གནད་བསྡུས། དཔྱད་རྩོམ་འདིའི་ནང་ཀྱི་སྙན་རྩོམ་ཁག་ནང་ཕ་མའི་དྲིན་ལན་བསབ་པ་དང་འབྲེལ་བའི་ནང་ཆོས་ཀྱི་བསམ་བློ་བཤད་པ་དང་ཕྱོགས་མཚུངས། མདོ་རྒྱུད་གཞུང་ལུགས་གི་དགོངས་དོན་དང་འབྲེལ་ནས། ཕ་མའི་དྲིན་གྱི་འགངས་ཆེ་ཚུལ་དང་། ཕ་མའི་དྲིན་ལན་འཇལ་ཚུལ་མང་པོ་ཞིག་ཡོད་པ་ལས་མཆོག་གྱུར་གང་ཡིན་པ། དེ་ལས་ཕ་མའི་དྲིན་ལན་ཆོས་ཀྱིས་འཇལ་བ་ནི་གངས་ལྗོངས་མེས་པོའི་སྲོལ་མཆོག་ཉིད་དུ་ངེས་ཚུལ། ཕ་མའི་དྲིན་ལན་ལོག་པར་འཇལ་བས་ནི་ཚེ་བསོད་ཉམས་པས་ནམ་ཡང་སྤང་བར་བྱ་དགོས་པའི་གནས་ལུགས་རྣམས་སྙན་རྩོམ་གྱི་ཚིག་དོན་དང་སྦྱར་ནས་བསྟན་འདུག
གནད་ཚིག ཕ་མའི་དྲིན། སྙན་རྩོམ། བསམ་བློ། དོན་སྙིང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]1207.22[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746
(2019)03-069-13
དང་པོ། ཕ་མའི་དྲིན་ལན་བསབ་པ་དང་འབྲེལ་བའི། ། ནང་ཆོས་བསམ་བློ་བཤད་པས་གླེང་གཞི་འདྲེན། །
སྟོན་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་རང་གི་ཕ་མའི་དྲིན་ལམ་བསབ་པའི་ཕྱིར་དུ་ཕ་མའི་མདོས་མཚོན་པའི་ཆོས་ཞེས་པ་གསུངས་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ནི་ཕ་མ་གཉིས་ལས་བྱུང་བ་ཡིན་ཏེ། འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །ཕ་མ་གཉིས་ཀྱི་ཀློང་ནས་བྱུང་། །[1]ཞེས་རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་སོགས་ལས་འབྱུང་བ་བཞིན་ཕ་མ་གཉིས་ལ་མ་བརྟེན་པའི་སེམས་ཅན་གཅིག་ཀྱང་མེད་པའི་ཚུལ་ནི་མདོ་རྒྱུད་དག་ཏུ་གསུངས་པས་ཤེས་དགོས་ཏེ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་《དད་གཏོང་བློ་གྲོས་ཆེ་བའི་ཡོན་བདག་དཔལ་ལེ་ལ་གདམས་པ》ཞེས་པ་ལས། ཚེ་རབས་འཁོར་བར་ཐོག་མ་མ་མཆིས་པའི། །རང་གི་ཕ་མར་མ་གྱུར་སེམས་ཅན་མེད། །སེམས་ཅན་བཟང་ངན་འབྲིང་གསུམ་སུ་མཐོང་ཡང་། །དྲིན་ཅན་ཕ་མ་ཡིན་སོམས་ཕན་སེམས་སྦྱོངས། །[2]ཞེས་གསུངས་པ་དང་། 《འཕགས་མ་ལབ་ཀྱི་སྒྲོན་མའི་རྣམ་ཐར》གྱི་ལེའུ་བཞི་པ་གང་པའི་ཞུས་ལན་ཞེས་པའི་སྐབས་སུ། དེས་ན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མར་མ་བྱས་པ་ནི་གཅིག་ཀྱང་མེད་པས་ན་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་ཤིང་། ཕ་མ་ཡིན་པར་བློས་བཟུང་ནས་ཕ་མའི་དྲིན་དྲན་པར་བྱས་ནས་སྡང་སེམས་སྤངས་ཤིང་བྱམས་པ་དང་། སྙིང་རྗེའི་སེམས་ཀྱི་སྒོ་ནས་སྐྱོང་བར་བྱེད་པ་དེ་གཅོད་ཡུལ་བའི་ལུགས་ཡིན་ནོ་རིགས་ཀྱི་བུ། [3]ཞེས་གསུངས་པ་སོགས་ལས་ཤེས་སོ།
གཉིས་པ། མདོ་རྒྱུད་གཞུང་གི་དགོངས་དོན་དང་འབྲེལ་ནས།། ཕ་མའི་དྲིན་དག་ཆེ་ཚུལ་མདོར་བསྡུས་བཤད།།
དེས་ན་སེམས་ཅན་སྤྱི་དང་བྱེ་བྲག་གང་ལ་མཚོན་ནའང་ཕ་མ་གཉིས་ནི་ཤིན་ཏུ་བཀའ་གཉན་པ་ཡིན་ཕྱིན་ཕ་མ་གཉིས་ལ་ཤིན་ཏུ་གུས་པར་བྱ་དགོས་ཤིང་། ཕ་མ་ལ་མ་གུས་པ་རྣམས་ནི་གུས་པར་བྱ་བའི་ཐབས་ལ་སྦྱོར་དགོས་ཏེ། 《འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》ལས། གཞན་ཡང་སེམས་ཅན་ཕར་མི་ཤེས་ཤིང་མར་མི་ཤེས་ཏེ་མ་གུས་པ་རྣམས་ཕ་མ་ལ་གུས་ཤིང་ནད་པ་ལ་བསྙེན་བཀུར་བ་དང་། དྲང་སྲོང་ལ་སྦྱོར་བར་བྱེད། འགོད་པར་བྱེད། སེམས་རྩུབ་པ་རྣམས་བྱམས་པ་ལ་སྦྱོར་བར་བྱེད། སྙིང་རྗེ་མེད་པའི་སེམས་ཅན་རྣམས་སྙིང་རྗེ་ལ་སྦྱོར་བར་བྱེད། སེམས་དམའ་བ་ཅན་རྣམས་དགའ་བ་ལ་སྦྱོར་བར་བྱེད། སེམས་ཀྱིས་ཆགས་པ་རྣམས་བཏང་སྙོམས་ལ་སྦྱོར་བར་བྱེད། སེམས་ཅན་ངན་སོང་གསུམ་དུ་འགྲོ་བ་རྣམས་ཚུལ་ཁྲིམས་ལ་བཀོད་པས་ལྷའི་བདེ་བ་སྐྱེ་བ་ལ་སྦྱོར་བར་བྱེད་དོ། །[4]ཞེས་གསུངས་པ་ལྟར་འགྱུར་ཞིང་། གལ་སྲིད་ཕ་མ་ལ་མ་གུས་པ་ནི་འཆགས་པའི་ཡུལ་ཁོ་ན་ཡིན་པའི་ཚུལ་ལ། 《འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསུངས་པའི་སྨོན་ལམ》ལས། བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང་། །ཕ་མ་རྣམས་ལ་མ་གུས་གང་།།དེ་དག་ཐམས་ཅད་བདག་འཆགས་སོ །[5]ཞེས་གསུངས་པས་ཤེས་ཤིང་། ཕ་མ་རྣམས་ལ་མ་གུས་པ་ནི་དམ་པའི་ཆོས་སྤངས་པའི་ལས་དང་འདྲ་བས་ན་འཆགས་པར་བྱ་བའི་ཡུལ་ཁོ་ན་ཡིན་པར་གསུངས་པ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱིས་མཛད་པའི་《བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད》ཅེས་བྱ་བ་ལས་གསུམ་པ་བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས་ལས་མདོ་ཕྱོགས་བཤད་པའི་སྐབས་སུ། ཕ་མའི་དྲིན་ལན་བསྟན་པ་ཤོ་ལོ་ཀ་སུམ་བརྒྱ།[5]ཞེས་གསུངས་པ་སོགས་བཞུགས་པར་སྣང་ངོ་།།
གསུམ་པ། ཕ་མའི་དྲིན་ལན་འཇལ་ཚུལ་མཆོག་གྱུར་གང་།། སྔོན་བྱོན་མཁས་པའི་གསུང་གིས་ཉེ་བར་སྒྲུབ།།
