༄༅།།ལེགས་སྦྱར་བརྡ་གཞུང་གི་བདག་གཞན་དོན་ཚིག་ཅན་དང་བོད་སྐད་བརྡ་གཞུང་གི་དངོས་པོ་བདག་གཞན་དང་བྱ་བྱེད་ཐ་དད་མིན་གྱི་སྐོར་རགས་ཙམ་གླེང་བ།

སྤེན་པ་རྒྱ་མཚོ། སྤེན་པ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 04-21



སྤེན་པ་རྒྱ་མཚོ། སྤེན་པ་ཚེ་རིང་།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་སཾ་བོད་བརྡ་གཞུང་གཉིས་པོའི་ནང་བྱ་ཚིག་གི་རྣམ་གཞག་སྟོན་པའི་སྐབས་སུ་བདག་གཞན་གཉིས་སུ་དབྱེ་ཚུལ་དང་། བདག་གཞན་དབྱེ་བས་ཁྱབ་མིན་སོགས་གཞུང་ལུགས་གཉིས་ཀྱི་སྒྲིག་གཞིའི་ཐད་ནས་སྤྱིར་འདྲ་ཚུལ་དང་། ལེགས་སྦྱར་བརྡ་སྤྲོད་གཞུང་གི་བདག་གཞན་དོན་ཚིག་ཅན་གཉིས་པོའི་མཚན་ཉིད་རགས་བཤད་དང་། དཔེར་བརྗོད་མདོར་བསྡུས། ཁྱད་པར་བདག་གཞན་དོན་ཚིག་ཅན་དང་བོད་ཀྱི་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་དང་། བྱ་བྱེད་ཐ་དད་མིན་སོགས་ཕན་ཚུན་དཔྱད་བསྡུར་གྱིས་སི་བོད་བརྡ་གཞུང་གཉིས་པོའི་ནང་དེ་འབྲེལ་གྱི་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་ཡོད་རགས་ཙམ་བརྗོད་ཡོད།
[གནད་ཚིག] སཾ་བརྡ་གཞུང་། བདག་གཞན་དོན་ཚིག་ཅན། དངོས་པོ་བདག་གཞན། བྱ་བྱེད་ཐ་དད་མིན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214[ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-946X(2019)04-062-12
          དེ་ཡང། 《ལེགས་སྦྱར་བརྡ་སྤྲོད་གཞུང་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྐོར་གླེང་བ་》ཞེས་པ་ལས། “སཾ་བོད་ཡི་གེ་གཉིས་ཀྱི་བརྡ་སྤྲོད་གཞུང་ལུགས་སུ་བྱ་ཚིག་གི་རྣམ་གཞག་གསུངས་པའི་སྐབས་ཡི་གེ་དེ་གཉིས་ཀྱི་སྐད་གཤིས་མི་འདྲ་བའི་དབང་གིས་བྱ་ཚིག་དོན་ལ་འཇུག་པའི་ཐད་ཁྱད་པར་ཡོད་ནའང་བདག་གཞན་གཉིས་སུ་དབྱེ་ཚུལ་དང་། བདག་གཞན་དབྱེ་བས་ཁྱབ་མིན། དུས་གསུམ་དབྱེ་བས་བྱ་ཚིག་ཀུན་ལ་ཁྱབ་ཚུལ་བཅས་གཞུང་ལུགས་སྒྲིག་གཞིའི་ཐད་ནས་འདྲ་བ་ཡིན་”①ཞེས་བསྟན་པ་ལྟར། གཤམ་དུ་ལེགས་སྦྱར་བརྡ་སྤྲོད་གཞུང་གི་བདག་གཞན་དོན་ཚིག་ཅན་དང་བོད་སྐད་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་དང་། བྱ་བྱེད་ཐ་དད་མིན་སོགས་ཀྱི་སྐོར་ལ་དབྱེ་ཞིབ་རགས་ཙམ་ཞིག་བྱའོ།ཛ
