སྲོལ་རྒྱུན་ལག་རྩལ་ལ་དུས་རབས་ཀྱི་སྲོག་རླུང་གསར་པ་ཞུགས་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལག་རོགས་བཟང་པོར་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 04-21


          ཀླད་ཀྱི་གཏམ། ཤུག་རི་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་ཀ་རིང་ཤང་གི་ནུབ་བྱང་རྒྱུད་ཀྱི་ཤ་བོ་རི་བོའི་སྐེད་དུ་ཡོད་ལ། དུད་ཁྱིམ56དང་། ཞིང་ལས་གཙོ་བོ་ཡིན་པའི་ཞོར་དུ་ཕྱུགས་རིགས་ཀྱང་ཉུང་ངུ་ཞིག་གཉེར་བཞིན་ཡོད། ཀ་རིང་ཤང་ཁོངས་གཏོགས་ཀྱི་ས་བབ་ཆེས་མཐོ་བའི་སྲིད་འཛིན་སྡེ་བ་ཡིན། ཡུལ་བབ་མཐོ་དམའ་དང་དྲོད་གྲང་། ཆར་ཆུ་འབབ་ཚད་སོགས་ནི་འབྲུ་དཀར་ནག་ཁྲ་གསུམ་ནང་གི་ཁྲ་བོ་ནས་འདེབས་པར་ཤིན་ཏུ་འཕྲོད། དེར་བརྟེན། རྒྱུ་ཆ་ནས་ཀྱིས་ཆང་བཙགས་པའི་ལག་རྩལ་ཞིག་སྔ་མོ་ནས་དར་ཡོད། རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་ལེན་བསྟར་བ་ནས་བཟུང་། རང་རྒྱལ་འདི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་བྱེད་པ་ནས་གྲོང་གསེབ་ཀྱི་བག་ཉལ་སྟོབས་ཤུགས་གསར་སྤེལ་གྱི་འཕེལ་རྒྱས་འདུ་ཤེས་ཕྱོགས་སུ་བསྒྱུར་བས། གྲོང་གསེབ་ས་ཆ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་ཞིག་མ་ཡིན་པར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛིན་བཟུང་ལྟ་བུ་ཞིག་ཏུ་བརྩིས་ཡོད། བར་སྐབས་འདིའི་སྔ་གཞུག་ཙམ་ལ། ཐག་རིང་རི་ཁུལ་དུ་གནས་པའི་ཤུག་རི་སྡེ་བའི་སྡེ་མི་ལྔ་ནས་གྲོང་གསེབ་དར་སྤེལ་གཙོས་པའི་དམངས་ཕན་སྲིད་ཇུས་གང་མང་ཞིག་ལ་བརྟེན་ནས་རང་ས་ཆའི་མེས་པོའི་གཅེས་ནོར་ཏེ་ནས་ཆང་བཙགས་པའི་ལག་རྩལ་འདི་རྒྱུན་འཛིན་དར་སྤེལ་བྱས་ཏེ་ཡུལ་དུས་ལ་འཚམ་པའི་གྲོང་གསེབ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཆེན་དུ་ཞུགས་ཡོད། ཉེ་ཆར། གསར་འགོད་པ་ཤུག་རི་སྡེ་བར་ཕྱིན་ཏེ་ཤུག་རིའི་ནས་ཆང་བཙགས་པའི་ལག་རྩལ་འདི་རྒྱུན་འཛིན་དར་སྤེལ་དང་སྡེ་བའི་དབུལ་ཐར་ཕྱུག་འགྱུར་ཐད་ནས་བྱེད་ནུས་གང་འདྲ་ཐོན་བཞིན་པའི་སྐོར་ལ་རྒྱུས་ལོན་བྱས་པ་ཡིན།