དེ་ནས་སེམས་ཅན་གང་ལའང་ཕ་མ་གཉིས་དྲིན་ཆེ་བ་ཤེས་རྗེས། འོ་ན་ཕ་མའི་དྲིན་ལན་བསབ་སྟངས་མཆོག་ཏུ་གྱུར་པ་གང་ཡིན་སྙམ་ན། དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག》སྟེ་ཡོངས་གྲགས་སུ་《ཀུན་བཟང་བླ་མའི་ཞལ་ལུང》ཞེས་པ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཡུམ་གྱི་དྲིན་ལན་བསབ་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཆོས་གསུངས། བུས་ཕྲག་པ་གཡས་གཡོན་གཉིས་སུ་ཕ་མ་གཉིས་ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱི་ཞབས་ཏོག་བསྒྲུབས་ཀྱང་ཕ་མའི་དྲིན་ལན་མི་འཁོར་ཞིང་ཕ་མ་ཆོས་ལ་བཙུད་ན་དྲིན་ལན་འཁོར་བར་གསུངས་པས། དུས་རྟག་ཏུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕ་མའི་ཞབས་ཏོག་བསྒྲུབ།བློ་ཆོས་ལ་འགྱུར་བའི་ཐབས་ལ་འབད།[6]ཅེས་གསུངས་པས་ཕ་མའི་དྲིན་ལན་བསབ་པའི་དགོས་པ་དང་ཕན་ཡོན་སོགས་ཤེས་དགོས་ཤིང་། ཁྱད་པར་དུ་ཕ་མའི་དྲིན་ལན་བསབ་སྟངས་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་བས་ཀྱང་ཤེས་དགོས་པ་ནི་གལ་ཆེ་བའི་ཕྱིར་ན། རྗེ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་《སྙིགས་དུས་ཀྱི་བླ་མའི་གཟུགས་བརྙན་འཛིན་པས་རང་གི་མཚན་ཉིད་ཇི་ལྟ་བར་བརྗོད་པ་དྲང་པོའི་ས་བོན་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས། འགྲོ་དྲུག་གི་སེམས་ཅན་མཐའ་དག་ཀུན། །དྲིན་ཅན་གྱི་ཕ་མའི་རང་བཞིན་ཉིད། །དྲིན་ལན་དུ་ཐར་པའི་ས་བོན་འདེབས། །ཕན་འདོགས་ཀྱི་མཆོག་དེ་ཅིས་ཀྱང་བྱེད། །ཅེས་པས་ཤེས་པར་འགྱུར་ཞིང་། བསྐལ་པ་དཔག་མེད་དུ་དཀའ་བ་སྤྱད་ནས་སྒྲུབ་པའང་མ་སྟེ་སེམས་ཅན་རྣམས་ཀྱི་དོན་དུ་བསམ་དགོས་ཏེ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་《ཐོག་མ་དང་བར་དང་ཐ་མར་དགེ་བའི་སྨོན་ལམ་ལས》ཞེས་པ་ལས། ཚངས་སྤྱོད་རྟེན་ལ་ཐེག་པ་ཆེན་པོ་ཡི། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཇི་སྙེད་པ། །མ་རྣམས་དོན་དུ་དཀའ་བ་དུ་མ་ཡིས། །བསྐལ་པ་དཔག་ཏུ་མེད་པར་སྒྲུབ་པར་ཤོག །[7]ཅེས་གསུངས་ལ། དེས་ན་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་《ཉུང་གསལ་གོ་བདེའི་ཚིག》ཅེས་པ་ལས། སེམས་རྒྱུད་ཆོས་དང་འདྲེས་གྱུར་ན།།ཅི་བྱེད་དགེ་བའི་ལམ་དུ་འགྲོ།འཁོར་བ་སྤོང་ལ་དཀའ་རྒྱུ་མེད།།ཡོན་ཏན་ཐམས་ཅད་ངང་གིས་འདུ། །ཅི་ལྟར་བྱས་ཀྱང་བདེ་བ་སྟེ། །གང་ལྟར་བྱས་ཀྱང་སྐྱིད་པ་ཉིད། །ཕ་མའི་དྲིན་ལན་དེ་ཡིས་འཁོར།།དཀོན་མཆོག་མཆོད་པ་དེ་རང་ཟབ།།རང་གི་བསགས་སྦྱང་སྙིང་པོ་དེ།།དལ་འབྱོར་དོན་ལྡན་འགྱུར་བ་ལགས། །ཞེས་པ་ལྟར། སེམས་རྣལ་དུ་གནས་ནས་བསམ་མནོ་ཞིབ་ཏུ་བཏང་ནས་ཨ་མའི་དྲིན་གང་འདྲ་ཆེ་ཚུལ་ཡིན་པ་ཤེས་དགོས་ཤིང་། དེས་ན་ཕ་མ་དང་འབྲེལ་བའི་བོད་སྐད་ཀྱི་གཏམ་དཔེར། ཨ་མ་ཉི་མ་སྙེ་མ་གསུམ། །རྟག་ཏུ་མི་བརྗེད་དྲིན་ཆེན་གསུམ། །[8]ཞེས་ཨ་མ་ནི་འཇིག་རྟེན་མི་ལུགས་ལའང་རྟག་ཏུ་མི་བརྗེད་པའི་དྲིན་ཆེན་གསུམ་གྱི་ཡ་གྱལ་དུ་བགྲངས་པ་དང་། སྔ་དྲོར་ཕ་མས་བུ་ཕྲུག་གསོས་པ་དང་ཕྱི་དྲོར་བུ་ཕྲུག་གིས་ཕ་མ་ལ་དྲིན་ལན་འཇལ་དགོས་པའི་གཏམ་དཔེར། སྔ་དྲོར་ཕ་མའི་རེས། །ཕྱི་དྲོར་བུ་ཕྲུག་གི་རེས། །ཞེས་གྲགས་པ་ལྟར་ཡིན་ཞིང་། ཕ་མའི་བྱམས་སྐྱོང་གི་འོག་ནས་ང་ཚོ་ལྟ་བུའི་བུ་དང་བུ་མོ་རྣམས་ཆུང་བྱིས་པ་ནས་མཐར་དར་མར་འགྱུར་ནས་གྱུར་པའི་བརྒྱུད་རིམ་ལའང་ཁ་དཔེར་ཇི་ལྟར་གྲགས་ཀྱིན་ཡོད་ཅེ་ན། འདི་ལྟ་སྟེ། ཟླ་དགུ་ཞག་བཅུར་ཁུར་བའི་དྲིན་ཅན་མ། །བྲང་ཁའི་ནུ་མས་གསོས་པའི་དྲིན་ཅན་མ། །གོམ་པ་གོམ་ཙེ་བསླབ་པའི་དྲིན་ཅན་མ། །ཁ་ཆུ་སྣ་ཆུ་ཕྱིས་པའི་དྲིན་ཅན་མ། །གྲང་སྐོམ་ལྟོགས་སྐོམ་སེལ་བའི་དྲིན་ཅན་མ། །སྐེད་རགས་ལྷམ་སྒྲོག་མདུད་པའི་དྲིན་ཅན་མ། །སྐྲག་དང་འཇིགས་པ་སེལ་བའི་དྲིན་ཅན་མ། །དྲོད་དང་བདེ་སྐྱིད་སྟེར་བའི་དྲིན་ཅན་མ། །ཡོད་ཚད་བུ་ལ་གཏོང་བའི་དྲིན་ཅན་གཉིས། །ཞེས་ཕ་མས་བུ་ཕྲུག་གི་ཆེད་དུ་དཀའ་བ་སྤྱད་པར་བསྟན་པ་སོགས་ཀྱི་ལེགས་བཤད་དང་གཏམ་དཔེ་སོགས་ཀྱིས་ཕ་མ་གཉིས་ཀྱི་དྲིན་གང་འདྲ་ཆེ་ཚུལ་ཤེས་ཐུབ་ཚེ། ཕ་མའི་སེམས་ཆུ་དང་བུ་ཕྲུག་གི་སེམས་རྡོ་རུ་འགྱུར་མི་རུང་བའི་ཚུལ་བསྟན་པའི་གཏམ་དཔེར། ཕ་མའི་སེམས་ཆུ།།བུ་ཕྲུག་གི་སེམས་རྡོ།[9]ཞེས་གྲགས་པ་ལྟ་བུར་འགྱུར་མི་སྲིད་པའི་ཕྱིར་ན། ད་ལྟར་ང་ཚོ་ལྟ་བུའི་བུ་དང་བུ་མོ་བཟང་པོ་བྱུང་བའང་ཕ་མ་བཟང་པོ་ཡོད་པ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། ཡང་བོད་ཀྱི་གཏམ་དཔེར། ཕ་བཟང་ལ་བུ་བཟང་།།མ་བཟང་ལ་རྒྱུད་བཟང་།།[10]ཞེས་གྲགས་པ་ལས་ཕ་བཟང་ན་བུ་བཟང་བ་དང་། མ་བཟང་ན་རྒྱུད་བཟང་བའི་བསམ་བློ་བསྟན་པའི་ཕྱིར་ན། བུ་དང་བུ་མོ་རྣམས་ཀྱིས་དུས་ནམ་ཡིན་ཡང་རང་རང་སོ་སོའི་ཕ་མ་བཟང་པོའི་དྲིན་ཤེས་པ་དང་དྲིན་དྲན་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་དང་། དེ་ནས་ཁྱད་པར་དུ་ཕ་མ་གཉིས་རིམ་པར་དགུང་ལོ་ཆེན་པོར་ཆགས་པའི་ཚེ་ན་ཇི་ལྟར་བྱ་དགོས་སྙམ་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཁྲེལ་ཡོད་བུ་དང་བུ་མོ་རྣམས་ལ་སྨྲས་པ་ལས། གསོན་དུས་དྲིན་ཅན་ཕ་རྒན་དང་། །ཨ་མ་དྲིན་མོ་ཆེ་ལ་སོགས།།ཁ་བྱམས་ཚིག་གིས་དགའ་སྤྲོ་སྐྱེད། །[11]ཅེས་གསུངས་པ་ལྟར་དགོས་པ་དང་།ཕ་མ་གཉིས་རྒས་པའི་ཚེ་ན་བུ་རྒྱུད་རྣམས་ཀྱིས་ཇི་ལྟར་བྱ་དགོས་ན། ཡང་ཁོང་གིས། ཕ་མའི་སྒྱུ་ལུས་རྒུད་པ་ན། །ལྕི་བའི་གོན་པ་མི་ཐེག་པས།།དྲོ་འཇམ་ཡང་བའི་གོས་བཟང་སྐོན།།ཁམས་ལ་འཕྲོད་པའི་ཟས་ཞིམ་བྱིན།།ན་དུས་ནད་གཡོག་རྒྱུན་དུ་གྱིས། །[12]ཞེས་གསུངས་པ་ལྟར་དགོས་ཤིང་། ཕ་མ་གཉིས་གསོན་དུས་སུ་བུ་རྒྱུད་རྣམས་ཀྱིས་ཞབས་ཏོག་མ་ཐོན་པའི་སྐྱོན་ཇི་ལྟར་ཡིན་སྙམ་ན། ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། གསོན་དུས་ཕ་མར་མ་བྱམས་པར། །ཕ་མ་འཆི་བའི་ནངས་པར་དུ། །ཞིམ་པོ་བྱིན་ཡང་ཟ་དབང་མེད། །གོས་བཟང་བསྐོན་ཀྱང་གོན་དབང་མེད། །དེས་ན་ནམ་འཆི་ཆ་མེད་པའི། །ཕ་མར་བསྙེན་བཀུར་རྒྱུན་དུ་གྱིས། །[13]ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་ན། བུ་དང་བུ་མོ་རྣམས་ཀྱིས་རང་རང་སོ་སོའི་ཕ་མ་གཉིས་ལ་གུས་བཀུར་བརྩི་འཇོག་དང་། ཁ་འཇམ་ཚིག་འཇམ། ངོ་དཀར་ཞལ་འཛུམ། ཟས་ཞིམ་གོས་འཇམ་སོགས་ཀྱིས་ཞབས་ཕྱི་ལེགས་པོ་རྩེ་གཅིག་ཏུ་བསྒྲུབ་དགོས་པ་སོགས་ཀྱི་ཕ་མ་གཉིས་ལ་གུས་བཀུར་བྱ་བའི་བསམ་པ་དང་སྤྱོད་པ་ཅི་རིགས་བསྟན་པ་དང་། ཁྱད་པར་དུ་ཕ་མ་བཟང་པོའི་ཁར་ཉན་ཞིང་ཚིག་བརྩི་བ།ཕ་མའི་རེ་འདོད་ལྟར་འགྲུབ་པར་བྱེད་པ་སོགས་ཀྱི་སྒོ་ནས་ཕ་མ་གཉིས་ཀྱི་དྲིན་ལན་གཟོ་བ་ལ་འབད་དགོས་པ་ནི་ཆོས་དང་འཇིག་རྟེན་ལུགས་གཉིས་དང་། ཚེ་འདི་ཕྱི་གཉིས་སོགས་གང་གི་ཆ་ནས་བཤད་ན་དགོས་པ་དང་ཕན་ཡོན་ཤིན་ཏུ་ཆེན་པོ་ཡོད་པ་དང་། ཡང་སྒོས་ང་ཚོ་ལྟ་བུའི་བུ་དང་བུ་མོ་རྣམས་ལ་མཚོན་ན། ཕ་མ་བཟང་པོ་ལ་དྲིན་གཟོ་བ་ལས་ལོགས་སུ་གྱུར་པ་ཞིག་དང་།ཡང་ན་དེ་ལས་མཆོག་ཏུ་གྱུར་པའི་བསོད་ནམས་གསོག་སྟངས་ཤིག་གཞན་གང་ཡང་མེད་པར་གསུངས་པའི་ཕྱིར་ན། 《འཕགས་པ་དུམ་བུ་ཞེ་གཉིས་པ་ཞེས་བྱ་བའི་མདོ》ལས། གང་དག་གིས་འཇིག་རྟེན་གྱི་ལྷ་འདྲེ་འབྱུང་པོ་དག་ལ་བསྙེན་བཀུར་བ་བས་ཕ་མ་ལ་གུས་པ་དང་སྲི་ཞུ་བགྱིད་པ་མཆོག་སྟེ། ཕ་མ་གཉིས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པའོ །[14]ཞེས་གསུངས་པ་དང་། གཞན་ཡང་བླ་མ་ལྕི་བ་ཕ་དང་ལྷ་ཡི་མཆོག་ནི་མ་ལས་གཞན་མེད་པའི་ཚུལ་ལ། 《རྟོགས་བརྗོད་དཔག་བསམ་འཁྲི་ཤིང》གི་མཛའ་བོའི་བུ་མོའི་རྟོགས་པ་བརྗོད་པ་ལས། བླ་མ་ལྕི་བ་ཕ་ལས་གཞན་ཡོད་མིན།།ལྷ་ཡི་མཆོག་ནི་མ་ལས་གཞན་པ་མིན།།[15]ཞེས་པས་ཕ་མ་གཉིས་ཆེ་བའི་དགོངས་པ་ཁྱད་པར་བ་ཞིག་བསྟན་པ་དང་། ཕ་མ་གཉིས་ནི་བླ་མ་དང་མཉམ་པར་གསུང་བ་ལ། ཕ་དང་མ་དང་མཉམ་པའི་བླ་མ་གསུམ་པ་ཡོད་མ་ཡིན། །[16]ཞེས་པ་དང་། མ་ལ་སྲི་ཞུ་སྒྲུབ་པ་ནི་ཆོས་ཀྱི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུང་ན། ཀཱརྵ་པ་ཎས་མ་ལ་ནི། །མཆོད་པས་ལྷ་མོའི་གནས་ཀྱང་ཐོབ། །དེ་སྐད་མ་ཡི་སྲི་ཞུ་ནི། །ཆོས་ཀྱི་མཆོག་ཏུ་བཅོམ་ལྡན་གསུངས། །[17]ཞེས་གསུངས་པ་སོགས་དང་། དེས་ན་མ་ནི་མཆོད་བྱ་ཉིད་དུ་གྱུར་དང་འགྱུར་བའི་རྒྱུ་མཚན་ལ། ཡང་དེ་ཉིད་ལས།མ་ནི་བཀྲ་ཤིས་ཕྲེང་བ་ཡོན་ཏན་དང་ལྡན་པ་ནི་མཉེས་གཤིན་ཅོད་པན་ཏེ། །དེ་དག་དགྱེས་སླད་གང་གི་སྤྱི་བོར་ཞབས་ཀྱི་པདྨོ་རབ་ཏུ་འགོད་བྱེད་པ། །ཕྱོགས་ཀུན་ཡོངས་སུ་འགེངས་པར་བརྩོན་པའི་གྲགས་པ་ཕུན་ཚོགས་རབ་ཏུ་གསལ་བ་རྒྱས། །རྟག་ཏུ་དགའ་སྟོན་བསོད་ནམས་རྒྱན་ལྡན་དེ་དག་འགྲོ་བའི་མཆོད་བྱ་ཉིད་དུ་འགྱུར། །[18]ཞེས་གསུངས་པ་དང་།སྨན་འཚོ་བའི་མདོ་བཞུགས་ཞེས་པ་ལས་ཀྱང་།དགེ་སློང་སློབ་དཔོན་ཕ་མའི་གོང་དུ་མི་འགྲོ་སྲི་ཞུ་སྐྱེད། །[19]ཅེས་པ་དང་། 《རྗེ་བཙུན་མི་ལ་རས་པའི་མགུར་འབུམ》གྱི་རང་ཡུལ་དུ་ཕེབས་པ་ཞེས་པ་ལས་མར་པས་མི་ལ་ལ་གསུངས་པ་ནི། ཁྱོད་རང་ལུང་བསྟན་པའི་གནས་དེ་རྣམས་སུ་སྒྲུབ་པ་གཙོ་བོར་ཐོན་ཅིག་སྒྲུབ་པ་ནུས་ན་བླ་མའི་ཞབས་ཏོག ཕ་མའི་དྲིན་ལན། སེམས་ཅན་གྱི་འགྲོ་དོན་རྣམས་དེ་ཀ་རང་གིས་གྲུབ་པ་ཡིན། སྒྲུབ་མ་ནུས་ན་ཚེ་རིང་པོ་ལས་ངན་གསོག་ཆེ་བ་ལས་མེད་པས། ཚེ་འདིའི་འདུན་ཐག་སྐྱུངས་ལ། ཚེ་འདིའི་དོན་དུ་གཉེར་བའི་མི་དང་ལབ་མ་བྱེད་པར་སྒྲུབ་པ་ལ་འབུངས་ཤིག་གསུངས།[20]ཞེས་གསུངས་པ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་《དབུས་གཙང་ལ་སྤྲིངས་ཡིག་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས། རི་ཁྲོད་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པའི་གོ་ཆ་བཟུང་བ་ཡིན་པས། ཁྱེད་རྣམས་ཚེ་འདིར་ང་ལ་ལན་གཅིག་མ་མཇལ་བ་ལ་སེམས་འཁྲལ་སྐྱོ་སྣང་ཆེན་པོ་མ་བྱེད་པར། བླ་མ་ཕ་མ་ཡིན་ཡང་མི་རྟག་པའི་ཚུལ་འདི་ཡང་ཡང་སོམས་ལ། ད་ནི་གང་ལ་ཡང་མ་ཆགས་པར་ཚེ་འདི་བློ་ཡིས་ཐོངས་ལ། དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་དང་བླ་མའི་ཞབས་ཏོག