ཉེ་རབས་བོད་ཀྱི་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ ལས་འགུལ་དང་དེའི་ཤུགས་རྐྱེན་ལ་དཔྱད་པ།

ཧོ་བུན་ཆོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24


[གནད་བཏུས] རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རིང་ལ་བོད་ཀྱི་རྗེས་ལུས་ཀྱི་གནས་བབས་བསྒྱུར་བའི་ཆེད་དུ་བྱེད་ཐབས་གསར་པ་རབ་དང་རིམ་པ་ཞིག་སྤེལ་ཞིང་། ལོ་རྒྱུས་སྟེང་ཡོངས་གྲགས་སུ་དེ་ལ“ཏཱ་ལའི་བླ་མའི་སྲིད་བཅོས”ཟེར་ཞིང་། སྲིད་བཅོས་དེའི་གྲུབ་ཆ་གཙོ་བོ་ཞིག་ནི་ནུབ་ཕྱོགས་ཀྱི་ཤེས་རིག་གསར་པ་ནང་འདྲེན་བྱས་ནས་བོད་ཀྱི་རྗེས་ལུས་གནས་བབས་བསྒྱུར་རྒྱུ་དེ་ཡིན་ལ། དཔྱད་རྩོམ་འདིར་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ལས་འགུལ་དེ་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་དང་། སློབ་སྦྱོང་གི་བརྒྱུད་རིམ། སློབ་སྦྱོང་གི་རྣམ་པ་བཅས་དཔྱད་ཞིབ་བཏང་ནས་ལས་འགུལ་དེ་ལས་ཐོབ་པའི་གྲུབ་འབྲས་དང་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་ལ་ཕྱིར་རྟོག་བྱས་ཡོད།

[གནད་ཚིག] ཉེ་རབས། ནུབ་ཕྱོགས་ལ་སློབ་སྦྱོང་། ལས་འགུལ། ཤུགས་རྐྱེན།


* ཧོ་བུན་ཆོན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི2019ལོའི་བོད་རིག་པའི་ཁ་ཕྱོགས་ཀྱི་འབུམ་རམས་པའི་སློབ་མ་ཡིན།

རྒྱལ་དབང་སྐུ་ཕྲང་བཅུ་གསུམ་པས(1876-1933)བོད་ཀྱི་ཆོས་སྲིད་ལ་ཁ་ལོ་སྒྱུར་བའི་དུས་སྐབས་ནི། བོད་ཀྱི་ལོ་རྒྱུས་སྟེང་གི་སྣེ་མང་རྙོག་འཛིང་གི་དམིགས་བསལ་དུས་སྐབས་ཤིག་ཡིན་ལ། ཕྱིའི་བཙན་འཛུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་བའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་གཞན་ཡུལ་དུ་བྲོས་བྱོལ་ལ་ཕེབས་ཤིང་།ལོ་ངོ་བརྒྱད་ལྷག་ལ་ཡུལ་གྱར་བའི་འཚོ་བ་བསྐྱལ་དགོས་བྱུང་། དེ་ཡང་རྐྱེན་ངན་གྲོགས་སུ་སོང་སྟེ། ཕྱི་ཡུལ་གྱི་མཐོང་ཐོས་དང་དཀའ་ངལ་གང་མང་བརྒྱུད་པའི་དབང་གིས། ཁོང་ནི་རྒྱལ་དབང་སྐུ་ཕྲེང་སྔ་མ་དག་དང་བསྡུར་ན་བཅོས་སྒྱུར་ལ་བློ་ཡངས་ཤིང་། ཆོས་སྲིད་གཉིས་ཀྱི་གྲུབ་འབྲས་ཀྱང་ཀུན་ལས་གཟེངས་སུ་ཐོན་པ་ཞིག་ཡིན་ཏེ། ཁོང་གིས་སྲིད་སྐྱོང་བའི་རིང་ལ་བོད་ཀྱི་རྗེས་ལུས་ཉམ་ཆུང་གི་གནས་བབས་བསྒྱུར་བའི་ཆེད་དུ།བྱེད་ཐབས་གསར་པ་རབ་དང་རིམ་པ་ཞིག་སྤེལ་ཞིང་།ལེགས་བཅོས་ཀྱི་ནང་དོན་དང་གྲུབ་ཆ་གཙོ་བོ་ཞིག་ནི་ནུབ་ཕྱོགས་ཚན་རིག་ལག་རྩལ་ལ་སློབ་སྦྱོང་བྱས་ནས་བོད་འདི་སྟོབས་འབྱོར་མངའ་ཐང་ལྡན་པའི་བཟོ་ལས་ཅན་དུ་བསྒྱུར་རྒྱུ་དེ་ཡིན་ལ། དམིགས་ཡུལ་དེ་ལེགས་འགྲུབ་ཡོང་བའི་ཆེད་དུ་བོད་ཕྲུག་མང་པོ་ཕྱིའི་རྒྱལ་ཁབ་ལ་སློབ་སྦྱོང་དུ་མངགས་པ་དང་། ཕྱིའི་ཆེད་མཁས་པ་གདན་དྲངས་ནས་དམག་སྡེ་དང་། སློབ་གྲྭ་འཛུགས་པ་ལ་སོགས་པའི་བོད་ཀྱི་ལོ་རྒྱུས་སུ་སྔར་བྱུང་མ་མྱོང་བའི་བཅོས་སྒྱུར་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་བ་དང་།འདིའི་ཐད་ལ་ད་ཆ་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལས་ས་བཅད་མི་སྟོང་བ་ཙམ་གྱི་ངོ་སྤྲོད་ལས་བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱས་པ་ཤིན་ཏུ་དཀོན་ལ། ལྷག་པར་དུ་རྒྱལ་ཁབ་ཕྱི་ནང་གི་དཔྱད་འབྲས་གསར་པ་སྤྱད་ནས་དཔྱད་པ་བཏང་བ་དེ་ལས་ཀྱང་ཉག་ཕྲ་བས། དཔྱད་རྩོམ་འདིར་གོང་བསྟན་མི་འདང་བའི་ཆ་ལ་དམིགས་ནས་བོད་ཀྱི་ལོ་རྒྱུས་སྟེང་གི་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ལོ་རྒྱུས་དོན་རྐྱེན་འདི་ལ། རྒྱ་བོད་དབྱིན་གསུམ་གྱི་ཡིག་ཆ་དྲངས་ནས་དཔྱད་ཞིབ་གནང་ཡོད།

དང་པོ། ལས་འགུལ་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས།

བོད་བཙན་པོའི་དུས་ཀྱི་གཅིག་གྱུར་རྣམ་པ་འཐོར་ཞིག་ཏུ་སོང་བ་ནས་བཟུང་སྟེ་བོད་ཡོངས་ས་གནས་བཅད་བཟུང་གི་ཚུལ་དུ་ཡུན་རིང་ལུས་ཤིང་། ཁ་འཐོར་དུ་སོང་བའི་ཡུལ་གྲུ་སོ་སོ་དམག་ཤུགས་ལ་བརྟེན་ནས་གཅིག་གྱུར་བྱེད་ནུས་པའི་སྟོབས་ཤུགས་ཤིག་མ་བྱུང་བས། བསམ་བློའི་དབང་སྒྱུར་ལ་བརྟེན་ནས་སྲིད་ལ་ཁ་ལོ་བསྒྱུར་བའི་ཕྱོགས་སུ་འཁོར་ཞིང་། སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་ནས་རིམ་གྱིས་བླ་བརྒྱུད་དང་ཆོས་བརྒྱུད་མི་འདྲ་བ་མང་དུ་འཕེལ་བ་དང་བསྟུན་ནས་གྲུབ་མཐའ་སྣ་ཚོགས་སུ་མཆེད་ཅིང་། གྲུབ་མཐའ་སོ་སོས་ས་རྩྭ་ཆུ་རིས་ངེས་ཅན་ལ་དབང་བསྒྱུར་ནས་ཆོས་ལུགས་ཀྱི་དབུ་ཁྲིད་ས་གནས་ཡུལ་དཔོན་དུ་གྱུར་པའི་ལུགས་སྲོལ་དར་ཞིང་།དེ་ལྟར་ལོ་ངོ་བརྒྱ་ཕྲག་དུ་མར་འཕེལ་རྒྱས་འཐུས་ཚང་དུ་སོང་བ་བརྒྱུད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་བོད་ཡུལ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། སྐྱེས་པ་ཡོད་ཚད་རབ་བྱུང་སྒྲུབ་པ་དང་རྒྱུ་ནོར་ཡོད་ཚད་ཆོས་ཕྱོགས་སུ་ཕུལ་བ་མཆོག་ཏུ་འཛིན་པའི་རིན་ཐང་ལྟ་བ་རྒྱ་ཆེར་དར་ནས། ཕྱིའི་འཕེལ་རྒྱས་ཡོད་ཚད་སྣང་མེད་དུ་བསྐྱུར་ཞིང་། དངོས་པོའི་དཔལ་འབྱོར་སྙེགས་པ་སྙིང་བོ་མེད་པར་བསྒྲགས་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་དང་ཤམ་བྷ་ལའི་ཡུལ་དབུས་སྐྲུན་པའི་ལོ་རྒྱུས་ཀྱི་རྒྱུན་བསྐྱངས། དེ་ལྟ་བུའི་གནས་སྐབས་སུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ་སོགས་པའི་ཕྱིའི་འཇིག་རྟེན་ནི་དེ་ལས་ལྡོག་སྟེ། ཚན་རིག་ལག་རྩལ་ལ་བརྟེན་ནས་བཟོ་ལས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་གྱུར་ནས། འཛམ་གླིང་ཡོངས་སུ་དབང་སྡུད་བྱེད་བཞིན་པའི་ལོ་རྒྱུས་ཀྱི་ལམ་བུ་གཞན་ཞིག་ཏུ་སྐྱོད་བཞིན་ཡོད་པས། དངོས་པོའི་དཔལ་འབྱོར་ལ་དོ་སྣང་མ་བྱས་པར་རྗེས་ལུས་ཀྱི་རྣམ་པ་ཐེབས་ཤིང་། ཆབ་སྲིད་ཡོད་ཚད་ཆོས་ལ་ཤོར་བའི་མཐར་ལྷུང་རིང་ལུགས་ཀྱི་བོད་ཆོས་ལྡན་ཞིང་ཁམས་ལ་མཚོན་ན། བཟོ་ལས་ཅན་གྱི་སྟོབས་འབྱོར་རྒྱལ་ཁབ་དབྱིན་ཇིས་བཙན་འཛུལ་གང་འདོད་བྱས་པ་ལ་གདོང་ལེན་མ་ཐུབ་པར་བསྟུད་མར་ཕམ་ནས། མི་ཤི་རྟ་འགྱེལ་གྱི་གོད་ཆག་བྱུང་བ་ཡང་གོང་གསལ་ལོ་རྒྱུས་ཀྱི་གདམ་ག་ལས་བྱུང་བའི་མཇུག་འབྲས་ཡིན་པ་རྟོགས་སབཙན་འཛུལ་ལ་ངོ་རྒོལ་བྱས་པར་བསྟུད་མར་ཕམ་ཁ་བྱུང་ནས། དབྱིན་དམག་གིས་ལྷ་སའི་འགག་སྒོ་གཏོར་ལ་ཉེ་བའི1904ལོའི་ཟླ6པའི་ཚེས13ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པའི་རྒྱལ་དབང་བཅུ་གསུམ་པ་མཆོག་པོ་ཏ་ལའི་ཁྲི་ལས་བབས་ཤིང་རང་ཡུལ་དང་བྲལ་ནས་སོག་ཡུལ་དུ་ཉེན་གཡོལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང་། སོག་ཡུལ་དུ་ཉེན་གཡོལ་ལ་ཕེབས་པའི་ལོ་ངོ་ལྔ་ལྷག་གི་རིང་ལ་ཁོང་གིས་ཕྱི་རྒྱལ་གྱི་ཚན་རིག་པ་དང་བསམ་བློ་པ། ཤེས་ལྡན་མི་སྣ་སྣ་ཚོགས་ལ་མཇལ་འཕྲད་གནང་ནས་མཐོང་ཐོས་རྒྱ་སྐྱེད་པ་དང་།ཕྱིར་ལོག་པའི་ལམ་བར་ནས་པེ་ཅིན་བརྒྱུད་དུས་ཆིང་སྲིད་གཞུང་གི་རྒྱལ་མོ་ཚུ་ཞི་ཐེ་ཧི(慈禧太后)དང་མཇལ་འཕྲད་གླེང་མོལ་མཛད་པ་བརྒྱུད་ནས།སྐབས་དེའི་རྒྱལ་ནང་གི་གནས་བབས་ལ་གསལ་ཆ་བྱུང་བ་མ་ཟད། ཆིང་རྒྱལ་རབས་ཀྱི“གསར་པརྗེ་བསམ་བློ”དང“རྒྱལ་སྐྱོབས་འདུ་ཤེས”ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག“ཁོང་ལྷ་སར་ལོག་ནས་ཡུན་རིང་མ་སོང་བར་སི་ཁྲོན་གྱི་དམག་དཔོན་ཀྲའོ་འར་ཧྥང་གིས་དམག་དཔུང་ཁྲིད་དེ་ལྷ་སར་ཐོན་ནས་ཟིང་ཆ་ཆེན་པོ་བསླངས་ཏེ། ཏཱ་ལའི་བླ་མའི་སྐུ་སྲོག་ཀྱང་ཉེན་ཁ་ཧ་ཅང་ཆེ་བའི་གནས་སུ་གྱར་བས། བོད་ས་གནས་སྲིད་གཞུང་གི་སེར་སྐྱ་དཔོན་རིགས་གཙོ་བོ་རྣམས་བཀའ་གྲོས་མཛད་དེ། གནས་སྐབས་ཉེན་གཡོལ་གནང་ན་དགེ་མཚན་ཆེ་ལུགས་སྐོར་རྒྱལ་དབང་མཆོག་ལ་གསེར་སྙན་བསྒྲོན་ནས། མཐར་སྤྱི་ལོ1910ལོའི་ཟླ1པོའི་ཚེས3ཉིན་གསོལ་ཆས་ཙམ་ཡང་བཞེས་ལོང་མེད་པར། ལྷ་སའི་སྐྱིད་ཆུ་བརྒྱུད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང་།”①རྒྱ་གར་དུ་བཞུགས་པའི་རིང་ལ་ཏཱ་ལའི་བླ་མས་རྒྱ་གར་གྱི་ལས་རིགས་མི་འདྲ་བའི་མི་སྣ་དང་མཇལ་འཕྲད་གནང་བ་མ་ཟད། དབྱིན་ཇིའི་དཔོན་རིགས་དང་གྲོས་མོལ་མང་དུ་མཛད་ནས་བོད་ཀྱི་བཅོས་སྒྱུར་སྐོར་ལ་བསམ་འཆར་མི་འདྲ་བ་བསྡུ་ལེན་བྱས་པ་དང་། ཁྱད་པར་དུ་བོད་ཀྱི་སློབ་གསོ་བཅོས་སྒྱུར་ཐད་དབྱིན་གཞུང་ནས་རོགས་རམ་བྱེད་རྒྱུའི་ཁས་ལེན་ཐོབ།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གཞན་
གྱི་བཙན་འཛུལ་དང་གཉའ་གནོན་འོག་ཏུ་རང་ཡུལ་
ནས་སྡོད་དབང་མེད་པར་སྔ་ཕྱིར་ཐེངས་གཉིས་དང་
བསྡོམས་པས་ལོ་ངོ་བརྒྱད་ལྷག་གི་གཞན་བརྟེན་ཡུལ་

གྱར་གྱི་དཀའ་སྡུག་མྱངས་པ་བརྒྱུད་ནས་ཁོང་གིས་རང་གི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ནས“རང་ཉིད་
རང་གི་མགོན་བྱེད་དགོས་པའི”གནས་ལུགས་ལ་ངེས་ཤེས་ཟབ་མོ་རྙེད་པ་དང་། ཡུལ་གྱུར་གྱི་རིང་ལ་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་གཙོས་སེར་སྐྱ་དཔོན་རིགས་ཆེ་གྲས་འགའ་ཞིག་མེས་རྒྱལ་ནང་ཁུལ་དང་། ཕྱི་སོག རྒྱ་གར་ལ་སོགས་ས་གནས་མང་པོར་དུས་ཡུན་གང་འཚམ་བཞུགས་ཏེ་སྔོན་ཐོན་གྱི་འཛུགས་སྐྲུན་དང་། འཕྲུལ་ཆས། ཚན་རིག་ལག་རྩལ། དོ་དམ་ལམ་ལུགས། དམག་དོན་སོགས་དངོས་སུ་གཟིགས་སྟབས། བོད་ཀྱི་སྤྱི་ཚོགས་དང་དངོས་འབྲེལ་གོང་སྤེལ་གཏོང་དགོས་ན་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་། དོ་དམ་ལམ་ལུགས། དམག་དཔུང་ངེས་ཅན་ཞིག་དགོས་པ་ལས། ལྷ་བླ་མ་ཁོ་ནར་གསོལ་བ་འདེབས་བཞིན་བསྡད་ན་མི་འགྲིག་པ་དེ་གསལ་བོར་མཁྱེན་ཏེ།②བོད་ཀྱི་གནས་བབས་ལ་བཅོས་སྒྱུར་བྱེད་པའི་དམ་བཅའ་བརྟན་པོ་ཡིད་ལ་བཅངས་ནས། 1912ལོའི་ཟླ6པར་རྒྱ་གར་གྱི་ཡུལ་གྱར་འཚོ་བ་མཇུག་བསྒྲིལ་ནས་ཕྱིར་བོད་དུ་ལོག་པ་དང་།བོད་དུ་སླེབས་རྗེས་དེ་མ་ཐག་ཏུ་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན་སོགས་ཡར་རྒྱས་གོང་འཕེལ་ཡོང་ཐབས་ཀྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤེལ་ཞིང་། བྱེད་ཐབས་ཡོངས་ཀྱི་སྔོན་འགྲོ་རུ་གྱུར་པའི་གྲུབ་ཆ་གཙོ་བོ་ཞིག་ནི། ནུབ་ཕྱོགས་ཀྱི་ཚན་རིག་ལག་རྩལ་ལ་སློབ་སྦྱོང་བྱས་ནས། དེང་རབས་ཀྱི་བཟོ་ལས་ལག་རྩལ་བོད་དུ་དར་སྤེལ་གཏོང་རྒྱུ་དེ་ཡིན་ལ། དེ་ལ་དམིགས་ནས་གཞུང་དངུལ་བཏང་ནས་བོད་ཕྲུག་དུ་མ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་ལ་མངགས་པ་དང་། ནུབ་ཕྱོགས་ཀྱི་ཆེད་མཁས་པ་གདན་ཞུ་བྱེད་པ། བོད་ནང་ཁུལ་དུ་ནུབ་ཕྱོགས་ཀྱི་ཚན་རིག་དང་སྐད་ཡིག་སྦྱང་སའི་ཁོར་ཡུག་བསྐྲུན་པ་ལ་སོགས་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པའོ། །

གཉིས་པ། ལས་འགུལ་གྱི་བརྒྱུད་རིམ་དང་རྣམ་པ།

གཅིག གཞུང་མངགས་ཕྱི་འགྲིམས་སློབ་མའི་གནས་བབས།

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་སྡོད་པའི་རིང་ལ་དབྱིན་ཇི་པ་སྦེལ③དང་གྲོས་མོལ་མང་དུ་བྱས་ཤིང་། ཁོང་གཉིས་ཀྱི་གླེང་གཞི་གཙོ་བོ་ཞིག་ནི་བོད་ཀྱི་སློབ་གསོའི་ལེགས་བཅོས་སྐོར་ཡིན་ལ། ཁྱད་པར་དུ་སྦེལ་གྱིས་མཐུན་སྦྱོར་གནང་བ་བརྒྱུད་བོད་ཀྱི་ན་གཞོན་སྐོར་ཞིག་དབྱིན་ཇིར་ཚན་རིག་སློབ་སྦྱོང་ལ་མངགས་ནས། བོད་ཀྱི་བཟོ་ལས་དཔལ་འབྱོར་དང་དམག་དོན་ལེགས་བཅོས་བྱ་རྒྱུའི་གྲོས་འཆམ་བྱུང་བས།④1912ལོའི་ཟླ6པར་རྒྱལ་དབང་བཅུ་གསུམ་པ་བོད་དུ་ཕྱིར་ལོག་ནས་རིང་བོ་མ་སོང་བར་བོད་ཕྲུག་བཞི་དབྱིན་ཇིར་སློབ་སྦྱོང་བྱེད་དུ་མངགས་པའི་གྲོས་མགོ་བཏོན་ཞིང་།⑤རྒྱལ་དབང་བཅུ་གསུམ་པའི་བཀའ་དགོངས་བཞིན་རྩེ་ཡིག་ཚང་དང་རྩིས་ཁང་ནས་ཕྱི་འགྲིམ་སློབ་བུ་བདམས་པའི་འགན་ཁུར་ཏེ། ལོ་ན་བཅུ་གཅིག་ནས་བཅུ་དྲུག་བར་གྱི་ཁྱིམ་ཚང་གི་སློབ་གསོ་ལེགས་ལ་སྐུ་དྲག་གི་ཁྱིམ་རྒྱུད་ནས་སྐྱེས་པ་དང་།སྤྱང་གྲུང་ལྡན་ཞིང་། སེར་སྐྱ་གཉིས་འཛོམས་དགོས་པ་བཅས་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ནས་གྲོས་སྡུར་དང་བརྟག་དཔྱད་གང་མང་བརྒྱུད། སེར་མོ་པ་གཅིག་དང་སྐྱ་བོ་གསུམ་གྱིས་གྲུབ་པའི་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་དབང་འདུས་ནོར་བུ། གྲོག་མཁར་བསོད་ནམས་རྒྱལ་པོ⑥བཅས་མི་དྲག་གི་བུ་ཕྲུག་བཞི་བདམས་ཐོན་བྱུང་ཐོག་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་སྐུ་དངོས་ཀྱིས་མཇུག་མཐའི་ཆོག་མཆན་བཀོད་པ་དང་། སློབ་ཕྲུག་བཞིའི་སྦྱང་བྱ་ཡང་སྐབས་དེའི་བོད་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་གློག་ལས་དང་། སྦྲག་ཏར། གཏེར་ལས། དམག་དོན་བཅས་ལ་བདམ་རྒྱུ་ཐག་བཅད་ཅིང་། སློབ་སྦྱོང་སྐབས་ཀྱི་དཀའ་ཁག་སེལ་བ་དང་སློབ་སྦྱོང་ལེགས་འགྲུབ་ཡོང་བའི་ཆེད་དུ་བཀའ་ཤག་ནས་རྩིས་པ་ལུང་ཤར་རྡོ་རྗེ་ཚེ་རྒྱལ⑦སློབ་བུ་བཞིའི་བདག་སྐྱོང་འགན་ཁུར་མཁན་དུ་བསྐོས་ནས། ཁོང་གི་ཆུང་མ་དང་ལག་རོགས་གཉིས་དང་བཅས་པ་བུ་ཕྲུག་བཞི་དང་ལྷན་དུ་དབྱིན་ཇིར་མངགས་པ་དང་། ལམ་ལ་མ་ཆས་པའི་སྔོན་ལ་སྐུ་དངོས་ཀྱི་བཀའ་སློབ་དང་ཕེབས་སྐྱེལ་གཟབ་རྒྱས་མཛད་ནས། ལུང་ཤར་ལ་སློབ་ཕྲུག་བཞི་ལ་དོ་དམ་དང་བདག་སྐྱོང་བྱེད་པའི་བར་མཚམས་ཀྱི་དུས་ཚོད་སྤྱད་དེ། ཧྥ་རན་སེ་ལ་སོགས་པའི་ཡོ་རོབ་རྒྱལ་ཁག་ལ་ལྟ་ཞིབ་གནང་དགོས་པའི་ཞལ་གདམས་ཡང་ཡང་མཛད།⑧ནུབ་ཕྱོགས་སུ་སྐྱོད་པའི་ལམ་གྱི་དཀའ་ངལ་དང་སློབ་སྦྱོང་གི་གནས་ཚུལ་ཐད་ལ་ལོ་རྒྱུས་ཡིག་ཆ་ལྟར་ན། ཐོག་མར་ལྷ་ས་ནས་བཅིབས་པར་ཞོན་ནས་རྒྱ་གར་དུ་ཕྱིན་པ་དང་། དེ་ནས་མཚོ་གྲུ་དང་། མེ་འཁོར། རླངས་འཁོར་བཅས་རེས་མོས་སུ་བརྗེ་ནས་མཐར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་སླེབས་པ་དང་། ལམ་བར་དུ་རྒྱལ་རྩེ་ལ་འབྱོར་རྗེས་རྒྱལ་རྩེའི་དབྱིན་ཇིའི་ཚོང་ཚབ་པ་པཱ་སེར་གོ་ལྡི(Basil Gould)ཡིས་སྣེ་ལེན་བྱས་ཤིང་། དབྱིན་ཇིས་ཆེད་སྤྱོད་མགྲོན་ཚུགས་བརྒྱུད་ནས་འབྲས་ལྗོངས་སུ་སླེབས་པ་དང་། སྐབས་དེའི་འབྲས་ལྗོངས་ཀྱི་སྲིད་འཛིན་དཔོན་པོ་སྦེལ་དང་ཕྲད་ནས་ཁོང་གིས་སློབ་ཕྲུག་བཞི་ལ་དབྱིན་ཇི་ནས་སློབ་སྦྱོང་ཇི་ལྟར་བྱེད་པའི་ཐད་ལ་དགོངས་འཆར་བསྩལ།⑨དེ་ནས་དབྱིན་ཇི་དང་འབྲས་ལྗོངས་ཀྱི་སྣེ་ཁྲིད་པ་གཉིས་དང་ལྷན་ཅིག་རྒྱ་གར་དུ་སླེབས་ཤིང་། མེ་འཁོར་ལ་བསྡད་དེ་རྒྱ་གར་གྱི་ཡུལ་དུ་མར་ཉུལ་ཞིང་། མཐར“ཨ་རབ”རྟགས་ཅན་གྱི་མཚོ་གྲུ་ཞིག་ལ་བསྡད་དེ་དབྱིན་ཇིར་བསྐྱོད་པ་དང་། སྔ་ཕྱིར་ཟླ་གཉིས་ལྷག་གི་འགྲུལ་སྐྱོད་བརྒྱུད1913ལོའི་ཟླ་4ཚེས22ཉིན་སློབ་ཕྲུག་དག་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ཏུ་སླེབས་པའི་གནས་ཚུལ་ནུབ་ཕྱོགས་ཀྱི་གསར་ལམ⑩ཁག་ཏུ་ཐོན་ཞིང་། དབྱིན་གཞུང་གིས་བོད་ཕྲུག་དག་ལོན་ཏོན་ནས་སྤྱི་ལེ་ཞེ་གཉིས་ཀྱིས་ཆོད་པའི“ཧྥ་ནན”ཞེས་པའི་ཡུལ་དུ་བཀོད་སྒྲིག་བྱས་ཤིང་། སྐབས་དེའི་དབྱིན་ཡིག་གི་ཡིག་ཆ་ལ་གཞིགས་ན། 1924ལོའི་ཟླ2ཚེས22ཉིན་ལ་ཀི་པེ་གཞུང་གཉེར་སློབ་གྲྭར(Rugby School)ཞུགས་པ་དང་། སློབ་ཕྲུག་བཞི་པོོའི་སློབ་སྦྱོང་གི་འཕེལ་རྒྱས་ཤིན་ཏུ་མགྱོགས་པར་མངོན་ལ། ཡིན་ཡང་དབྱིན་ཡིག་དང་རང་བྱུང་ཚན་རིག་ལ་སྦྱང་བ་བྱས་མ་མྱོང་བས། བསླབ་ཚན་མཐའ་དག་སློབ་ཆུང་གི་རིམ་པ་ནས་སྦྱང་མགོ་ཚུགས་ཤིང་། ལོ་དུ་མ་ལ་དཀའ་བ་སྤྱད་རྗེས་ནོ་བུན་ལེ་སློབ་ཆེན(诺菲里大学)དུ་ཚུད། དེའི་ཐད་ལ་སྦེལ་གྱིས་བརྩམས་པའི་ཏཱ་ལའི་བླ་མའི་རྣམ་ཐར་ལས“མཐོ་རིམ་གྱི་ཕྲུ་གུ་བཞིའི་ནང་ནས་ལོ་ན་རྒན་ཤོས་གྲོག་མཁར་བས་དམག་ལས་སྦྱངས་པ་དང་།དམག་སྒར་དུའང་ཟླ་བ་བཅུ་གཅིག་ཙམ་སྦྱོང་བརྡར་བྱས་ཤིང་། སློབ་གྲྭ་མ་ཐོན་གོང་བོད་ལ་ཕྱིར་ལོག་པ་དང་།ཆུང་ཤོས་བྱང་ངོས་པ་ནི་སྤྱང་གྲུང་འཛོམས་ལ་རིག་པ་རྣོ་བ་ཞིག་ཡོད། དེས་གློག་ལས་སྦྱངས་ཏེ་སྦྱངས་འབྲས་གང་ལེགས་ཐོན་ཞིང་། དེ་མིན་གཞན་གཉིས་སློབ་སྦྱོང་ལ་བརྩོན་འགྲུས་ཞན་པས་གྲུབ་འབྲས་དེ་ཙམ་བྱུང་མེད།”ཅེས་བཀོད་འདུགསྐབས་དེར་ཨུ་རུ་སུའི་ཕྱོགས་ནས་བོད་ལ་ཐེ་བྱུས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པས་བོད་དང་འབྲེལ་ལམ་སྣ་ཚོགས་བཙུགས་པ་དང་། བོད་གཞུང་ནས་ཀྱང་སྔ་ཕྱིར་ཨུ་རུ་སུར་ཚན་རིག་ལག་རྩལ་སྦྱང་བའི་ཕྱི་འགྲིམ་སློབ་བུ་མངགས་ཤིང་། དུས་གསརལས་ཐོན་པ་ལྟར་ན། 1913ལོའི་ཟླ1པོར་སེར་དཔོན་དོན་འགྲུབ་ཀྱིས་བོད་གཞུང་གི་ཚབ་བྱས་ནས་ཨུ་རུ་སུར་ཐེངས་བདུན་པར་བསྐྱོད་པའི་དུས་སུ་བོད་ཀྱི་ན་གཞོན15ཁྲིད་པ་དང་། ཁོང་ཅག་གིས་ཏཱ་ལའི་བླ་མས་ཨུ་རུ་སུའི་གོང་མར་ཕུལ་བའི་ལེགས་སྐྱེས་ཕུལ་རྗེས། ཨུ་རུ་སུའི་སློབ་གྲྭར་ཕེབས་ནས་སློབ་གསོ་མྱངས། གཞན་1924ལོའི་ཟླ་གཉིས་པར་མིང་ལ་བྱམས་པ་ཐོགས་མེད་དུ་འབོད་པའི་ཏཱ་ལའི་བླ་མའི་ཆེད་མངགས་ཕོ་ཉ་བ་ཞིག་གིས་ན་གཞོན་སེར་མོ་བ་བཞི་ཁྲིད་ནས་ཁུ་ལོན ལ་ཕྱིན་ནས་རྡོ་རྗེ་ལ་འཕྲིན་ཡིག་ཅིག་སྤྲད་ཅིང་། དེ་ལས་ཁོ་ཚོ་མའོ་སི་ཁོ་རུ་བསྐྱལ་ནས་མཚོན་ཆ་འབར་རྫས་བཟོ་ཐབས་ཐད་ཀྱི་ལག་རྩལ་མཛུབ་སྟོན་དགོས་པའི་རེ་བ་བཏོན་ཡོད་པས། ཁོ་ཚོར་ཨུ་རུ་སུའི་ལེ་ཉིན་ཀི་ལི(列宁格勒)ཡི་དེང་རབས་ཤར་མཐའི་སྐད་རིགས་སློབ་གླིང་ནས་དམིགས་བསལ་གྱི་དམག་དོན་འཛིན་གྲྭ་ཞིག་བཀོད་སྒྲིག་བྱས་ཤིང་། ཕྱིས་སུ་བོད་ཀྱི་ཕྱི་འགྲིམ་སློབ་མ་རབ་དང་རིམ་པ་མའོ་སི་ཁོ་དང་ལེ་ཉིན་ཀི་ལི་རུ་ལག་རྩལ་སློབ་སྦྱོང་དུ་ཕེབས་པའི་གནས་ཚུལ་ལོ་རྒྱུས་སུ་མཐོང་ཐུབ།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མངགས་བཅོལ་ལྟར་ཕྱི་ཕྱོགས་སུ་འགྲིམ་པའི་སློབ་བུ་རྗེས་མ་ནི་ཐང་སྨད་དོན་འགྲུབ་ཚེ་རིང་ཡིན་ལ། ཐོག་མར་ཁོང་གིས་དབྱིན་ཇི་པས་བསྒྲུབས་པའི་འབྲས་ལྗོངས་ཀྱི་སློབ་འབྲིང་ཞིག་ཏུ་སློབ་སྦྱོང་བྱས་ཤིང་། 1931ལོར་ཏ་ཅི་ལིན་དུ་དབྱིན་ཇི་པས་བསྒྲུབས་པའི་སློབ་ཆེན་ཞིག་ནས་སློབ་མཐར་ཕྱིན་ནས་བོད་དུ་ལོག་པ་དང་། 1933ལོར་སླར་ཡང་རྒྱ་གར་དུ་ཕེབས་ནས་ཀ་ལི་ཀ་ཏའི་གློག་ཤུགས་ཆེད་སྦྱོང་སློབ་གླིང་དུ་ཚན་རིག་ལ་སློབ་སྦྱོང་བྱས།

གཉིས། རང་འགུལ་གྱིས་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས།

རྒྱལ་དབང་བཅུ་གསུམ་པ་དང་སྐབས་དེའི་བོད་ཀྱི་ཡར་ཐོན་སྐུ་དྲག་རྣམས་ཀྱིས་འབོད་སྐུལ་ལ་བརྟེན་ནས། དཔོན་རིགས་དང་ཚོང་པ་ཆེ་གྲས་ཁག་ཅིག་གིས་རང་གི་བུ་ཕྲུག་རྒྱ་གར་ལ་སློབ་སྦྱོང་དུ་མངགས་པའི་རྣམ་པ་བྱུང་ལ། ཚ་རོང་ཟླ་བཟང་དགྲ་འདུལ་ནི་དེའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་སྟེ། སྔ་དུས་སུ་ཏཱ་ལའི་བླ་མ་དང་ལྷན་དུ་སོག་ཡུལ་དང་རྒྱ་གར་ལ་འགྲིམ་མྱོང་བ་དང་།དབྱིན་ཇིའི་དམངས་གཙོ་ལམ་ལུགས་ལ་མོས་པ་བྱེད་མཁན་ཞིག་ཡིན་པས། ཁོང་གིས་རང་གི་བུ་ཕྲུག་དང་བུ་མོ་ཡང་རྒྱ་གར་གྱི་སློབ་གྲྭར་བསྐྱལ་ནས་ནུབ་ཕྱོགས་པའི་སློབ་གསོ་མྱང་དུ་བཅུག་པ་དང་། ཕྱིས་སུ་ཧྲིན་པོ་ལོ་སློབ་གྲྭར(St.Paul’s school)ཞུགས་ནས་དབྱིན་ཡིག་ལ་བྱང་ཆུབ་པར་གྱུར། བཀའ་བློན་སྐྱིད་ཞོད་པ་ཡིས་ཚ་བོ་ཡང་རྒྱ་གར་ནས་སློབ་གསོ་མྱངས་ཏེ་དབྱིན་ཡིག་གི་ཤེས་ཡོན་ཕུན་སུམ་ཚོགས་པར་གྱུར་ནས་ནུབ་ཕྱོགས་པ་ཧཱ་ལེ(HeintichHarrer)དང་། བཀའ་བློན་སྐྱིད་ཞོད་པ་མཇལ་དུས་ལོ་ཙཱའི་ལས་རོགས་བྱས། དེ་མིན་བཀའ་བློན་ཕུན་ཁང་གི་མནའ་མས་ཀྱང་རྒྱ་གར་གྱི་ཆེས་ལེགས་པའི་སློབ་གྲྭ་ཞིག་ནས་སློབ་གསོ་མྱངས་པ་དང་། བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་བུ་ཕྲུག་གིས་ཀྱང་རྒྱ་གར་ནས་སློབ་གསོ་མྱངས་པ་ལ་སོགས་ཀྱིས་མཚོན་པའི་སྐབས་དེའི་བསམ་བློ་ཡར་ཐོན་པ་ཁག་ཅིག་གིས་རང་འགུལ་གྱིས་རྗེས་རབས་པ་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པར་མངགས་པའི་ཚ་རླབས་ཤིག་འཕྱུར།

གསུམ། བོད་ནང་ཁུལ་གྱི་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག

1914ལོར་སིམ་ལའི་གྲོས་ཚོགས་གྲོལ་ནས་ཡུན་རིང་མ་སོང་བར་བོད་དམག་བཅོས་སྒྲིག་དང་རྒྱ་སྐྱེད་གཏོང་བའི་མགོ་ཚུགས་པ་དང་། བོད་དམག་གི་དམག་སྒར་རིགས་བཞི་རུ་བཀར་ནས་དབྱིན་ཇི་དང་། ལྗར་པན། ཨུ་རུ་སུ། རྒྱ་ནག་བཅས་ཀྱི་དམག་དོན་ཆེད་མཁས་པ་གདན་དྲངས་ནས་སོ་སོའི་ལུགས་ཀྱི་དམག་རྩེད་སྦྱོང་བའི་སྲོལ་བཙུགས་ཤིང་། སྤྱི་ཁྱབ་དམག་དཔོན་རྒན་གཞོན་ལ་བཀའ་བློན་ཚ་རོང་ཟླ་བཟང་དགྲ་འདུལ་དང་།ཐའི་ཇི་ཁྲི་སྨོན་ནོར་བུ་དབང་རྒྱལ་བསྐོ་བཞག་གནང་ཞིང་། དམག་དར་དང་། དམག་སྤྱི་ལས་ཁུངས། དམག་ཁྲིམས་བཅས་གཏན་འབེབས་བྱས་པ་མ་ཟད། དམག་དོན་མི་སྣ་སྐྱེད་སྲིང་བྱེད་སའི་རྒྱལ་རྩེ་དབྱིན་དམག་སློབ་གྲྭ་དངོས་སུ་བཙུགས་ནས་དབྱིན་ཇིའི་ལུགས་ལྟར་དུ་བོད་དམག་གསོ་སྐྱོང་གནང་། 1923ལོར་ལྷ་ས་གྲོང་ཁྱེར་དུ་པུ་ལི་སིའི་དམག་སྒར་གསར་དུ་བཙུགས་ཏེ་ལྷ་སའི་ཕྱོགས་བཞིར་པུ་ལི་སིའི་ཚོ་ཁང་རེ་དང་། སྲང་ལམ་གཙོ་བོ་ཁག་ལ་པུ་ལི་སི་བཞག་སྟེ་བདེ་སྲུང་གི་ལས་ཀར་ཤུགས་རྒྱག་པ་དང་། དབྱིན་ཡིག་སློབ་གྲྭ་འཛུགས་པ་ལ་སོགས་ནུབ་ཕྱོགས་ཚན་རིག་ལ་ཁོར་ཡུག་གང་འཚམ་བསྐྲུན།

བཞི། རྒྱལ་དབང་བཅུ་གསུམ་པ་གཤེགས་རྗེས་སུ་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་རྒྱུན།

རྒྱལ་དབང་བཅུ་གསུམ་པའི་རིང་ལ་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་དབུ་ཚུགས་ཤིང་། 1933ལོར་ཁོང་སྐུ་གཤེགས་པ་ནས་བཟུང་སྟེ་གཞུང་ཕྱོགས་ནས་ཆེད་མངགས་ཀྱིས་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་རྣམ་པ་རེ་ཞིག་རྒྱུན་ཆད་པ་དང། བོད་ནང་གི་སློབ་གྲྭ་དང་དམག་སྡེ་ཡང་ཕྱི་ནང་གི་རྐྱེན་སྣ་ཚོགས་ཁྲོད་ནས་མཚམས་འཇོག་དགོས་བྱུང་མོད། རང་འགུལ་གྱིས་ཡུལ་གཞན་དུ་བསྐྱོད་ནས་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་རྒྱུན་མུ་མཐུད་གནས་ཡོད་དེ། ཕུགས་བསམ་གྱིས་ཕྱུག་པའི་ན་གཞོན་མང་པོ་ཞིག་རྒྱ་གར་ལ་སོགས་པའི་ཡུལ་གྲུ་ཁག་ཏུ་བསྐྱོད་དེ། རིག་གནས་གསར་པ་ནང་འདྲེན་ལ་ནུས་ཤུགས་མི་དམན་པ་བཏོན་ཞིང་། དགེ་འདུན་ཆོས་འཕེལ་ནི་དེའི་ཐད་ལ་བྱས་རྗེས་མངོན་པར་མཐོ་བའི་ཕྱི་འགྲིམ་སློབ་མ་ཞིག་ཡིན་ལ། ཁོང་གིས་སྔ་ཕྱིར་ཐེངས་གཉིས་དང་བསྡོམས་པས་ལོ་བཅུ་གཉིས་ལ་རྒྱ་གར་གཙོས་འདབས་འབྲེལ་རྒྱལ་ཁབ་དུ་མ་ནས་སཾ་སྐྲྀ་ཏའི་སྐད་དང་དབྱིན་སྐད་ལ་སློབ་སྦྱོང་བྱས་ཤིང་། བསྟན་བཅོས་འབོར་ཆེན་བརྩམས་ནས་བོད་ཀྱི་བསམ་བློ་དང་ཤེས་རིག་འཕེལ་རྒྱས་ལ་ལག་རྗེས་བཞག་པ་མ་ཟད། བོད་ཀྱི་རྗེས་ལུས་རྣམ་པ་སྒྱུར་བ་ལ་དམིགས་ནས་བཅོས་སྒྱུར་ཚོགས་པ་ཞིག་ཀྱང་བཙུགས་པའི་གནས་ཚུལ་ཕྱི་ནང་གི་ལོ་རྒྱུས་ཡིག་ཆ་ལས་ཟུར་ཙམ་མཐོང་ཐུབ།

མདོར་ན། རྒྱལ་དབང་བཅུ་གསུམ་པའི་རིང་ལ་བོད་རྗེས་ལུས་ཀྱི་རྣམ་པ་སྒྱུར་ཆེད་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤེལ་བ་ལས། སློབ་གསོའི་བཅོས་སྒྱུར་ནི་བྱེད་ཐབས་གཞན་དག་ལེགས་འགྲུབ་ཡོང་བའི་སྔོན་འགྲོ་རུ་སོང་བས། ཁོང་རང་ཉིད་ནས་དུས་དང་རྣམ་པ་ཀུན་ཏུ་གཙིགས་སུ་བཟུང་ཞིང་ལག་བསྟར་མཐའ་འཁྱོལ་གནང་བ་དང་། བཅོས་སྒྱུར་གྱི་ནང་དོན་གཙོ་བོ་ནི་ནུབ་ཕྱོགས་ཀྱི་ཚན་རིག་ལག་རྩལ་དང་བཟོ་ལས། དམག་དོན་དང་དོ་དམ་བཅས་འདུས་པའི་རིག་གནས་གསར་པ་ནང་འདྲེན་དང་། རྣམ་པའི་ཆ་ནས་གཞུང་མངགས་ཕྱི་འགྲིམ་སློབ་མ་གཙོ་རྒྱུག་ཏུ་གྱུར་ཅིང་། རང་འགུལ་གྱིས་ཕྱི་ལ་བསྐྱོད་ནས་སློབ་སྦྱོང་བྱེད་པའི་སྣང་ཚུལ་ཡང་བྱུང་ལ། དུས་མཚུངས་སུ་ཆེད་ལས་པ་གདན་ཞུ་བྱས་ནས་བོད་ནང་ཁུལ་ནས་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཀྱང་གང་འཚམ་བསྐྲུན། འདི་དག་གི་ཤུགས་རྐྱེན་ལས། རྒྱལ་དབང་བཅུ་གསུམ་པ་གཤེགས་རྗེས་སུའང་རང་འགུལ་གྱི་ཕྱི་འགྲིམ་སློབ་སྦྱོང་བྱེད་པའི་རྒྱུན་ཙམ་མ་ཉམས་པར་གནས་སོ། །

གསུམ་པ། ལས་འགུལ་གྱི་ཤུགས་རྐྱེན།

གཅིག བཟོ་ལས་དཔལ་འབྱོར་གྱི་ཕྱོགས།

བྱང་ངོས་པ་རིག་འཛིན་རྡོ་རྗེས་དབྱིན་ཇི་ནས་ཕྱིར་ལོག་རྗེས། བོད་དུ་འཕྲུལ་འཁོར་བཟོ་གྲྭ་འཛུགས་རྒྱུའི་འགན་ཁུར་བ་མ་ཟད། 1925ལོར་བཀའ་ཤག་གིས་རྒྱབ་སྐྱོར་འོག་ཏུ་ཁོང་གིས་སྣེ་ཁྲིད་དེ་རྡོ་དང་ཤིང་དང་ཨར་ལས་ཀྱི་ལག་ཤེས་པ་བཅུ་ཕྲག་ཁ་ཤས་བསྡུས་ནས། བོད་ཀྱི་ཆུ་གློག་བཟོ་གྲྭ་ཐོག་མ་སྟེ་དོག་སྡེའི་ཆུ་ཤུགས་གློག་འདོན་ཁང་བཙུགས་ཤིང་། 1927ལོ་ནས་གློག་བཞུ་སྤར་ནས་ནོར་བུ་གླིང་ཁར་གློག་འདོན་མཛད་པ་དང་།བར་སྐབས་ཤིག་ལ་བོད་དམག་གི་མཚོན་ཆའི་འབྱུང་ཁུངས་ཐག་གཅོད་པའི་ཆེད་དུ་གྲྭ་བཞི་གློག་འཕྲུལ་ཁང་ནས་མེ་མདའ་དང་མདེའུ་བཟོས། ཕྱིས་སུ་དངུལ་ལོར་གྱི་དངོས་མཁོའི་དབང་གིས་གྲྭ་བཞི་དངུལ་དཔར་ཁང་དུ་བསྒྱུར་ནས་བོད་གཞུང་གི་གློག་འདོན་དང་དངུལ་དཔར་མཉམ་སྒྲུབ་ཀྱི་བཟོ་གྲྭ་རུ་གྱུར་པ་དང་། 1945ལོར་བྱང་ངོས་པ་རིག་འཛིན་རྡོ་རྗེ་གཤེགས་པས། བཀའ་ཤག་གིས་སླར་ཡང་རྒྱ་གར་དུ་ཕྱི་འགྲིམ་སློབ་སྦྱོང་ལ་སོང་མྱོང་བའི་ཐང་སྨད་དོན་འགྲུབ་ཚེ་རིང་ལ་མུ་མཐུད་དུ་འགན་ཁུར་དུ་བཅུག་ནས། བོད་ཀྱི་གློག་འདོན་དང་པར་འདེབས་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན།སྨོན་གྲོང་མཁྱེན་རབ་ཀུན་བཟང་གིས་གཏེར་ལས་སྦྱངས་པས། ཕྱིར་ལོག་རྗེས་ལྷ་སའི་བྱང་ངོས་ནས་གསེར་གྱི་གཏེར་ཁ་འདོན་པའི་ལས་མགོ་བརྩམས་ཤིང་།གསེར་གྱི་གཏེར་ཁ་འབོར་ཆེན་རྙེད་ཀྱང་གཏེར་ཁ་འདོན་སྐབས་ས་འོག་ནས་སྦལ་བ་ཆེན་པོ་ཞིག་ཐོན་པས། སེར་མོ་པ་གཙོས་མི་མང་པོས་བཀྲ་མི་ཤིས་པའི་རྟགས་མཚན་རེད་ཅེས་གཏེར་འདོན་པའི་ལས་ཀར་ངོ་རྒོལ་མཐའ་གཅིག་ཏུ་བྱས་སྟབས། ལས་མཚམས་མི་འཇོག་ཀ་མེད་བྱུང་། ཁོང་གིས་བོད་གཞུང་ལ་གཏེར་ཁ་འདོན་པར་རྒྱབ་སྐྱོར་དགོས་པའི་རེ་ཞུ་བྱས་ཀྱང་སེར་མོ་པས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པས་འུ་ཐུག་ཐབས་ཟད་དུ་ལུས།“འོན་ཀྱང་སྐབས་དེར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་དགོངས་བཞིན་བོད་ཀྱི་ས་གནས་རྫོང་གཞིས་ཁག་ལ་བཀའ་རྒྱ་བཏང་སྟེ། གཏེར་རྡོ་འཚོལ་ཞིབ་བྱེད་དགོས་པའི་བཀའ་ཕབ་ལྟར་ས་གནས་ཁག་ནས་གཏེར་རྡོའི་དཔེ་ཚད་འདྲ་མིན་སྣ་ཚོགས་ས་གནས་སྲིད་གཞུང་ལ་ཕུལ་ཏེ་གཏེར་རྡོ་འཚོལ་བའི་བྱ་བ་བཟང་པོ་ཞིག་འགོ་ཚུགས།”1925ལོར་བཙུགས་པའི་སྦྲག་ཏར་ཁང་ནི། ཐོག་མར་ཕྱི་སྐད་དང་གློག་ཏར་ལ་སྦྱངས་པ་སོང་བའི་སེར་དཔོན་རྩེ་དྲུང་ཆོས་ལྡན་བསྟན་དར་ནས་འགན་ཁུར་པ་དང་། ཏར་ཡིག་དང་སྦྲག་ཡིག་གླ་ཆ་དངུལ་འབབ་ཅི་བྱུང་ཟླ་དྲུག་རེར་བཀའ་ཤག་ལ་རྩིས་འབུལ་གནང་བའི་སྲོལ་བཙུགས་ཤིང་། སྐུ་དྲག་གི་བུ་བཞི་དབྱིན་ཇིར་བསྐྱོད་པའི་ཁྲོད་ཀྱི་སྐྱིད་སྦུག་དབང་འདུས་ནོར་བུ་དབྱིན་ཇི་ནས་ཕྱིར་ལོག་སྐབས། བྷང་ག་ལ་ནས་གློག་ཏར་སྦྱངས་ཏེ་ལྷ་ས་དང་རྒྱལ་རྩེ་བར་དུ་གློག་སྐུད་འཐེན་པ་དང་། ལྷ་སའི་ཏར་ཁང་འཛུགས་པ་སོགས་བོད་ལྗོངས་ཀྱི་གློག་ཏར་དང་འགྲིམ་འགྲུལ་ལས་དོན་ལ་ལོ་རྒྱུས་སུ་བསུབ་ཐབས་མེད་པའི་ལག་རྗེས་བཞག

གཉིས། ཆབ་སྲིད་དམག་དོན་བཅོས་སྒྱུར་གྱི་ཕྱོགས།

བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་ཤུགས་རྐྱེན་ཅུང་ཆེ་བའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་ཐད་ཀྱི་ལས་འགུལ་དུ་མ་བྱུང་བ་དག་ནི། ནུབ་ཕྱོགས་ལ་སློབ་སྦྱོང་བྱས་པའི་ལས་འགུལ་དང་དམ་པོར་འབྲེལ་ཞིང་།ལས་འགུལ་གྱི་གཙོ་ཤུགས་ཐམས་ཅད་ནུབ་ཕྱོགས་རིག་གནས་ལ་སྦྱངས་པ་སོང་ཞིང་བཅོས་སྒྱུར་ལ་མོས་པའི་ན་གཞོན་གྱི་སྡེ་ཤ་སྟག་ཡིན་ལ། དེ་དག་ལས་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་བོད་ཀྱི་དམག་སྤྱིའི་ལས་འགན་ཁུར་བའི་རིང་ལ། བོད་ཀྱི་དམག་དཔུང་ལམ་ལུགས་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱས་པ་མ་ཟད། རྒྱལ་རྩེ་དབྱིན་དམག་སློབ་གྲྭ་དང་ཕྱི་འགྲིམ་ནས་ཡོང་བའི་ན་གཞོན་ཁག་ཅིག་བསྡུས་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བཅོས་སྒྱུར་བྱེད་པའི་འཆར་གཞི་བཟོས་ཤིང་།

1924ལོར་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་ཁྱིམ་དུ་གསང་བའི་སྒོ་ནས་ཚོགས་འདུ་བསྐངས་ཏེ། ཏཱ་ལའི་བླ་མའི་སྲིད་ཕྱོགས་ཀྱི་དབང་ཆ་ཕྱིར་བསྡུ་བྱས་ནས་ཆོས་ཕྱོགས་རྐྱང་བ་འཇོག་དགོས་པའི་སྐོར་གྲོས་མོལ་དང་མནའ་སྐྱེལ་དམ་བཅའ་བཞག་པ་དང་། ཚོགས་ཞུགས་སུ་ཏཱ་ལའི་བླ་མའི་ཉེ་འབྲེལ་དམག་དཔོན་དྭགས་པོ་སྦྲུམ་པ་ཡོད་པས་གསང་བ་ཕྱི་ལ་ཤོར་ནས་གྲོས་གཞི་ལ་ཕམ་ཉེས་བྱུང་སྟེ། 1926ལོར་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭའང་མཚམས་འཇོག་དགོས་བྱུང་བ་དང་། ཚ་རོང་ཡང་གནས་དབྱུང་བཏང་། 1929ལོར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་བོད་ཀྱི་དམག་སྤྱི་རུ་བསྐོས་པ་དང་། ལུང་ཤར་གྱིས་ནུབ་ཕྱོགས་རྒྱལ་ཁབ་མང་པོར་འགྲིམས་ནས་དེའི་ཆབ་སྲིད་བསམ་བློ་ལ་རྒྱུས་མངའ་ཡོད་པ་མ་ཟད། ཕྱིར་ལོག་རྗེས“སྐྱིད་ཕྱོགས་ཀུན་མཐུན”ཞེས་པའི་གསང་བའི་སྒྲིག་འཛུགས་ཤིག་བཙུགས་ནས་རང་ཉིད་ཀྱི་ཆབ་སྲིད་དམིགས་འབེན་ལག་ཏུ་བསྟར་བར་འབད་དེ། 1933ལོའི་ཟླ12ལ་རྒྱལ་དབང་བཅུ་གསུམ་པ་སྐུ་གཤེགས་པ་དང་། 1934ལོའི་ཟླ5པར་ལུང་ཤར་གྱིས་སེར་སྐྱ་དཔོན་རིགས་བརྒྱ་ལྷག་ལ་མནའ་འབྲེལ་བྱས་ནས། ཁོང་གིས་བཙུགས་པའི་སྒྲིག་འཛུགས་རྒྱ་སྐྱེད་དེ་ཚོགས་འདུ་རབ་དང་རིམ་པ་བསྐངས་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྒྱུར་བཅོས་དགོས་པ་རྩ་དོན་དུ་བཟུང་ནས་རྒྱལ་ཚབ་དང་བཀའ་ཤག་ལ་རེ་ཞུ་རྒྱབ། ཡིན་ཡང་སྟབས་མ་ལེགས་པར་གསང་བ་ཕྱི་ལ་ཤོར་ནས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཙོན་དུ་བཅུག་ནས་མིག་འབྲས་བཏོན་པ་དང་། འབྲེལ་ཡོད་ཚོགས་ཞུགས་ཁོངས་མི་ཚང་མ་ཡུལ་གྱར་དང་གནས་དབྱུང་བཏང་ནས་བཅོས་སྒྱུར་གྱི་ལས་གཞི་རྩ་སློག་བྱས། ལུང་ཤར་གྱི་ལས་འགུལ་འདི་ནི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལེགས་བཅོས་བཏང་ནས་ཚད་ངེས་ཅན་གྱི་དམངས་གཙོའི་ལམ་དུ་སྐྱོད་རྒྱུའིལས་འགུལ་གནད་ཅན་ཞིག་ཡིན་ཡང་། མཐར་དོན་ཐོག་མ་འཁྱོལ་བར་ཕམ་ཉེས་བྱུང་།

གསུམ། ཤེས་རིག་དང་བསམ་བློའི་ཕྱོགས།

རྒྱལ་དབང་བཅུ་གསུམ་པའི་རྗེས་སུ་རང་འགུལ་གྱིས་ཕྱི་ཕྱོགས་འགྲིམ་པའི་སློབ་མའི་ཁྲོད་དུ་དགེ་འདུན་ཆོས་འཕེལ་ནི་འཐུས་ཚབ་རང་བཞིན་ལྡན་པ་ཞིག་ཡིན་ལ། ཆུང་དུས་སུ་བོད་ཀྱི་དགོན་སྡེའི་སློབ་གསོ་མ་ལག་ཆ་ཚང་བར་སྦྱངས་ནས་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པར་གྱུར་པ་དང་། ཕྱིས་སུ་རྒྱ་གར་དང་སིང་ག་ལ་སོགས་འགྲིམས་ནས་སྐད་རིགས་དུ་མ་སྦྱངས་ནས་རིག་གནས་གསར་པ་ལ་སློབ་གཉེར་བྱས་པས། ཁོང་གིས་མཛད་པའི་བསྟན་བཅོས་ཀུན་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བཅུད་མ་ཡལ་བར་ཡོད་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་བསམ་བློ་གསར་པའི་ཁྱད་ཆོས་མངོན་པར་གསལ་པས། བོད་ཀྱི་སྤྱི་ཚོགས་ལ་སྒུལ་ཤུགས་ཆེན་པོ་ཐེབས་ཏེ་སྐད་གྲགས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་སྔོན་སྐྱོད་པ་ཞེས་པའི་གདེང་འཇོག་གནང་བཞིན་ཡོད། སྐབས་དེར་བོད་དུ་བསམ་བློ་གསར་པ་དྲངས་ནས་རྗེས་ལུས་རྣམ་པ་སྒྱུར་བའི་ཆེད་དུ་ཁོང་ཉིད་འདུས་པའི་བོད་ཀྱི་ཡར་ཐོན་མི་སྣ་དུ་མས“བོད་ཀྱི་གསར་པརྗེ་ཏང”ཞེས་པའི་ཚོགས་པ་ཞིག་ཀ་ལོན་སྦུག་དང་ཏ་ཅེ་ལིན་དུ་བཙུགས་པ་དང་། ལས་འགུལ་སྤེལ་ནས་ལོ་ལྔ་ཙམ་ལས་མ་འགོར་བར་དབྱིན་ཇི་དང་བཀའ་ཤག་མཉམ་འབྲེལ་གྱིས་ཚོགས་པ་དེ་རྩ་གཏོར་བཏང་ནས་ཁོངས་མི་རྣམས་ཁྲིམས་ལ་སྦྱར་བ་དང་། དགེ་འདུན་ཆོས་འཕེལ་ཡང་ལྷ་སའི་ཞོལ་དུ་བཙོན་འཇུག་བྱས་ནས་མནར་གཅོད་མང་པོ་མྱངས། བཙོན་གྲོལ་ཐོབ་ནས་ཡུན་རིང་མ་སོང་བར་སྐུ་ཡི་འཕེན་པ་རྫོགས།

མཇུག་སྡོམ།

བོད་ཀྱི་ལོ་རྒྱུས་སུ་ཕྱིའི་རྒྱལ་ཁབ་ཀྱི་སྔོན་ཐོན་ཤེས་རིག་ལ་སློབ་སྦྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་སྔ་མོ་ནས་ཡོད་པར་མཐོང་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ་སློབ་དཔོན་ཐོན་མི་འཁོར་དང་བཅས་པ་སྐབས་དེར་ཤེས་རིག་ཆེས་ཆེར་དར་བའི་རྒྱ་གར་གྱི་ཡུལ་དུ་སློབ་སྦྱོང་ལ་མངགས་ནས། ལམ་གྱི་དཀའ་ངལ་དང་ཚ་བའི་ཉེན་ཁ་མཐའ་དག་ཁྱད་དུ་བསད་ནས་མཐར་རྒྱལ་ཁའི་ངང་ཕྱིར་ལོག་ནས་བོད་ཀྱི་ཡི་གེ་བཟོས་པ་དང་། ཕྱིས་སུ་ལོ་ཙཱ་བ་དང་པཎྜི་ཏ་མང་པོ་གཅིག་རྗེས་གཉིས་མཐུད་དུ་རྒྱ་དཀར་ནག་གཙོས་སྔོན་ཐོན་རྒྱལ་ཁབ་ཁག་ལ་སློབ་སྦྱོང་དུ་སོང་ནས། བཀའ་བསྟན་བོད་དུ་བསྒྱུར་ནས་དཔལ་ནཱ་ལེནྡྲ་ཡི་ཤེས་རིག་གི་ཉིང་བཅུད་ཆ་ཚང་བ་བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་རྒྱུད་འཛིན་ཐུབ་པ་སོགས་གཞན་གྱི་ལེགས་ཆ་ལེན་པའི་སྲོལ་བཟང་ཞིག་ཡོད་མོད། བར་སྐབས་ཤིག་ལ་རང་ཉིད་ཀྱི་སྔ་རབས་པའི་གྲུབ་འབྲས་ལ་ཡིད་ཚིམས་ནས་རང་ལྟ་མཆོག་འཛིན་གྱི་བསམ་བློ་ལ་མགོ་འཁོར་ཏེ། ཕྱི་ཕྱོགས་ལ་སློབ་སྦྱོང་བྱེད་དུ་འགྲོ་བའི་བྱ་བ་མཚམས་བཞག་སྟེ། འཛམ་གླིང་གི་འཕེལ་རྒྱས་ཁ་ཕྱོགས་དང་རྩ་བ་ནས་ཁ་བྲལ་བའི་རྗེས་ལུས་ཀྱི་རྣམ་པ་བྱུང་བ་དང་། རྒྱལ་དབང་བཅུ་གསུམ་པ་ནི་གོང་བསྟན་གྱི་རྗེས་ལུས་ཀྱི་ཆ་དག་ལ་འགྱུར་བ་བཏང་ནས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པའི་མེས་པོའི་གོམས་སྲོལ་གྱི་རྒྱུན་བཟང་པོ་སྐྱོང་མཁན་གྱི་སྔོན་སྐྱོད་པ་ཞིག་སྟེ། ཁོང་གིས་རང་ཉིད་ཀྱི་རྗེས་ལུས་ཀྱི་རྣམ་པ་སྒྱུར་བའི་ཆེད་དུ་ནུབ་ཕྱོགས་ཀྱི་སྔོན་ཐོན་ཤེས་རིག་ལ་སློབ་སྦྱོང་བྱེད་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡང་། དགག་བྱ་མང་བའི་དབང་གིས་ཁོང་གི་འདོད་དགོངས་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་ཞིག་མ་ཐོན་ལ། གོང་གསལ་ལྟར་བོད་ཀྱི་ནུབ་ཕྱོགས་ལ་སློབ་སྦྱོང་བྱས་པའི་རྒྱབ་ལྗོངས་དང་བརྒྱུད་རིམ་ཡོངས་ལ་དཔྱད་པ་བཏང་ཚེ་གཤམ་གྱི་རྒྱུ་རྐྱེན་དུ་མ་མཐོང་ཐུབ་སྟེ། གཅིག་ནས་བཅོས་སྒྱུར་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་མ་ཐོབ་པ་སྟེ། མི་རིགས་ཤིག་གི་མི་ལོ་སྟོང་གི་རིང་ལ་བསགས་པའི་རྗེས་ལུས་ཀྱི་རྣམ་པ་ནི་མི་ཁ་ཤས་ཀྱིས་མི་རབས་གཅིག་གིས་རིང་ལ་སྒྱུར་ཐུབ་པ་ཞིག་མ་ཡིན་ལ། རྒྱལ་དབང་བཅུ་གསུམ་པའི་སྐུ་ཡི་འཕེན་པ་རྫོགས་པ་དང་ལྷན་དུ་བཅོས་སྒྱུར་གྱི་སྒུལ་ཤུགས་ཉམས་པ་དང་།

ཁོང་གི་རྗེས་འབྲངས་པ་དག་ཀྱང་འགལ་རྐྱེན་མང་པོའི་ཁྲོད་ནས་རེ་རེ་བཞིན་འགྱེད་དེ་མཐར་བཅོས་སྒྱུར་གྱི་གོམ་འགྲོས་རྦད་དེ་བཞག་པ་ལས་ཆོས་ཉིད་དེ་གསལ་བོར་མཐོང་ཐུབ་པ་དང་། གཉིས་ནས་བཅོས་སྒྱུར་གྱི་ནང་དོན་ལ་རག་ལས་ཏེ། རྒྱལ་དབང་བཅུ་གསུམ་པའི་རིང་ལ་ནུབ་ཕྱོགས་སུ་སློབ་སྦྱོང་བྱེད་པའི་ཤེས་བྱ་མཐའ་དག་རང་བྱུང་ཚན་རིག་གི་ཁྱབ་ཁོངས་ལས་མ་བརྒལ་ལ། མི་ཆོས་རིང་ལུགས་ཀྱི་བསམ་བློ་འདུས་པའི་སྔོན་ཐོན་བསམ་བློའི་ཆ་གང་ཡང་ནང་འདྲེན་བྱེད་མ་ཐུབ་པ་དང་། མི་རིགས་ཤིག་གི་གནས་སྟངས་སྒྱུར་བ་ལ། ཐོག་མར་བསམ་བློ་ནས་འགྱུར་བ་གཏོང་དགོས་པ་ནི་ཆོས་ཉིད་ལྡོག་མེད་ཅིག་སྟེ། ཚན་རིག་གི་ལག་ཆ་ཡོད་ཀྱང་དེ་ཉིད་དང་ལེན་བྱེད་པའི་ས་གཞི་མེད་ན་ནི་འབྲས་བུ་འབྱུང་མི་སྲིད་པ་ཇི་བཞིན་རྒྱལ་དབང་བཅུ་གསུམ་པའི་བཅོས་སྒྱུར་གྱི་མགོ་མཇུག་བར་གསུམ་ནས་གསལ་བོར་མཐོང་ཐུབ་སྟེ། བྱང་ངོས་པ་རིག་འཛིན་རྡོ་རྗེ་ཡིས་གཏེར་ཁ་འདོན་དུས་ས་འོག་ནས་སྦལ་བ་བྱུང་བས། མི་རྣམས་ཀྱིས་བསམ་བློ་རྙིང་བའི་གོ་འགྲེལ་བརྒྱབ་ནས་གཏེར་ཁ་སྔོག་ཏུ་མ་བཅུག་པ་དང་། སེར་མོ་པའི་སྡེ་ཡིས་དམག་སྡེ་གསར་པ་བཙུགས་ན་ཆོས་ལ་གནོད་པར་བསྒྲགས་ནས། དམག་སྡེ་གཏོར་བ་ལ་སོགས་ཀྱིས་གནས་ལུགས་འདི་ཡང་དག་པར་སྒྲུབ་ཐུབ། མདོར་ན། བཅོས་སྒྱུར་ལེགས་པོ་ཞིག་བྱེད་པའི་དུས་མ་སྨིན་པར་སྣང་སྟེ། གློ་བུར་བའི་བཅོས་སྒྱུར་ཞིག་ལ་གློ་བུར་བའི་ཕམ་ཁ་ཞིག་གིས་མཇུག་བསྒྲིལ་མོད། ཡིན་ནའང། རྒྱལ་དབང་བཅུ་གསུམ་པའི་བཅོས་སྒྱུར་གྱི་ལས་འགུལ་འདིས། རྙིང་ཞེན་དང་བག་འཁུམས་སུ་གནས་པའི་མདོོ་དབུས་མཐོ་སྒང་ཡོངས་ལ་མཁའ་དབུགས་གསར་པའི་བསིལ་རླུང་གསར་པ་ཞིག་ལྡང་བ་མ་ཟད། མི་རིགས་ཀྱི་བདེ་སྡུག་སེམས་པའི་ན་གཞོན་མང་པོ་གཉིད་ལས་སད་དེ་ཕྱི་ཕྱོགས་ལ་སློབ་སྦྱོང་བྱེད་པའི་འདུ་ཤེས་རྒྱས་པ་ལ་སོགས་ཤུགས་རྐྱེན་ཆེན་པོ་ཐེབས་པས། བཅོས་སྒྱུར་འདིའི་ཐོག་མཐའ་བར་གསུམ་གྱི་ཐོབ་ཤོར་ལ་ཕྱིར་རྟོག་བྱས་ན་ང་ཚོའི་མ་འོངས་པའི་མདུན་ལྗོངས་སྔར་ལས་ཡངས་པར་ངེས་སོོ། །


དཔྱད་གཞིའི་ཡིག་ཆ།

[1] ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M]མི་རིགས་དཔེ་སྐྲུན་ཁང་། 2002ལོ། པར་ཐེངས་ལྔ་པ།

[2] ཇོ་ནང་ཏཱ་ར་ན་ཐ། མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་སམ་བསྡུས་མིང་ལ་མྱང་ཆོས་འབྱུང་།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ།

[3] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ།

[4] བདེ་སྐྱིད་ཀྱིས་བསྒྲིགས། སྦ་བཞེད་ཕྱོགས་བསྒྲིགས། [M]མི་རིགས་དཔེ་སྐྲུན་ཁང་། 2009ལོ།

[5] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་རྩོམ་སྒྲིག་མཛད། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ།

[6] དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་པོད་དང་པོ། རྒྱལ་ཁམས་རིག་པའི་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008ལོ། པར་ཐེངས་གཉིས་པ།

[7] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ།

[8] ཐུའུ་བཀྭན་ཆོས་ཀྱི་ཉི་མ ། ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ།

[9] ཚེ་ཏན་ཞབས་དྲུང་གི་གསུང་འབུམ། བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར། [M](གླེགས་བམ་བཅུ་གསུམ)མི་རིགས་དཔེ་སྐྲུན་ཁང་། 2007ལོ།

[10] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ།

[11] སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ།

[12] ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ལས་བཏོན། སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ། [M]ཨ་མདོའི་ཤིང་པར་མ།

[13] སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། [M]ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོ།

[14] མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010ལོ། པར་ཐེངས་གཉིས་པ།

[15] བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུམ་རྩོམ་ཕྱོགས་བསྒྲིགས། མདའ་དང་འཕང་།(སྟོད་སྨད)[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2000ལོ།

[16] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ།

[17] ཤཱཀྱ་རིན་ཆེན་སྡེ། ཡར་ལུང་ཇོ་བོའི་ཆོས་འབྱུང་། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ།

[18] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 1986ལོ།

[19] Giuseppe Tucci,Geoffrey Samuel (Tr) ,The Religions of Tibet,[M] Routledge & Kegan Paul,1980

[20] Réne de Nebesky-Wojkowitz , Oracles and Demons of Tibet,[M] Book Faith India,1996


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1