ཁྱེད་རང་གིས་ཉིན་རེར་ཁ་པར་དུས་ཚོད་ག་ཚོད་ལ་རྩེ་བཞིན་ཡོད། ཁ་པར་གྱིས་ང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་ནི་སྨོས་མ་དགོས་མོད། འོན་ཀྱང་དེ་ལ་ཞོར་སྐྱོན་ཡང་མི་དམན་པ་ཞིག་ཡོད་པ་ཁྱེད་ཀྱིས་ཤེས་སམ།
སྤྱིར་ན་བརྡ་འཕྲིན་ལག་རྩལ་དར་བ་ནས་མི་རྣམས་ཀྱི་འཚོ་བར་བློ་ཡིས་དཔོག་དཀའ་བའི་འགྱུར་ལྡོག་མང་པོ་བྱུང་དང་འབྱུང་བཞིན་ཡོད་ལ། ང་ཚོའི་འཚོ་བར་སྟབས་བདེ་དང་མཚར་སྣང་གང་མང་ཞིག་བསྐྲུན་ཡོད། དེ་ལྟར་ལགས་ཀྱང་ཞོར་དུ་རང་གི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་གནས་ལུགས་ཀྱང་ངེས་པར་དུ་རྟོགས་དགོས་འདུག
ང་རང་ཉིད་ལ་མཚོན་ན། ལས་དོན་ཀྱི་དབང་གིས་ཕལ་ཆེར་ཉིན་གང་བོར་ཁ་པར་གྱི་སྟེང་དུ་ལས་དོན་སྒྲུབ་དགོས། བརྡ་འཕྲིན་ལག་རྩལ་གྱི་དུས་རབས་ནང་མི་མང་ཆེ་ཤོས་ཀྱི་འཚོ་བ་ནི་ཁ་པར་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཆགས་ཡོད་ལ། འདི་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་ཚན་རྩལ་གྱིས་ང་ཚོའི་འཚོ་བར་བཏང་བའི་འགྱུར་ལྡོག་རེད། དུས་ཡུན་ཐུང་ཐུང་གི་ནང་དུ་དེའི་གནོད་པ་མི་ཤེས་ནའང་སྤྱོད་ཡུན་རིང་དྲགས་ན་རིམ་བཞིན་མིག་ནུས་ཉམས་པ་དང་རྣམ་རིག་མི་གསལ་བ། ལུས་པོར་ཚོ་གསོག་པ། དགོང་མོར་གཉིད་མི་ཡོང་བ། ཟས་ཀྱི་ཡི་ག་ཉམས་པ་སོགས་ཞོར་སྐྱོན་མི་ཉུང་བ་ཞིག་མངོན་སུམ་དུ་འབྱུང་བཞིན་ཡོད་པ་རེད།
མི་རྣམས་ཀྱིས་རྒྱུན་དུ་ཁ་པར་ལས་གསར་འགྱུར་ལ་བལྟ་བའམ་ཡང་ན་སྐད་འཕྲིན་གྱི་སྒང་ནས་གྲོགས་པོ་རྣམས་ལ་ཁ་བརྡ་བྱེད་པ། ཁ་པར་གྱི་མཉེན་ཆས་ཐོག་ནས་དཔེ་ཆར་གཟིགས་པ་དང་རྩེད་མོ་རྩེ་བ་སོགས་ལ་གོམས་ལོབས་བྱུང་ནས་ཁ་པར་ལ་བལྟ་ཡུན་རིང་དྲགས་ན། རིམ་བཞིན་སྐེ་ཚིགས་དང་སྒལ་ཚིགས་སོགས་ན་ནས་གཉིད་མི་ཡོང་བ། མིག་ནུས་ཉམས་པ། སེམས་ཁམས་མི་དྭངས་པ་སོགས་ཀྱི་ཞོར་སྐྱོན་བྱུང་ནས་ལུས་པོར་གནོད་པ་ཆེན་པོ་ཐེབས་སྲིད། ནད་རིགས་འདི་དག་ལ་དམིགས་ནས་ཆེད་མཁས་རྣམས་ཀྱིས་བདེ་ཐང་གསལ་སྟོན་གྱི་ཤེས་བྱ་ཁག་མང་པོ་ཞིག་བཀྲམ་ཡོད་ཅིང་། སྤྱིར་བཏང་དུ་དགོང་མོ་མར་ཉལ་ནས་ཁ་པར་མི་རྩེ་བ། ཁ་པར་རྩེ་ཡུན་རིང་ན་དུས་ཚོད་རེ་རེའི་ནང་ཡར་ལངས་ནས་འགྲོ་འོང་ཙམ་བྱེད་པ་དང་མིག་ལ་སྐར་མ་གསུམ་བཞི་རེར་ངལ་གསོ་བའམ་རྒྱང་རིང་དུ་བལྟ་བ་སོགས་བྱས་ཆོག ཁ་པར་ལས་བསྐྱེད་པའི་ཞོར་སྐྱོན་འདིའི་རིགས་ནི་སྨན་འཐུང་བ་ཙམ་གྱིས་དྲག་སྐྱེད་འབྱུང་དཀའ་བས། རྒྱུན་ལྡན་འཚོ་བའི་ནང་ངེས་པར་དུ་ཁ་པར་ཉུང་རྩེ་བྱས་ནས་ལུས་པོ་སྦྱོང་བརྡར་བྱེད་པ་དང་། ཁྱིམ་མི་དང་མཉམ་དུ་ཁ་བརྡ་བྱེད་པ། བྱིས་པ་དང་མཉམ་དུ་རྩེད་མོ་རྩེ་པ་སོགས་བྱས་ཚེ། ཆུ་མ་ཡོང་གོང་གི་ཆུ་རགས་ཞེས་པ་ལྟར་ནད་རིགས་འདི་དག་ལ་སྔོན་འགོག་གི་ནུས་པ་ཐོན་སྲིད་པས་རྒྱུན་ལྡན་འཚོ་བའི་ནང་གྲོགས་པོ་རྣམས་ཀྱིས་མཉམ་འཇོག་གང་ལེགས་གནང་བར་ཞུ།