ཕ་མའི་དྲིན་གཟོ། སེམས་ཅན་གྱི་འགྲོ་དོན་རྣམས་དུས་གཅིག་ལ་འགྲུབ་པར་གདོན་མི་ཟའོ །[21]ཞེས་གསུངས་པ་སོགས་ལས་ཀྱང་ཅི་ཞིག་རྟོགས་པར་འགྱུར་སྙམ་ན། ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཁྲེལ་ཡོད་བུ་དང་བུ་མོ་རྣམས་ལ་སྨྲས་པ་ལས། ཕ་མར་བསྙེན་བཀུར་བྱས་གྱུར་ན། །ཚེ་འདིར་བུ་ཡི་བསོད་ནམས་རྒྱས། །ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ།།[22]ཅེས་གསུངས་པའི་ཕྱིར་ན། བུ་དང་བུ་མོ་རྣམས་ཀྱིས་རང་རང་སོ་སོའི་ཕ་མ་གཉིས་ལ་རང་ནུས་ཅི་ལྕོགས་ཀྱིས་གུས་ཞབས་ལེགས་པོ་སྒྲུབ་པ་ནི་རང་རང་གི་ཚེ་རིང་བ་དང་། བསོད་ནམས་རྒྱས་པ། ཁ་ལས་རླུང་རྟ་དར་བ། རྒྱུ་དང་ལོངས་སྤྱོད་འཕེལ་བ། བསམ་དོན་ཡིད་བཞིན་འགྲུབ་པ་སོགས་ཀྱི་རྒྱུ་དང་། ཡང་ན་མཐུན་རྐྱེན་ཉག་གཅིག་ཡིན་པའི་ཚུལ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པའི་ཕྱིར་ན། རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་བརྩམས་པའི་《ལུགས་ཀྱི་བསླབ་བྱ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས། ཕ་མ་སྤྱི་བོར་བཀུར་ན་ཀུན་གྱིས་སྨོན་པའི་ཡུལ་དུ་གྱུར་དང་འགྱུར་བའི་ཚུལ་ལ། ཕ་མ་སྤྱི་བོར་བཀུར་ན་ཀུན་གྱིས་སྨོན། །ཞེས་གསུངས་པ་ལྟར་འགྱུར་བས་ན་ཀུན་གྱིས་ཤེས་དགོས་སོ།
བཞི་པ། ཕ་མའི་དྲིན་ལན་ཆོས་ཀྱིས་འཇལ་བ་ནི།། གངས་ལྗོངས་མེས་པོའི་སྲོལ་མཆོག་ཉིད་དུ་ངེས།།
ཕ་མའི་དྲིན་ལན་ཆོས་ཀྱིས་མ་འཇལ་ན་གཞན་གྱིས་འཇལ་ཐབས་མེད་པའི་ཚུལ་ལ། ཕ་མའི་དྲིན་ལན་ཆོས་ཀྱི་མ་འཇལ་ན་འཇིག་རྟེན་གྱིས་འཇལ་བས་ཕན་པ་མེད།[23]ཅེས་པ་དང་། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། གལ་ཏེ་བུས་ཕ་མ་གཉིས་ཕྲག་པ་གཡས་གཡོན་དུ་བཞག་སྟེ། ལོ་བརྒྱའི་བར་དུ་ཁྱེར་རམ། ཡང་ན་ས་ཆེན་པོ་འདི་ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། གཡས་སུ་འཁྱིལ་བ་དང་། དེ་ལྟ་བུ་དག་གིས་བཀང་བའི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ཀྱང་། དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་དྲིན་སོབས་པའམ། ཕན་གདགས་པར་མི་འགྱུར་གྱི། གང་གི་ཕ་མ་དེ་གཉིས་དད་པ་མེད་པ་ལས་དད་པ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང་། འདུལ་བ་དང་། གནས་པར་བྱེད་པ་དང་། འཇོག་པར་བྱེད་པ་དང་། ཚུལ་ཁྲིམས་འཆལ་པ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་ལས་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་པ་ལས་ཤེས་རབ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང་། འདུལ་བ་དང་གནས་པར་བྱེད་པ་དང་། འཇོག་པར་བྱེད་པ་དེ་ཙམ་གྱིས་ན། བུས་ཕ་མ་གཉིས་ལ་དྲིན་བསབས་པའམ་ཕན་བཏགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །།[24]ཞེས་གསུངས། དེས་ན་ཕ་མའི་དྲིན་ལན་ཆོས་ཀྱི་འཁོར་བར་གྱུར་པར་བརྗོད་པའི་ཤིས་སྨོན་ཞུ་བ་ནི་བོད་ཀྱི་རིག་གནས་དང་ཡང་ན་ནང་ཆོས་ཀྱི་བསམ་བློ་ཁྱད་པར་བ་ཞིག་ཡིན་པར་སེམས་ཏེ། རྗེ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་《བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ་བཞུགས་སོ》ཞེས་པ་ལས། ཨོཾ་ཨཱཿཧཱོཾ། ཁམས་གསུམ་སྲིད་པ་བསྡུས་པའི་སྐྱེ་འགྲོའི་རིགས། །ཐོག་མར་ད་བར་ཕ་མར་གྱུར་པ་ཡི། །དྲིན་ཅན་སྙིང་རྗེའི་མགྲོན་ཚོགས་མ་ལུས་ཀུན། །མདུན་དུ་ས་གཞི་ཁྱབ་པ་འདུས་པར་གྱུར།། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ལྦ་ལོ་ཀི་ཏེ། ཨོཾ་སསྦྷ་ར་སམྦྷ་ར་ཧཱོུཾ། ཚར་བདུན་དང་། ཡིག་དྲུག་ཆུ་ཐིག་སེ་གོལ་བདུན་གྱི་མཐར་དེ་བཞིན་གཤེགས་པ་བཞིའི་མཚན་ཡང་བསྒྲག་ཅིང་། །བདག་ལུས་ཞུ་བའི་འདོད་ཡོན་འདི་བྱིན་པས།། སོ་སོར་ཅི་འདོད་ཕུན་སུམ་ཚོགས་ཐོབ་ཅིང་།། དད་རྫས་གཤིན་དཀོར་སྒྲིབ་པ་ཀུན་བྱང་ནས།།ཕ་མའི་དྲིན་ལན་ཆོས་ཀྱི་འཁོར་གྱུར་ཅིག།སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི།།སོགས་ཀྱང་བརྗོད་དོ།[25]ཞེས་པ་དང་། ཡང་ཁོང་གིས་མཛད་པའི་《བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ་བཞུགས་སོ》ཞེས་པ་ལས། ཕཊཿཚེ་འཁོར་བ་ཐོག་མེད་ད་བར་དུ། །དྲིན་ཁོར་མེད་རིགས་དྲུག་ཕ་མའི་ཚོགས། །བདག་དྲིན་ལན་གཞལ་ཕྱིར་སྒྱུ་མའི་ལུས། །གང་ཅི་འདོད་དངོས་པོར་བྱིན་བརླབས་ནས།།སེམས་ཉེ་རིང་མེད་པར་ཚོགས་སུ་བསྔོ།།ཀུན་ཇི་ལྟར་འདོད་པ་ལོངས་སྤྱད་ནས།།ལམ་བླ་མེད་བྱང་ཆུབ་མངོན་གྱུར་ཤོག།[26]ཅེས་གསུངས་པ་ལྟར་གོ་ན་ཤིན་ཏུ་ལེགས་པར་སེམས་སོ།
ལྔ་པ། ཕ་མའི་དྲིན་ལན་ལོག་པར་འཇལ་བ་ལས།། ཚེ་བསོད་ཉམས་པས་ནམ་ཡང་སྤང་བར་བྱ།།
དེ་ལས་ལྡོག་སྟེ་མི་ལ་ལས་རང་གི་དྲིན་ཆེན་གྱི་ཕ་མ་མི་བཀུར་ཞིང་དྲིན་ལན་ལོག་འཇལ་བྱེད་པའི་ཚུལ་ལ། རྗེ་བཙུན་མི་ལ་རས་པའི་རྣམ་མགུར་ལས་རག་མའི་སྐོར་ཕྱི་མ་ལས་རྗེ་བཙུན་མི་ལ་རས་པ་རག་མར་ཕྱི་མ་བྱོན་དུས་རས་པ་སངས་རྒྱས་སྐྱབས་ལ་གདམས་པའི་མགུར་ལས། མི་ཡི་བུ་མོ་ནང་དུ་བཅུག །དྲིན་ཅན་ཕ་མ་ཕྱི་རུ་ཕུད།།[27]ཅེས་པ་དང་། ཕ་ཡིས་བོས་ཀྱང་ལན་མི་སྟེར།།མ་ཡིས་བོས་ཀྱང་ཨང་མི་ཁུགས།།[28]ཞེས་པ་དང་། ཡང་ལ་ལ་ནི། ཕ་ལ་དངོས་སུ་བསླངས་ནས་འཁྱེར། །མ་ལ་ལྐོག་ཏུ་བརྐུས་ནས་འཁྱེར། །བྱིན་པ་ངོ་སོར་མི་བྱེད་པ།།དྲིན་ཅན་ཕ་མའི་སྙིང་རླུང་སློང་།།[29]ཞེས་གསུངས་པ་སོགས་ཀྱིས་ཤེས་པ་དང་། ཁྱད་པར་དུ་ཕ་མ་རྒས་ཚེ་བུ་ཚ་རྣམས་ཀྱིས་ཅི་བྱེད་ན། ས་སྐྱ་པཎ་ཆེན་གྱིས་མཛད་པའི་《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ》ཞེས་པ་ལས། རིགས་རྒྱུད་ཕྱུག་པོར་བྱ་སྙམ་ནས།།རང་ཉིད་བཙོངས་ནས་བུ་ལ་སྟེར། །བུ་ངན་ཕ་ལ་རྒོལ་བཞིན་དུ། །ནོར་རྣམས་བརླག་ནས་ཁྱི་བཞིན་འཁྱམ། །[30]ཞེས་པ་དང་། ཡང་དེ་ཉིད་ལས། ཇི་ལྟར་ཕ་མ་བུར་བྱམས་ཀྱང་།།དེ་ལྟར་བུ་ཚས་ཕ་མ་མིན།།ཕ་མས་བུ་ཚ་བསྐྱངས་བསྐྱངས་ནས།།ཕ་མ་རྒས་ནས་བུ་ཚས་བརྙས། །[31]ཞེས་གསུངས་པས་ཤེས་ཤིང་། ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི་《བླ་མ་དགོངས་པ་འདུས་པའི་ཆོ་གའི་རྣམ་བཞག་དང་འབྲེལ་བའི་བསྐྱེད་རྫོགས་ཟུང་འཇུག་གི་སྒྲོམ་མཁྱེན་བརྩེའི་མེ་ལོང་འོད་ཟེར་བརྒྱ་པ་ཞེས་བྱ་བ་བཞུགས》ཞེས་པ་ལས། སློང་མོས་འཚོ་ཞིང་ཁེངས་ཚིག་སྨྲ། །ཟ་བའི་ཡུལ་ལ་འབར་ཞིང་འཁུན། །ཕ་མའི་དྲིན་ལན་མི་བསམ་པ། །འདི་གསུམ་ཤེས་ལྡན་ཁྲེལ་བའི་རྒྱུ། །ཞེས་གསུངས་པ་དང་། སེམས་ཅན་སྤྱི་དང་བྱེ་བྲག་གང་ལ་དྲིན་ལན་བཟང་འཇལ་དང་ངན་འཇལ་བྱས་པའི་ཁྱད་པར་བརྗོད་པ་ལ། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་བརྩམས་པའི་《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོར་བཀོད་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་དངགས་ཀྱི་ལམ་ནས་དྲངས་པའི་བློ་སྦྱོང་མཛད་པ》ལས་ཇི་སྐད་གསུང་ན། དེ་རྗེས་གཞན་ཕན་ཁོ་ནའི་སེམས་བསྐྱེད་དེ།།མ་ལུས་སེམས་ཅན་ཀུན་གྱིས་ཕ་དང་མ།།དུ་མར་བྱས་པའི་དྲིན་ལ་སེམས་བཞིན་དུ། །ཕན་ཐོགས་ཅི་ནུས་ཀྱིས་དང་ཀུན་ལ་ཕན། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི། །འདི་དང་ཕྱི་མར་རང་གཞན་དོན་དུ་བཟང་། །བཟང་གི་དྲིན་ལན་ངན་གྱིས་འཇལ་བའི་མི། །མི་དེ་དུད་འགྲོ་ལས་ཀྱང་དམན་པར་གསུངས། །
[32]ཞེས་གསུངས་པའི་ཚུལ་སོགས་ཤེས་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཕྱོགས་བསྒྲིགས་མཛད་པའི་རྒྱ་ཆེན་བཀའ་མཛོད་ཇ་པ་ལས་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལས། དེ་ནས་རྗེས་ཟས་བསྔོ་བྱ་བ་ནི། སྤྱིར་འདོད་ཡོན་རྣམས་སྔགས་རྒྱ་ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས་མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་ལ་འབུལ་ཞིང་བསྔོས་པས་མཉེས་ཤིང་ཚིམ་པར་འགྱུར་བ་དང་། ཁྱད་པར་ཕ་མ་སོགས་སྔར་ཤི་བ་ལ་ལོ་དུས་བཞིན་ཟས་བསྔོ་བྱས་པས་ཕན་ཡོན་ཐོབ་ཚུལ་མདོ་ལས་འབྱུང་བ་དང་། འཕགས་པ་མོངྒལ་གྱི་མའི་དྲིན་ལན་བསབ་པའི་མདོ་སོགས་ལས་ཀྱང་འབྱུང་བ་མ་ཟད། སྤྱོད་རྒྱུད་འགྲེལ་བར་ཁྱི་སྙིང་ཕྲུ་མ་ལ་ཆགས་པ་ལྟར་འདོད་ཡོན་མ་བསྔོས་པར་འགྲོ་མི་འདོད་པར་གསུངས་པ་ལྟར་གོང་མ་རྣམས་ཀྱིས་སྐབས་འདིར་འདོད་ཡོན་བསྔོ་བའི་ཕྱག་ལེན་མཛད་པ་སྟེ། ཤ་ཆང་མ་གཏོགས་པའི་ཟས་སྐོམ་དར་རས་ཅི་འབྱོར་བ་བཤམ། སྔགས་རྒྱ་ཏིང་ངེ་འཛིན་གྱིས་འདོད་ཡོན་ནམ་མཁའ་མཛོད་མི་ཟད་བའི་གཏེར་ཡིད་ལ་ཇི་ལྟར་འདོད་པ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་ཀྱིས་དབང་པོ་ལྔའི་གནས་སུ་ཟག་པ་མེད་པའི་བདེ་བས་ཚིམས་པར་བསམ་ལ་བསྔོ་ཞིང་བར་དོའི་སེམས་ཅན་དྲི་ཡིས་ཚིམས་པ་ཡིན་པས་ཟས་སྣ་རྣམས་གསུར་བྱ།[33]ཞེས་པ་དང་། དེས་ན་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་ཉུང་གསལ་གོ་བདེའི་ཚིག་ཅེས་པ་ལས། སེམས་རྒྱུད་ཆོས་དང་འདྲེས་གྱུར་ན། །ཅི་བྱེད་དགེ་བའི་ལམ་དུ་འགྲོ །འཁོར་བ་སྤོང་ལ་དཀའ་རྒྱུ་མེད། །ཡོན་ཏན་ཐམས་ཅད་ངང་གིས་འདུ། །ཅི་ལྟར་བྱས་ཀྱང་བདེ་བ་སྟེ། །གང་ལྟར་བྱས་ཀྱང་སྐྱིད་པ་ཉིད།།ཕ་མའི་དྲིན་ལན་དེ་ཡིས་འཁོར།།དཀོན་མཆོག་མཆོད་པ་དེ་རང་ཟབ།།རང་གི་བསགས་སྦྱང་སྙིང་པོ་དེ།།དལ་འབྱོར་དོན་ལྡན་འགྱུར་བ་ལགས།།[34]ཞེས་པ་སོགས་ཤིན་ཏུ་མང་ངོ་།།
དྲུག་པ། གངས་ལྗོངས་མཁས་གྲུབ་གསུང་གི་ལེགས་བཤད་ལས།། ཕ་མའི་དྲིན་དྲན་སྙན་རྩོམ་བཤད་པས་དགེ།