          བག་ལ་ཉལ་བའི་དུས་ཀྱི་ཆང་བཙགས་ལག་རྩལ།
          ཤུག་རིའི་ནས་ཆང་འདི་ལ་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་རང་ས་ཆ་ནས་ཐོན་པའི་ནས་ནག་རྒྱུ་ཆ་བྱས་པ་ཡིན་ལ། དེའི་ཐོག་ཏུ་ཆང་འཚག་སྐབས་ཀྱི་ལས་རིམ་ཁག་ལེགས་པོར་བསྒྲུབས་ནས་ཐོན་པ་ཡིན། ཆང་བཙགས་པ་ལ་རང་ས་ནས་ཐོན་པའི་ནས་ནག་རྨང་གཞི་བྱས་ཐོག ད་དུང་བཙག་བྱའི་ནས་ནག་ཉ་ར་བྱེད་པ་དང་བཙོ་བ། ཆང་རྩིའམ་ཕབ་བསྲེས་པ། བསྙལ་བ། དེ་ནས་བཙོས་ཏེ་བཙགས་པ་སོགས་ཀྱི་ལས་རིམ་འགའ་ཡོད། དེ་དག་རེ་རེའང་ནན་ཏན་ཞིབ་ཚགས་བྱེད་པ་ལས་རྩ་ངེ་རྩིང་ངེ་གཏན་ནས་བྱེད་མི་རུང་། (ཆང་རྩིའམ་ཕབ་བཟོ་བ་འདི་ལ་རྒྱུ་ཆ་གདམ་པ་དང་སྡེབ་ཚད་སོགས་ལ་མཉམ་འཇོག་གང་ལེགས་བྱེད་དགོས།) ལྷག་པར་དུ་ཆང་འཚག་པའི་སྐབས། ཐབ་ཁུང་ནང་གི་མེ་ཤེད་ལ་ཚོད་འཛིན་ལེགས་པོ་བྱེད་པ་ཤིན་ཏུ་གཙོ། གལ་ཏེ་མེ་ཤེད་ཆེ་དྲགས་ན་ཆང་ལ་འཚིག་དྲི་བྲོ་ཉེན་ཡོད་ལ། ཆུང་དྲགས་ན་འབབ་ཚད་ཉུང་དུ་འགྲོ། ཆང་བཙགས་པའི་སླ་ངའི་ཐོག་ལ་གྲི་སོགས་ཀྱི་མཚོན་རིགས་འཇོག་པ་དང་སྒོ་ཁར་བལ་མདའི་རིགས་སམ་ཆབ་རོམ་འཇོག ཆང་འཚག་ས་ནས་ཀྱང་ཤུག་བདུག་ངེས་མེད་དུ་བྱེད་དགོས།

རྒྱུ་ཆ་ནས་ཉ་ར་བྱེད་པ།

ཆང་རྩིའམ་ཕབ་དང་ཕབ་བསྲེས་རྗེས་ཀྱི་སྦང་མ།
          ངག་རྒྱུན་ལྟར་ན། ལོ་ངོ700ཙམ་གྱི་སྔོན་ནས་བཟུང་། སྡེ་བའི་དུད་ཁྱིམ་ཚང་མར་ནས་ཆང་བཙགས་ཚུལ་འདི་དར་ཡོད་ལ། བཙག་བྱའི་རྒྱུ་ཆ་རང་ཡུལ་ནས་ཐོན་པའི་ནས་ནག་ཡིན་པ་དང་། འབྲེལ་ཡོད་ལས་རིམ་མཉམ་འཇོག་བྱེད་དགོས་པ་སོགས་ཀྱང་གང་ནུས་ཀྱིས་འཛེམ་ཐུབ་པར་བྱས་ཏེ་ནས་ཆང་འཚག་བཞིན་ཡོད། ཡིན་ནའང་། གཅིག་གྱུར་གྱི་ཐོན་ལས་ལྟ་བུ་ཞིག་ཆགས་མེད་སྟབས། བཙགས་པའི་ཆང་མང་ཆེ་བ་ནི་ལོ་སར་དང་སྟོན་མོ། དུས་ཆེན་སོགས་ཀྱི་སྐབས། རང་གིས་འཐུང་བ་དང་མགྲོན་པོར་སྣེ་ལེན་བྱེད་པ། ལེགས་སྐྱེས་སུ་ཁྱེར་བ་སོགས་སུ་སྤྱོད་པ་ཙམ་ཡིན། ད་དུང་དུད་ཁྱིམ་རེ་རེའི་འབྱོར་བ་དང་འཚག་བྱེད་ཀྱི་ཡོ་ཆས་སོགས་ལ་ཁྱད་པར་ཡོད་པའི་དབང་གིས་ཆང་མང་དུ་བཙགས་པའམ་རྒྱ་ཆེར་བཙགས་པ་ལ་ཚད་བཀག་ཐེབས་ཡོད་ཅེས་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སིའི་སྤྱི་གཉེར་རྟ་མགྲིན་ཚེ་རིང་གིས་མཚམས་སྦྱོར་བྱས།
རང་ཁྱིམ་དུ་ཆང་འཚག་བཞིན་པ།
          དུས་རབས་ཀྱི་སྲོག་རླུང་གསར་པ་ཞུགས་པ།
          རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པར་བརྟེན། ཤུག་རི་སྡེ་བའི་སྤོ་བོ་སངས་རྒྱས་རྒྱ་མཚོ་དང་རྟ་མགྲིན་ཚེ་རིང་སོགས་ཀྱིས་རང་ས་ཆའི་མེས་པོའི་ཁྱད་ནོར་ཏེ་ནས་ཆང་བཙགས་ཚུལ་འདི་དར་སྤེལ་གཏོང་བའི་ལམ་དུ་ཞུགས་ཡོད། རྟ་མགྲིན་ཚེ་རིང་གིས་མཚམས་སྦྱོར་བྱས་ན། 2014ལོའི་སྐབས། ཡ་རྫི་རྫོང་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་ཞེས་པ་འདི་བཙུགས་པ་དང་། ཐོག་མར་འཛུགས་སྐབས། ཀ་རིང་ཤང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དྲིལ་སྒྲོག་པུའུ་དང་མཚོ་ཤར་གྲོང་ཁྱེར་ནོར་སྲིད་ཅུའུ་གཉིས་ནས་མ་དངུལ་གྱིས་རོགས་སྐྱོར་གནང་བ་དང་། ཞིང་སྡེའི་ཡིད་རྟོན་དངུལ་ཁང་གིས་དངུལ་བུན་བཏང་བ། སྡེ་བའི་དུད་ཁྱིམ་རེ་ནས་སྒོར་ཆིག་སྟོང་རེ་བཏོན་པ། སྤོ་བོ་སངས་རྒྱས་རྒྱ་མཚོ་གཙོས་པའི་དུད་ཁྱིམ་ལྔ་ནས་ཁྱོན་བསྡོམས་སྒོར་ཁྲི་སུམ་ཅུ་བཏོན་པ་རེད།
ཀུང་སིའི་སླས་ར་དང་དེར་བཀྲམ་པའི་ནས་ནག་ཐོན་སྐྱེད་ཀྱི་ཡོ་བྱད།
ཀུང་སི་བཙུགས་རྗེས་ཆང་མཉམ་དུ་འཚག་པ།
བཙགས་པའི་ཆང་ལ་ཡང་བསྐྱར་དྭངས་བཞུར་བྱེད་པ་དང་མ་དཔེ་ལེན་པ།
ཆང་གི་ཏུའུ་གྲངས་འཇལ་བ།
          ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང་། སྡེ་བའི་ཁ་ཐོར་དུ་གནས་པའི་ནས་ཆང་བཙགས་པ་འདི་ཕྱོགས་གཅིག་ཏུ་བསྡུས་ཏེ་རང་སྡེ་བའི་ཆང་བཙགས་པའི་སྲོལ་རྒྱུན་གྱི་ལག་རྩལ(སྔར་གྱི་ཉམས་མྱོང)གཞིར་བཞག་གི་ཐོག་ལ། དེང་གི་ཚན་རྩལ་འཕྲུལ་ཆས་སྤྱད་དེ་རྒྱུ་ཆ་ནས་ཀྱི་གདམ་གསེས་དང་ཆང་རྩིའམ་ཕབ་ཀྱི་བསྲེས་ཚད་ཐག་གཅོད། དུད་ཁྱིམ་སོ་སོ་ནས་བསྡུས་པའི་ཆང་ཡང་བསྐྱར་བཙགས་པ་དང་སྙིགས་མ་དྭངས་བཞུར་བྱེད་པ། ཆང་བཅུད་ཀྱི་ཚད་འཇལ་ཏེ་ཆང་གི་བཟང་ངན་འབྱེད་པ། ཆང་བཟང་པོ་རིགས་དགར་ནས་རིན་གོང་གཏན་འབེབས་བཟོ་བ། ཐུམ་རྒྱག་པ་དང་ཕྱིར་ཕྱོགས་ལ་འཚོང་བ་སོགས་ཀུང་སི་ནས་གཅིག་གྱུར་ངང་བཀོད་སྒྲིག་བྱེད་བཞིན་ཡོད་ལ། ཆང་རྩིའམ་ཕབ་དང་རྒྱུ་ཆ་ནས་ཀྱི་ཉོ་སྒྲུབ་སོགས་ཀྱང་ཀུང་སི་ནས་འགན་ཁུར་བཞིན་ཡོད། ད་དུང་། ཀ་རིང་ཤང་སྲིད་གཞུང་དང་ཀུང་སི་གཉིས་ཀྱིས་ཆང་འཚག་བྱེད་ཀྱི་སླ་ང་དང་ཙི་དེམ། ཆང་རྫ་སོགས་ཉོས་ཏེ་དུད་ཁྱིམ་རེ་ལ་སྤྲད་པ་དང་། ནས་ཆང་གི་དྲིལ་སྒྲོག་དང་ཕྱིར་འཚོང་ལའང་སྲིད་གཞུང་གིས་མཐུན་རྐྱེན་གང་ལེགས་སྒྲུབ་བཞིན་ཡོད་པ་བཅས་ལས་དུད་ཁྱིམ་ཁག་གིས་ཆང་བཙགས་རྐྱང་ཁོ་ན་བྱས་ཡོད།

སྡེ་བའི་དུད་ཁྱིམ་རེ་ལ་ཆང་རྫ་དང་ཙི་དེམ། སླ་ང་སོགས་སྤྲོད་པ།
རང་ཚང་ལ་སྤྲད་པའི་ཆང་རྫ་དང་ཙི་དེམ་ཁྱེར་བཞིན་པ།
          དབུལ་ཐར་ཕྱུག་འགྱུར་གྱི་ལག་རོགས་བཟང་པོ།
          དབུལ་ཐར་ཕྱུག་འགྱུར་འབྱུང་དགོས་ན། ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་ཐར། ཡུལ་བབ་ལ་བསྟུན་པ། ས་ཁོངས་དང་ཐོན་ལས། ཐོན་ཁུངས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ངང་བསམ་གཞིགས་བྱེད་དགོས། དེ་ལྟར་མ་བྱས་ན་དབུལ་ཐར་ཕྱུག་འགྱུར་བྱུང་ཡང་དེ་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྐམ་སྲིད། སྤོ་བོ་སངས་རྒྱས་རྒྱ་མཚོ་གཙོས་པའི་སྡེ་མི་ལྔ་ཡིས་བཙུགས་པའི་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་ཞེས་པ་འདིས་རང་ས་ཆའི་ཡུལ་བབ་ཀྱི་དགེ་མཚན་དང་ཁྱད་འཕགས་ཀྱི་ཐོན་ཁུངས་དང་ཐོན་ལས་བཅས་རྨང་གཞི་བྱས་ཡོད་སྟབས། དབུལ་ཐར་ཕྱུག་འགྱུར་བྱུང་ན་ཡུན་དུ་གནས་ཐུབ་ལ་སྲ་ཞིང་བརྟན་པ་ཞིག་ཏུ་སྣང་། ཀུང་སི་ནས་ལོ་གཅིག་ལ་དུད་ཁྱིམ་སོ་སོ་ནས་ནས་ཆང་རྒྱ་མ670རེ་གཏན་ཆགས་སུ་བསྡུ་ལེན་བྱེད་བཞིན་ཡོད་ལ། རྒྱ་མ་རེ་ལ་སྒོར15རེ་དང་། ཆང་ཤིན་ཏུ་བཟང་ན། ཆང་བཅུད་ཀྱི་ཚད་ལ་གཞིགས་ཏེ་ཏུའུ་རེ་ལ་སྒོར0.5རེ་ལྷག་མ་སྤྲོད་བཞིན་ཡོད་པས། དུད་ཁྱིམ་རེ་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཆིག་ཁྲི་ལྷག་གཏན་ཆགས་སུ་འདུག