བོ་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཆེན་པོ་སུ་བནྡྷུ་ཡི་དབུ་ཐོད་བལ་བོའི་རྒྱལ་མཛོད་དུ་གནས་པ་སྤྱན་དྲངས་ཏེ། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་བཞུགས་སུ་གསོལ་བ་དང་། དེ་བཞིན“བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བར་གྲགས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གྱི་རྟེན་མཐིང་ཤོག་ལ་ཛམ་བུ་ཆུ་གསེར་གྱིས་བྲིས་པའི་ཤེར་ཕྱིན་བརྒྱད་སྟོང་པའི་གླེགས་བམ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་དམ་རྡོ་རྗེ། སློབ་དཔོན་བཻ་རོ་ཙ་ནའི་ཕྱག་འཁར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་རྒྱན་སྣ་དྲུག་སོགས་རྒྱ་ཆེར་བཞུགས”པར་གསུངས།⑦ད་དུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་ཕྲག་བརྒྱ་པ་གླེགས་བམ་བཅུ་དྲུག་བཞེངས་པར་གྲགས། མངའ་བདག་ཁྲི་ལྡེ་འབུམ་གྱིས་ཡབ་ཀྱི་དགོངས་རྫོགས་སུ་སངས་རྒྱས་ཤཱཀྱ་སེང་གེའི་སྐུ་བརྙན་དགུང་ལོ་བཅུ་གཉིས་པའི་ཚད་དང་མཉམ་པ་བཞེངས། ཁོང་ལ་སེ་ཆེན་གྱི་སྲས་ཀྱི་ཐུ་བོ་ཧུའང་ཐའི་ཅིའམ་ཇིན་གིན་ནམ་བོད་ཀྱིས་ཨུལ་ཇེ་ཐུ་ཞེས་འབོད་པས་ཐམ་ཀ་གླིང་བདུན་མ་དང་གསེར་ཡིག་མར་འབོད་པའི་འཇའ་ས་སོགས་གནང་། ཁྲི་བཀྲ་ཤིས་ལྡེ་ཡིས་རིན་པོ་ཆེའི་ཕྲ་རྒྱན་གྱིས་མཛེས་པར་བྱས་པའི་སྟོན་མཆོག་ཤཱཀྱ་སེང་གེའི་སྐུ་བརྙན་དང་། འཕགས་མ་སྒྲོལ་མའི་སྐུ་བརྙན་མི་ཚད་ལོན་པ་བཞེངས་ཤིང་། མཁན་ཆེན་བྱང་ཆུབ་རྩེ་མོ་དང་བོ་དོང་ལོ་ཙཱ་བ་ཤེས་རབ་མེ་ལྕེ་དཔོན་སློབ་དག སྤུ་རང་ལོ་ཙཱ་བ། འཛངས་པ་ལོ་ཙཱ་བ་སོགས་གདན་ཞུས་ཀྱིས་ཞུ་དག་གནང་བའི་བཀའ་ཡང་དག་པའི་དགོངས་འགྲེལ་བསྟན་བཅོས་སམ། བསྟན་འགྱུར་གྱི་གླེགས་བམ་རྣམས་གན་ཤོག་ལ་བཙོ་མ་གསེར་གྱི་ཡང་ཞུན་གྱིས་ལེགས་པར་བཞེངས་ཤིང་། གླེགས་བམ་དེ་རྣམས་ལ་གསེར་ཆུ་བྱུགས་པའི་གླེགས་ཤིང་། སི་ཐ་ཧུའི་གླེགས་ཐག ཟབ་ཆེན་གྱི་གཏན་ཁེབས། རས་བཟང་པོའི་ཕྱི་སྒྲོལ་སོ་སོར་ན་བཟའ་གསུམ་སྒྲག་བཅས་མིང་གྲགས་ཤིན་ཏུ་ཆེ་བའི“བསྟན་འགྱུར་གསེར་གྱི་གད་པ”⑧ཞེས་པའང་གྲུབ་པར་མཛད། ཁྲི་ཕུན་ཚོགས་ལྡེ་དཔལ་བཟང་པོས་དེ་བཞིན་གཤེགས་པའི་སྐུ་བརྙན་མི་ཚད་ལོན་པ་བཞེངས། ཁྲི་རྒྱལ་བསོད་ནམས་ལྡེས་ཤཱཀྱ་ཏོག་གི་སྐུ་མི་ཚད་ལས་ལྷག་པ་དང་དུས་ཀུན་སྐུ་གཟུགས་བྲིས་འབུར་དུ་མ། བཀའ་འགྱུར་བསྟན་འགྱུར་ནས་ཉེ་བར་མཁོ་བའི་གླེགས་བམ་དུ་མ་བཞེངས་ཤིང་།ཁྱད་པར་དུ་སྔགས་ཆོས་ཆེས་མང་བ་བྲིས་པར་བཤད་ལ། དེ་ཡི་བཙུན་མོ་ཆོས་སྐྱོང་རྒྱལ་མོས་བཀའ་འགྱུར་རོ་ཅོག་མཐིང་ཤོག་ལ་གསེར་གྱིས་བྲིས་པ་དང་། གཞན་ཡང་བསྟན་འགྱུར་འགྱུར་རོ་འཚལ་ཡང་ལེགས་པར་བཞེངས། ཁྲི་ལྷ་དབང་བས་ཕོ་བྲང་བྱང་ཐོག་དྲུག་མ་རྩ་བ་ནས་བརྩིགས་ཤིང་། བཀྲ་ཤིས་སྒོ་མང་གི་དབུ་རྩེའི་སྟེང་འོག་ཏུ་ནང་གསང་སྔགས་ཀྱི་ལྷ་ཁང་དང་། ཕྱི་རུ་བིར་ཝ་པ་སོགས་རྒྱ་བོད་ཀྱི་གྲུབ་ཆེན། ས་སྐྱ་གོང་མ་རྣམས་ཀྱི་སྐུ་བརྙན་གྱིས་བརྒྱན་པ། བར་ཁང་དུ་ཧེ་རུ་ཀའི་སྐུ་མི་ཚད་ལོན་པ་བཟོ་སྒྲོས་ཁྱད་པར་ཅན་སོགས་བཞེངས་པར་གྲགས། ཁྲི་རྣམ་རྒྱལ་ལྡེ་ཡིས་རྫོང་དཀར་ལྷ་ཁང་དམར་པོ་རུ་རྒྱུད་སྡེ་ལྷ་ཚོགས་རབ་འབྱམས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་གསེར་རྐྱང་གིས་སྒྲུབ་པ་དང་སྐྱ་བྲིས་བཅས་ཚར་གཉིས། སྨན་རྒྱུད་ཡན་ལག་བརྒྱད་པ། མ་ཎི་བཀའ་འབུམ། ཨོ་རྒྱན་གྱི་ཐང་ཡིག