ད་ཐེངས་གུས་པས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དངོས་གཞིའི་སློབ་མ་རྣམས་ཀྱི་བསླབ་བར་གྱུར་པའི་《དུས་རབས་རིམ་བྱུང་གི་བོད་ཀྱི་གནའ་རྩོམ་གྲགས་ཅན་ལེགས་བཏུས》དང་། 《ནང་བསྟན་གྱི་གཞུང་ལུགས་རྣམ་བཤད》ཅེས་པ་སོགས་ཀྱི་སློབ་ཚན་གྱི་སྦྱང་བའི་ཟུར་ལྟ་དང་། ཡང་ན་སློབ་ཁྲིད་ཀྱི་ཞར་ལ་སློབ་མ་རྣམས་ཀྱིས་དཔེ་ཀློག་བྱ་དགོས་པའི་དཔྱད་གཞིའི་ཡིག་ཆར་ཕ་མའི་དྲིན་གཟོ་ཚུལ་སྐོར་གྱི་སྔོན་བྱོན་མཁས་པ་དག་གི་སྙན་རྩོམ་རྙེད་ཟིན་ཞིག་ཕྱོགས་བསྒྲིགས་བྱས་པ་ལ། ཕ་མའི་དྲིན་གཟོ་ཚུལ་གྱི་སྙན་རྩོམ་དེ་དག་གི་རྩོམ་པ་པོར་གྱུར་པའི་མཁས་གྲུབ་རྣམས་འཁྲུངས་པའི་ལོ་ཚིགས་ཀྱི་རིམ་པ་ལྟར་དུ་བཀོད་ན། དང་པོ་ཡུམ་གྱི་དྲིན་ལན་བཤགས་པའི་མདོ་བཞུགས་སོ། །ཞེས་པ་ནི་ཀརྨ་རང་བྱུང་རྡོ་རྗེས་(1284-1339)བརྩམས་པ་དང་། གཉིས་པ་དྲིན་ཅན་ཨ་མ་ལ་གདམས་པ་བཞུགས་ཞེས་པ་ནི་རོང་སྟོན་ཤཱཀྱ་རྒྱལ་མཚན་(1367-1449)གྱིས་བརྩམས་པ་དང་། གསུམ་པ་ཕ་མའི་དྲིན་ལན་བཟོ་བའི་སྨོན་ལམ་བཞུགས་སོ། །ཞེས་པ་ནི་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་(1739-1780)ཀྱིས་བརྩམས་པ་དང་། བཞི་པ་ཕ་མའི་དྲིན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་བཞུགས་སོ། །ཞེས་པ་ནི་རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་(1762-1823)བརྩམས་པ་དང་། ལྔ་པ་ཕ་མའི་དྲིན་ལན་བསབས་པའི་སྙིང་པོ་བསྡུས་པ་བཞུགས་སོ། །ཞེས་པ་ནི་བིས་པ་ངག་དབང་མི་ཕམ་ཟླ་བས་(1767-1807)བརྩམས་པ་དང་། དྲུག་པ་ཨ་མ་དྲན་པའི་གསུང་མགུར་ཞེས་པ་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་(1781-1851)གྱིས་བརྩམས་པ་དང་། བདུན་པ་དྲིན་ཅན་ཨ་མའི་ཕྱི་མའི་ལམ་ཡིག་བཞུགས་སོ། །ཞེས་པ་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བརྩམས་པ་དང་། བརྒྱད་པ་ཨ་མ་དྲན་པའི་མགུར་བཞུགས་སོ། །ཞེས་པ་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བརྩམས་པ་དང་། དགུ་པ་མ་ཡི་དྲིན་བསབ་བཞུགས་སོ། །ཞེས་པ་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བརྩམས་པ་དང་། བཅུ་པ་མར་གྱུར་སེམས་ཅན་སྙིང་རེ་རྗེ་བའི་མགུར་བཞུགས་སོ། །ཞེས་པ་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བརྩམས་པ་དང་། བཅུ་གཅིག་པ་ཐུགས་གཏན་བསྔོ་སྨོན་གྱི་སྒོ་ནས་མ་རྒན་མོ་དག་པའི་ཞིང་ཁམས་སུ་འདྲེན་པར་བསྐུལ་བའི་གསུང་མགུར་ཞེས་པ་ནི་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་(1864-1926)བརྩམས་པ་དང་། བཅུ་གཉིས་པ་ཨ་མ་དྲན་གླུ་ཞེས་པ་ནི་དབུས་བཟའ་མཁའ་འགྲོ་མས་(1880-1929)བརྩམས་པ་དང་། བཅུ་གསུམ་པ་མ་རྒན་དད་པ་ཅན་གྱི་ཡིད་ལ་བཅང་རྒྱུར་ཞེས་པ་ནི་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་(1871-1926)གྱིས་བརྩམས་པ་དང་། བཅུ་བཞི་པ་མ་རྒན་དད་པ་ཅན་གྱི་སེམས་ལ་བཅང་ཞེས་པ་ནི་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བརྩམས་པ་དང་། བཅོ་ལྔ་པ་མ་དྲིན་ལན་གསོ་བའི་ཆོས་པདྨ་དཀར་པོ་བཞུགས་སོ། །ཞེས་པ་ནི་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་(1885-1927)གྱིས་བརྩམས་པ་དང་། བཅུ་དྲུག་པ་དྲིན་ཆེན་ཕ་མའི་དྲིན་ལན་སྨོན་ལམ་བཞུགས་ཞེས་པ་ནི་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་གྱིས་བརྩམས་པ་དང་། བཅུ་བདུན་པ་ཕ་མའི་དྲིན་གཟོ་དང་འབྲེལ་བའི་མགུར་དབྱངས་ཐར་འདོད་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ཞེས་པ་ནི་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོས་(1904-1946)བརྩམས་པ་དང་། བཅོ་བརྒྱད་པ་དྲིན་ཅན་ཕ་མ་རྣམ་གཉིས་ཀྱི་དྲིན་དྲན་པའི་མགུར་དབྱངས་ཞེས་པ་ནི་རྗེ་ཚེ་ཏན་ཞབས་དྲུང་(1910-1985)གིས་བརྩམས་པ་དང་། བཅུ་དགུ་པ་དྲིན་ལྡན་ཨ་མ་ཞེས་པ་ནི་རྗེ་དམུ་དགེ་བསམ་གཏན་(1914-1993)གྱིས་བརྩམས་པའི་བསླབ་བྱ་དོན་གཉིས་ལྷུན་གྲུབ་ལས་ཚིགས་བཅད་གཅིག་བཏུས་ཏེ་དྲངས་པ་དང་། ཉི་ཤུ་པ་ཨ་མ་དྲན་པའི་མགུར་ཞེས་པ་ནི་མཛོད་དགེ་བློ་བཟང་ཉི་མས་(1926-1990)བརྩམས་པ་དང་། ཉེར་གཅིག་པ་ཨ་མ་དྲན་པའི་སྡུག་གླུ་མཆི་མའི་དོ་ཤལ་ཞེས་བྱ་བ་བཞུགས་ཞེས་པ་ནི་ཁང་སར་བསྟན་པའི་དབང་ཕྱུག་(1938-2014)གིས་བརྩམས་པ་དང་། ཉིར་གཉིས་པ་ཨ་མ་དྲན་ནས་མ་ཎི་བསྐུལ་བ་ཞེས་པ་ནི་འཁྲུངས་འདས་ཀྱི་ལོ་ཚིགས་མ་ངེས་པའི་བླ་མ་ལེགས་བཤད་ཅེས་པས་བརྩམས་པ་སོགས་ཀྱི་དགོངས་དོན་ལ་བལྟས་ན། འཇིག་རྟེན་འདིར་ཕ་མ་གཉིས་ལས་ལྷག་པའི་དྲིན་ཆེན་མེད་པའི་ཚུལ་ལ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ལུས་སྲོག་བསྐྱེད་པའི་ཕ་མ་ལས། །ལྷག་པའི་དྲིན་ཅན་གཞན་ན་མེད། །[35]ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་ན། ལེགས་རྩོམ་འདི་དག་བལྟས་ནས་ཇི་ལྟར་བྱ་དགོས་སྙམ་ན། ཡང་ཁོང་གིས། ཁྲེལ་ཡོད་བུ་དང་བུ་མོ་རྣམས། །རྒས་པའི་དྲིན་ཅན་ཕ་མ་ཡི། །དྲིན་ལན་མཇལ་ན་འདི་བཞིན་གྱིས། །[36]ཞེས་གསུངས་པ་ལྟར་དགོས་པ་དང་། གཞན་ཡང་རྒྱལ་བའི་བཀའ་འགྱུར་ལས་ཕ་མའི་མདོ་[37]ཞེས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁོང་གི་ཡབ་ཡུམ་གཉིས་བར་གྱི་ཞལ་གདམས་བཀའ་ནན་[38]ཞེས་པ་དང་། དྭགས་པོའི་ཐར་རྒྱན་ལས་མའི་དྲིན་ཅི་ཙམ་ཆེ་ཚུལ་བཤད་པ་[39]ཞེས་པ་དང་། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་ཕ་མ་ཡུལ་ཆེས་གཉན་ཞིང་བཀུར་སྟི་བ་དགོས་པ་དང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་ཀྱང་བསྟན་པ།[40]ཞེས་པ་དང་། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་ལས་བཀའ་དྲིན་ཅན་གྱི་ཕ་མ་གཉིས་ཀྱི་སྐོར་[41]ཞེས་པ་དང་། མ་ཕྱིའི་ཡི་གེ་མ་རྙེད་པ་ལ་དཔེར་ན། ཨ་མའི་བྱིན་རླབས་ནམ་མཁའ་སྒོ་འབྱེད།[42] ཅེས་པས་མཚོན་པའི་རྩོམ་སོགས་སྙན་རྩོམ་ཡིན་མིན་ཇི་ལྟར་ཡང་ཕ་མའི་དྲིན་དྲན་པ་དང་དྲིན་གཟོ་ཚུལ་སོགས་བརྗོད་བར་གྱུར་པའི་རྩོམ་ཡིག་གང་ལེགས་རེ་ཡོད་སྲིད་པས་སོ།།
མཆན་འགྲེལ།
[1]བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ།རྙིང་རྒྱུད། ཁ [M]2018ལོའི་ཟླ་12པར་གཞི 2དེབ།2-ལྡེབ།204
[2]རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ་པོད་ལྔ་པ་བཞུགས་སོ། (ཅ)[M]ཤ132
[3] ཆོས་ཀྱི་སེང་གེ་དང་གང་པ། ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་བཞུགས་སོ ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་11པར་པར་གཞི་དང་པོ་བསྒྲིགས།1994ལོའི་ཟླ་8པར་པར་ཐེངས་གཉིས་པ་དཔར། ཤ366
[M]བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། བཀའ་འགྱུར།མདོ་སྡེ། (འ) [M]སྤྱི་ལོ་2018ལོའི་ཟླ་12པར་གཞི་དེབ།67-ལྡེབ།299
[4]ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྡུར་དང་དཔེ་སྒྲིག་ཞུས། བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། (པ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་11པར་པར་གཞི་དང་པོ་བསྒྲིགས། 2007ལོའི་ཟླ་11པར་པར་ཐེངས་དང་པོ་བཏབ། ཤ899
[5]གངས་ལྗོངས་ཤེས་རིག་གི་ཉིང་བཅུད། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། བུ་སྟོན་ཆོས་འབྱུང་།[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1988ལོའི་ཟླ་9པར་པར་གཞི་དང་པོ་བསྒྲིགས།1988ལོའི་ཟླ་9པར་ཟི་ལིང་ནས་པར་ཐེངས་དང་པོ་བརྒྱབ། ཤ214
[6]རྫ་དཔལ་སྤྲུལ། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག (ཀུན་བཟང་བླ་མའི་ཞལ་ལུང་།) [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1989ལོའི་ཟླ་7པར་པར་གཞི་དང་པོ་བསྒྲིགས།1994ལོའི་ཟླ་4པར་པར་ཐེངས་གསུམ་པ་དཔར། ཤ317
[7] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ །
(ཁ) [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། 2012ལོའི་ཟླ་12པར་པར་ཐེངས་དང་པོ་བཏབ། ཤ599
[8] མཐོ་སྐར་འོད་གསལ་གྱིས་སྒྲིག་སྒྱུར་བྱས་པ། རྡོ་རྗེ་རྒྱལ་པོས་ཞུ་དག་གཏན་འབེབས་བྱས་པ། རྒྱུན་སྤྱོད་བོད་རིགས་གཏམ་དཔེ་བསགས་མཛོད། (བོད་རྒྱ་གཉིས་འགྲེལ།) [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་བ་12པར་གཞི་དང་པོ་བཏབ་པ།1992ལོའི་ཟླ་བ་12པར་པར་ཐེངས་དང་པོ་དཔར། ཤ630
[9]མཐོ་སྐར་འོད་གསལ་གྱིས་སྒྲིག་སྒྱུར་བྱས་པ། རྡོ་རྗེ་རྒྱལ་པོས་ཞུ་དག་གཏན་འབེབས་བྱས་པ། རྒྱུན་སྤྱོད་བོད་རིགས་གཏམ་དཔེ་བསགས་མཛོད། (བོད་རྒྱ་གཉིས་འགྲེལ།) [G]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་བ་12པར་གཞི་དང་པོ་བཏབ་པ། 1992ལོའི་ཟླ་བ་12པར་པར་ཐེངས་དང་པོ་དཔར། ཤ315
[10]གོང་གི་མཆན་དང་མཚུངས། ཤ316
[11]ཞབས་དཀར་པའི་མགུར་འབུམ་ཞེས་བྱ་བ་བཞུགས་སོ།། སྟོད་ཆ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་8པར་པར་གཞི་དང་པོ་བསྒྲིགས། 1987ལོའི་ཟླ་8པར་པར་ཐེངས་དང་པོ་དཔར། ཤ178
[12]གོང་གི་མཆན་དང་མཚུངས། ཤ198
[13]གོང་གི་མཆན་དང་མཚུངས། ཤ199
[14]བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། བཀའ་འགྱུར་མདོ་སྡེ།ཨཿ76 [M]སྤྱི་ལོ་2018ལོའི་ཟླ་12པར་གཞི། དེབ།76-ལྡེབ།830
[15]ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། བསྟན་འགྱུར་དཔེ་བསྡུར་མ།འཁྲི་ཤིང་། (ཀེ) འཁྲི་ཤིང་། (ཁེ) 95[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ་2004ལོའི་ཟླ་10པར་པར་གཞི་དང་པོ་བསྒྲིགས། སྤྱི་ལོ་2004ལོའི་ཟླ་10པར་པར་ཐེངས་དང་པོ་བཏབ། ཤl002
[16]གོང་གི་མཆན་དང་མཚུངས། ཤ1002
[17]གོང་གི་མཆན་དང་མཚུངས། ཤ1010
[18]བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། བསྟན་འགྱུར།[M]སྤྱི་ལོ་2018ལོའི་ཟླ་12པར་གཞི། དེབ།95-ལྡེབ།101l
[19]བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ། བསྟན་འགྱུར། གསོ་བ་རིག་པ།ཧེ 213སྨན་འཚོ་བའི་མདོ་བཞུགས།[M]སྤྱི་ལོ་2018ལོའི་ཟླ་12པར་གཞི།དེབ།111-ལྡེབ།28