མ་ཟད་ཀུང་སི་ནས་སྡེ་བ་གཞུང་དང་དབུལ་ཕོངས་ཁྱིམ་ཚང་། སྡེ་བའི་སློབ་ཆེན་སློབ་མ་སོགས་ལའང་སྒོར་མོ་དང་རྒྱུ་ཆ་ནས་ཀྱི་ཉོ་སྒྲུབ་སོགས་ནས་རོགས་སྐྱོར་གང་ལེགས་བྱེད་བཞིན་འདུག
དུད་ཁྱིམ་སོ་སོ་ནས་བཙགས་པའི་ཆང་བསྡུ་ཉར་བྱེད་པ།

ཆང་གི་བཟང་ངན་ལ་ལྟ་བ།
          ཡུལ་འདི་རུ་ནས་ཀྱི་སྐྱེ་འཕེལ་ཤིན་ཏུ་ལེགས་ལ། ཡུལ་མི་ཚོ་ནས་ཀྱི་འདེབས་ལུགས་ལ་བྱང་ཆ་ཆེ་སྟབས། ལོ་གཅིག་གི་ལོ་ཏོག་ལོ་གཉིས་ལ་དོ་བ་རེད། ནས་ཆང་བཙགས་ཚུལ་ལའང་བྱང་ཆ་ཆེན་པོ་ཡོད་པས། དེ་ནི་ནམ་རྒྱུན་གྱི་ལས་ཀའི་ཞོར་དུ་བསྒྲུབས་པ་ཞིག་ལ་གྱུར་ཡོད། དཔེར་ན། དཔྱིད་ཀྱི་རྨོ་འདེབས་ཚར་རྗེས་ནས་ཆང་གི་སྦང་མ་བསྙལ་བ་དང་། དབྱར་དུས་དང་སྟོན་ལས་ཀྱི་བར་དུ་ཕྱིར་ལས་ཀར་འགྲོ་བ། (དབྱར་རྩྭ་རྐོ་བ།) སྟོན་ལས་རྫོགས་རྗེས་ཁོམ་ལོང་ཡོད་ན་ཆང་བཙགས་པ་དང་མེད་ན་དགུན་དུས་སུ་བཙགས་ཀྱང་ཆོག འདི་ལྟར་བྱས་ན། ལས་ཀ་སོ་སོའི་བཀོད་སྒྲིག་ལ་འགལ་འཛོལ་མེད་པས། ཡོང་འབབ་ལྷག་མ་འཚོལ་བར་ཡང་སྟབས་བདེ་ཆེན་པོ་འདུག་ཅེས་རྟ་མགྲིན་ཚེ་རིང་གིས་མཚམས་སྦྱོར་བྱས།
ཀུང་སིའི་ཐོན་རྫས་འགྲེམ་སྟོན་ཁང་ནང་གི་ཆང་འཚག་དུས་ཀྱི་དཔེ་དབྱིབས།
          ད་དུང་། ཀུང་སིས་ལོ་རེའི་ཡོང་འབབ་ལ་གཞིགས་ཏེ་སྡེ་བར་དངུལ་བགོ་ཡང་བྱེད་བཞིན་ཡོད་པ་བཅས་ནས་དབུལ་ཐར་ཕྱུག་འགྱུར་འབྱུང་བ་ལ་ནས་ཆང་བཙགས་པའི་ལག་རྩལ་འདི་རྨང་གཞི་བྱས་ཏེ་བཙུགས་པའི་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་ནི་ལག་རོགས་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ཡོད།
ཐུམ་བརྒྱབ་པའི་ཤུག་རིའི་ནས་ཆང་།
རྫོང་གི་འགོ་ཁྲིད་ཚོས་ཤུག་རིའི་ནས་ཆང་གི་ལས་རིམ་དཔེ་དབྱིབས་ལ་གཟིགས་ཞིབ་གནང་བཞིན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1