མི་ལའི་བཀའ་འབུམ་རྣམས་གླེགས་བམ་གྲངས་མེད་སྤེལ་ཞིང་། སྐལ་བཟང་ལྷ་ཁང་དུ་ཡུམ་གྱི་དགོངས་རྫོགས་སུ་འཕགས་མ་སྒྲོལ་མའི་སྐུ་བརྙན་དང་། སྲས་གཤེགས་པའི་ནང་རྟེན་དུ་ཐུབ་དབང་སྐུ་གཞུ་འདོམ་དགུ་ཅན། བཙུན་མོ་ལྷ་མཚམས་དང་སངས་རྒྱས་རྒྱལ་མོ་གཤེགས་པར་བྱམས་པ་མི་བསྐྱོད་པ་དང་རྡོ་རྗེ་འཆང་། འོད་དཔག་མེད་བཅས་ཟངས་གསེར་ལས་གྲུབ་པ་ཐོག་ཚད་སོགས་བཞེངས། གོང་མ་ཀུན་དགའ་རྣམ་རྒྱལ་ལྡེས་ཕོ་བྲང་དགའ་ལྡན་རྣམ་པར་རྒྱལ་བའི་ཕྱི་རྟེན་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། ནང་རྟེན་དུ་དངུལ་བྲེ་བཅུ་གསུམ་ལ་བརྡུངས་པའི་རྡོ་རྗེ་འཆང་གི་སྐུ་ཁྲི་རྒྱབ་ཡོལ་དང་བཅས་གཡུ་རྙིང་སོགས་རིན་པོ་ཆེ་དུ་མས་བརྒྱན་པ། ས་སྐྱ་གོང་མའི་གསུང་འབུམ། གསེར་ཞུན་ཁོ་ནས་བསྒྲུབས་པའི་གླེགས་བམ་གླེགས་ཤིང་གསེར་ཆུ་ཁོ་ནས་བྱུག་པ། སི་ཏ་ཧུའི་གླེགས་ཐག ན་བཟའ་དར་གྱི་གཏན་ཁེབས། རས་སྒྲིལ། ཏི་བིའི་ཤུབ་སོགས་བགྲང་ལས་འདས་པ་བཞེངས་པར་མཛད། ཁྲི་ཀུན་བཟང་ཉི་ཟླ་གྲགས་པ་བཟང་པོའི་ལྡེས་གུང་ཐང་བཀྲ་ཤིས་སྒོ་མང་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གླེགས་བམ་གསེར་རྐྱང་གིས་བསྒྲུབས་པ། སྐྱ་བྲིས་ཀྱི་བསྟན་འགྱུར་བཞེངས་པ་སོགས་སྲིད་ན་ལེགས་བྱས་ཀྱི་མཛད་པ་ཅི་ཡང་བསྐྱངས། འདི་དག་ནི་ཕྱིས་སུ་གུང་ཐང་རྒྱལ་རབས་སྐབས་སུ་གསུང་རབ་གླེགས་བམ་གང་ཞིག་བཞེངས་པ་དང་ཅི་ཚད་བཞེངས་པའི་སྐོར་ལ་གསལ་སྟོན་ལེགས་པར་གནང་ཡོད་པ་མ་ཟད། དུས་ཀྱི་འགྱུར་བས་ད་ལྟ་དཔེ་རྙིང་དུ་གྱུར་པ་དེ་དག་དང་སྐབས་དེ་དུས་རྟེན་དང་བརྟེན་པ་ཅི་བཞེངས་སོགས་རིག་དངོས་འཚོལ་ཞིབ་གནང་བ་ལའང་རིན་ཐང་གཞལ་དུ་བྲལ་བ་མཆིས་སོ་སྙམ། །
དཔྱད་གཞིའི་ཡིག་ཆ།
[1] ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། [M] པོད་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ།
[2] ཆབ་སྤེལ་གྱིས་བསྒྲིགས། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989ལོ།
[3]夏格旺堆 西藏下部阿里芒域孔塘王城及其重要建筑遗址的历史考察[J]西藏大学学报(社会科学版)
2015(3)
[4]霍魏 仙女神殿卓玛拉康——吉隆考古行记之一[J]中国藏学 2009(6)
[5]霍魏 蕃尼边境的贡塘王城——吉隆考古行记之二[J]中国藏学 2009(6)
[6] 宋雪梅 书籍设计的五感[J]文艺研究2010(4)
[7] ཆབ་སྤེལ་སོགས་ཀྱིས་བསྒྲིགས། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། [G] སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2003ལོ།
[8] Hidegarddiemberger,When a Woman Becomes a Religious Dynasty, Colunbia University Press, 2007.
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1