[20]རུས་པའི་རྒྱན་ཅན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་8པར་པར་གཞི་གཉིས་པ་བསྒྲིགས། 2006ལོའི་ཟླ་10པར་དཔར་ཐེངས་གསུམ་པ་དཔར། ཤ12l
[21]རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ་པོད་ལྔ་པ་བཞུགས་སོ།། (ཅ) [M]ཤ430
[22]ཞབས་དཀར་པའི་མགུར་འབུམ་ཞེས་བྱ་བ་བཞུགས་སོ །སྟོད་ཆ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་8པར་པར་གཞི་དང་པོ་བསྒྲིགས། 1987ལོའི་ཟླ་8པར་པར་ཐེངས་དང་པོ་དཔར།ཤ199
[23]རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།ཉ་པ་ལས།[M]རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས། ལྡེབ་7བཞུགས་གོ།
[24]བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ།བཀའ་འགྱུར།[M]2018ལོའི་ཟླ་12པར་གཞི། དེབ།75-ལྡེབ།243
[25]རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ། གླེགས་བམ་ཇ་པ་ལས། [M]བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྡེབ།5
[26]རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ། གླེགས་བམ་ཇ་པ་ལས།[M]བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ་བཞུགས་སོ། ལྡེབ།7
[27]རུས་པའི་རྒྱན་ཅན།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2004ལོའི་ཟླ་8པར་པར་གཞི་གཉིས་པ་བསྒྲིགས།2006ལོའི་ཟླ་10པར་དཔར་ཐེངས་གསུམ་པ་དཔར། ཤ28l
[28]གོང་གི་མཆན་དང་མཚུངས། ཤ28l
[29]གོང་གི་མཆན་དང་མཚུངས། ཤ281ཤ281
[30]དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། མེས་པོའི་ཤུལ་བཞག 15ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་ས་པཎ་ཀུན་དགལའ་རྒྱལ་མཚན་གྱི་གསུང་འབུམ་པོད་དང་པོ་བཞུགས།(13/24)[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་4པར་པར་གཞི་དང་པོ་བསྒྲིགས། 2007ལོའི་ཟླ་4པར་པར་ཐེངས་དང་པོ་བཏབ། ཤ234
[31]གོང་གི་མཆན་དང་མཚུངས། ཤ281ཤ234
[32]ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2010ལོའི་ཟླ་12པར་པེ་ཅིན་དུ་པར་ཐེངས་དང་པོ་བཏབ། 2011ལོའི་ཟླ་6པར་པར་ཐེངས་གཉིས་པ་བཏབ། ཤ83
[33]འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད།[M]ཇ་པ་ལས་ཀུན་རིག་ཆོ་ག་ལྡེབ།38
[34]ཞེ་ཆེན་རྒྱལ་ཚབ་གསུང་འབུམ། གླེགས་བམ།ཅ།[M]ཉུང་གསལ་གོ་བདེའི་ཚིག
[35]ཞབས་དཀར་པའི་མགུར་འབུམ་ཞེས་བྱ་བ་བཞུགས་སོ །སྟོད་ཆ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ་8པར་པར་གཞི་དང་པོ་བསྒྲིགས།1987ལོའི་ཟླ་8པར་པར་ཐེངས་དང་པོ་དཔར། ཤ198
[36]གོང་གི་མཆན་དང་མཚུངས། ཤ198
[37] ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྡུར་དང་དཔེ་སྒྲིག་ཞུས། བཀའ་འགྱུར་དཔེ་བསྡུར་མ།མདོ་སྡེ། (ས) དེབ་དོན་གཉིས་པ།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2008ལོའི་ཟླ་8པར་པར་གཞི་དང་པོ་བསྒྲིགས། 2008ལོའི་ཟླ་༨པར་པར་ཐེངས་དང་པོ་བཏབ། ཤ483-485
[38] ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གིས་དག་སྒྲིག་བྱས། སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་མཛད། ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས།(དེབ་དང་པོ།)ཞལ་གདམས་ཀྱི་སྐོར།[G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་4པར་པར་གཞི་དང་པོ་བསྒྲིགས། 2013ལོའི་ཟླ་10པར་དཔར་ཐེངས་བཞི་པ་དཔར། ཤ217-22l
[39]ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་བརྩམས། ཐར་རྒྱན། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ་2པར་པར་གཞི་དང་པོ་བསྒྲིགས། 1990ལོའི་ཟླ་2པར་པར་ཐེངས་དང་པོ་དཔར། ཤ106-111
[40]ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།
[41] ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གིས་དག་སྒྲིག་བྱས། ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས། (དེབ་དང་པོ)ཞལ་གདམས་ཀྱི་སྐོར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་4པར་པར་གཞི་དང་པོ་བསྒྲིགས། 2013ལོའི་ཟླ་10པར་དཔར་ཐེངས་བཞི་པ་དཔར། ཤ354ནས་365བར།
[42]གཙོ་འགན་རྩོམ་སྒྲིག་པ་སྐ་བ་ཤེས་རབ་བཟང་པོ། བོད་ཁུལ་གྱི་ཆོས་སྡེ་གྲགས་ཅན་ཁག་གི་དཔེ་རྙིང་དཀར་ཆག [G] པོད་ཨང་། 117མཚན་བྱང་། ཨ་མའི་བྱིན་རླབས་ནམ་མཁའ་སྒོ་འབྱེད། མཛད་པ་པོ་མི་གསལ། དཔེ་གཞི། དབུ་མེད་བྲིས་མ། ལྡེབ་གྲངས། 6ཕྲེང་། མི་རིགས་དཔེ་སྐྲུན་ཁང་།2010ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས།2010ལོའི་ཟླ་12པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ505