ཚེས27ཉིན་ནས་པི་ཕེང་ལུང་བས་ལྗོངས་སྐོར་བ་སྣེ་ལེན་བྱ་རྒྱུ་རེད།

འོད་གསལ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 03-25



      སི་ཁྲོན་ལྟ་ཞིབ་ཞེས་པའི་འཕྲིན་སྟེགས་ལས་ཤེས་པ་ལྟར་ན། ཟླ་3ཚེས་19ཉིན། ལིས་རྫོང་པི་ཕེང་ལུང་བའི་ལྗོངས་སྐོར་གསར་གཏོད་ཚད་ཡོད་ཀུང་སིས《པི་ཕེང་ལུང་བའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་སླར་གསོ་དང་སྒོ་འབྱེད་སྤྱི་བསྒྲགས》བསྒྲགས་པ་དང་། མཛེས་ལྗོངས་པི་ཕེང་ལུང་བས་ཟླ་3ཚེས་27ཉིན་ནས་གོ་རིམ་ལྡན་པའི་ངང་ལྗོངས་སྐོར་བ་སྣེ་ལེན་བྱ་རྒྱུ་རེད།
      སྤྱི་བསྒྲགས་ལྟར་ན།མཛེས་ལྗོངས་པི་ཕེང་ལུང་བར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དོ་དམ་ལས་དོན་སྤེལ་བ་དང་། ཕྱོགས་ཡོངས་ནས་ཁོར་ཡུག་དུག་སེལ་བྱེད་པའི་རིམས་འགོག་གི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་ཁ་རས་གོན་ནས་རང་མོས་ངང་མཛེས་ཁུལ་གྱི་ཞིབ་དཔྱད་ཚད་ལེན་ས་ཚིགས་ཀྱི་ཚ་བརྟག་ལ་གཞོགས་འདེགས་བྱས་ཏེ་མིང་དངོས་བཀོད་པའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ཐོ་འགོད་བྱ་རྒྱུ་དང་།ཚ་བརྟག་དང་ལེན་བྱེད་སྐབས་རང་ཉིད་ཀྱི་འབྲེལ་ཡོད་བདེ་ཐང་དཔང་ཡིག་སྟོན་དགོས།མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་སྐབས་མི་མང་བོ་མི་འདུ་བར་ཁ་ཐོར་ངང་འགྲོ་བ་དང་།མཛེས་ལྗོངས་ཁུལ་གྱི་ཟ་ཁང་ནས་ཟ་མ་ཟ་སྐབས་གྲལ་སྒྲིག་པ་དང་དུས་ཚོད་འཛུར་བའི་སྒོ་ནས་ཟ་དགོས།

    མཛེས་ལྗོངས་པི་ཕེང་ལུང་བའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲད་པ་ལྟར་ན། མཛེས་ལྗོངས་པི་ཕེང་ལུང་བས་ད་དུང་ཟླ་3ཚེས་21ཉིན་མཁོ་བསྟུན་དངོས་སྦྱོང་བྱས་ནས་ལྗོངས་སྐོར་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལྗོངས་སྐོར་ཐུབ་པ་གྲ་སྒྲིག་བྱས།གཞན་ཡང་མཛེས་ལྗོངས་ཁུལ་གྱིས་ད་དུང་གཟིགས་སྐྱོང་སྲིད་ཇུས་མང་བོ་གཏན་འབེབས་བྱས་ཡོད།ད་ལོའི་ཟླ་12ཚེས་31ཉིན་བར་རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣ་དང་ཐེམ་ཐོ་ཧུའུ་པེ་ནས་ཡིན་པའི་ལྗོངས་སྐོར་བས་གོ་ཆོད་ལག་ཁྱེར་འཁྱེར་ནས་སྤ་སེ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག མཛེས་ཁུལ་གྱི་སྒོ་ཕྱེ་ཉིན་ནས་བཟུང་སྟེ་ད་ལོའི་ཟླ་6ཚེས་30ཉིན་བར་ལྗོངས་སྐོར་བའི་སྤ་སེའི་རིན་གོང་མི་རེར་སྒོར་50ཡིན་པ་དང་ལྟ་སྐོར་རླངས་འཁོར་གྱི་སྤ་སེའི་རིན་གོང་མི་རེར་སྒོར་60ཡིན།


        པི་ཕེང་ལུང་བ་ནི་རྔ་བ་ཁུལ་གྱི་སྟག་མའི་མེ་ཏོག་ཆེས་མང་བའི་མཛེས་ལྗོངས་ཁུལ་ཡིན་ལ། རྒྱལ་ནང་དུ་སྐད་གྲགས་ཧ་ཅང་ཆེ་བའི་ཤིང་ལོ་དམར་པོའི་གནས་མཆོག་ཀྱང་ཡིན། རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་ཡིན། མཛེས་ལྗོངས་པི་ཕེང་ལུང་བར་ལྗོངས་སྐོར་བས་ཞེ་ཁྲེང་དང་། ཐུང་ཁྲེང་།ལུའི་མ་མ།ཆུས་ན་ཨེར།མེ་ཐོན་སོགས་ཀྱི་དྲྭ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་དེ་སྤ་སེ་ཉོས་ནས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཐད་ཀར་མཛེས་ལྗོངས་ཁུལ་དུ་བསྐྱོད་ཆོག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1