ཉེ་ཆར། ཨ་རིའི་ཤིན་ཤིན་ནཱ་ཐི་བྱིས་པའི་སྨན་ཁང་གི་ཞིབ་འཇུག་གི་འབྲས་བུ་གསར་པ་ལྟར་ན། བརྙན་ཤེལ་ལ་ལྟ་བའི་དུས་ཡུན་རིང་དྲགས་ན་བྱིས་པའི་སྐད་ཆ་དང་རང་ངོས་སྙོམས་སྒྲིག་ཐད་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་སྲིད།
ཞིབ་འཇུག་མི་སྣས་ལོ་3ནས་5བར་གྱི་བདེ་ཐང་བྱིས་པ་47བསྡུས་ནས་ཚད་ལེན་ཚོད་ལྟ་བྱས། ཚོད་ལྟ་ལྟར་ན། ཉིན་རེར་གློག་ཀླད་དང་། བརྙན་འཕྲིན། ལག་ཐོགས་ཁ་པར་བཅས་ཀྱི་གློག་རྡུལ་བརྙན་ཤེལ་ཆུ་ཚོད་གཅིག་ཡན་ལ་སྤྱད་པའི་བྱིས་པའི་ཀླད་པའི་རྒྱུ་དཀར(སྐད་བརྡ་དང་། ཀློག་འབྲི། ཤེས་རྟོགས་སོགས་སློབ་སྦྱོང་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པའི་དངོས་པོ)སྐྱེ་འཚར་ཆུ་ཚད་བྱིས་པ་གཞན་དག་ལས་མངོན་གསལ་གྱིས་དམའ་བ་ཤེས་རྟོགས་བྱུང་།
ཞིབ་འཇུག་ལས་མངོན་པ་ལྟར་ན། བརྙན་འཕྲིན་དང་། གློག་ཀླད། ལག་ཐོགས་ཁ་པར་སོགས་གློག་རྡུལ་བརྙན་ཤེལ་མང་པོར་བལྟས་པ་དེས་བྱིས་པའི་དོ་སྣང་བྱ་ཡུལ་གཅིག་སྡུད་མེད་པ་དང་། བཟའ་བཅའི་གོམས་གཤིས། བྱ་སྤྱོད་སོགས་ལ་ཤུགས་རྐྱེན་གཏོང་སྲིད་ལ། བརྙན་ཤེལ་ལ་ལྟ་བའི་དུས་ཡུན་རིང་དྲགས་ན་སྐད་ཆའི་འཚར་སྐྱེ་འགོར་བ་དང་། ལག་བསྟར་བྱེད་ནུས་ཞན་པ། ཕ་མ་བུ་ཕྲུག་གི་འབྲེལ་འདྲིས་ཇེ་ཉུང་དུ་འགྲོ་བ་བཅས་ཀྱི་སྣང་ཚུལ་འབྱུང་།
དེར་བརྟེན། ཞིབ་འཇུག་པས་ཟླ་18མ་ལོན་པའི་བྱིས་པར་གློག་རྡུལ་ཐོན་རྫས་སྤྱོད་དུ་མི་འཇུག་པ་དང་། ལོ་2ནས་5བར་གྱི་བྱིས་པར་བརྙན་ཤེལ་ལ་ལྟ་ཡུན་ཉིན་རེར་དུས་ཚོད་1ལས་མི་བརྒལ་བ། དུས་མཚུངས་སུ་ཁྱིམ་བདག་གིས་ནུབ་ཇ་འཐུང་དུས་སམ་ཡང་ན་ཉལ་ཁང་ནང་དུ་གློག་རྡུལ་ཐོན་རྫས་བཀོལ་མི་ཆོག་པར་གཏན་འབེབས་བྱ་འོས་ཞེས་བླང་བྱ་བཏོན། །