          དང་པོ།  ལེགས་སྦྱར་བརྡ་སྤྲོད་གཞུང་གི་བདག་གཞན་དོན་ཚིག་ཅན།
          གཅིག བདག་དོན་ཚིག་ཅན་དང་གཞན་དོན་ཚིག་ཅན་གྱི་མཚན་ཉིད།
          བློ་བརྟན་བཞི་པའི་《བརྡ་སྤྲོད་པའི་བསྟན་བཅོས་ཀ་ལཱ་པའི་འགྲེལ་བཤད་ཆེན་མོ་》ཡི་ལེའུ་དང་པོ་ལས། “བཀྲ་ཤིས་པ་ནི། པ་ར་སྨེེའི་ཚིག་རྣམས་སོ། །དགུ་ཚན་གཉིས་རེ་ཡོད་པའི་དགུ་ཚན་སྔ་མ་རྣམས་པ་ར་སྨེེའི་མིང་ཅན་དུ་འགྱུར་རོ། །དགུ་ཚན་ཕྱི་མ་རྣམས་ཨཱཏྨ་ནེའི་མིང་ཅན་གྱི་ཚིག་ཏུ་འགྱུར་རོ་”②ཞེས་བསྟན་པ་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་《སྒྲའི་བསྟན་བཅོས་ཀ་ལཱ་པའི་རྣམ་པར་བཤད་པ་》ཞེས་པའི་ཀུན་བཤད་ཀྱི་སྐབས་དང་ཇོ་ནང་ཏཱ་ར་ནཱ་ཐའི་《དབྱངས་ཅན་བརྡ་སྤྲོད་ཀྱི་འགྲེལ་པ་མཆོག་ཏུ་གསལ་བ》རུ། “དགུ་ཚན་སྔ་མ་རྣམས་ཀྱི་མིང་ནི། པ་ར་སྨེེའི་ཚིག་རྣམས་ཞེས་རྟགས་(བཏགས་)ཏེ། དགོས་པ་ནི་འཆད་འགྱུར་གྱི་པ་ར་སྨེེའི་ཞེས་པའི་སྐབས་སུ་དྲན་པར་བྱ་བའི་ཆེད་དུའོ། ......དགུ་ཚན་ཕྱི་མ་རྣམས་ཀྱི་མིང་ནི། ཨཱ་ཏྨ་ནེའི་ཚིག་རྣམས་ཞེས་རྟགས་(བཏགས་)ཏེ། དགོས་པ་ནི་འཆད་འགྱུར་གྱི་ཨཱ་ཏྨ་ནེའི་ཞེས་པའི་སྐབས་སུ་དྲན་པར་བྱ་བའི་ཆེད་དུའོ་”③ཞེས་ལེགས་སྦྱར་གྱི་བརྡ་སྤྲོད་པའི་ཀུན་བཤད་སྐབས་ཀྱི་རྣམ་དབྱེ་སྡེ་ཚན་བཅུ་པོ་སོ་སོའི་དགུ་ཚན་སྔ་མ་པ་ར་སྨེེའི་ཞེས་པ་དེ་བོད་སྐད་དུ་གཞན་དོན་ཞེས་དང་། དགུ་ཚན་ཕྱི་མར་ཨཱཏྨ་ནེའི་ཞེས་པ་དེ་བོད་སྐད་དུ་བདག་དོན་ཞེས་བསྒྱུར་མཛད་པ་ནི་འཆད་འགྱུར་སྐབས་དགུ་ཚན་སྔ་ཕྱི་གཉིས་པོ་གང་ཡིན་གྱི་དོན་གོ་ཆེད་ཙམ་དུ་བརྡ་བཏགས་པའམ་མིང་དུ་བཏགས་པ་ཙམ་ལས། དོན་ལ་གཞན་དང་བདག་ཅེས་པའི་གོ་དོན་འགྲེལ་དུ་མེད་པ་ལྟ་བུར་བསྟན་ཡོད། ས་བཟང་གི་ཀ་ལཱ་པའི་འགྲེལ་པ་རུ། “ཀུན་བཤད་གཉིས་པར། བྱེད་པ་པོ་ལ་པ་ར་སྨེེའི་ཚིག་རྣམས་སོ། ......དངོས་པོ་དང་ལས་ལ་ཨཱཏྨ་ནེའི་ཚིག་རྣམས་སོ་”④ཞེས་གསལ་བ་ལྟར། སྐབས་དེ་ཙམ་ནས་བཟུང་ད་གཟོད་སྒྲ་འགྲེལ་མཇལ་དུ་ཡོད་ལ། སྒྲ་འགྲེལ་མང་པོའི་དཔེར་བརྗོད་མང་ཆེ་བར་ཡང་། ཏི་སོགས་དགུ་ཚན་སྔ་མ་རྣམས་ལ་དཔེར་ན། པ་ཙ་ཏི། འཚེད་པར་བྱེད་ལྟ་བུ་བྱེད་ཚིག་དང་། དགུ་ཚན་ཕྱི་མ་རྣམས་ལ་དཔེར་ན། པ་ཙ་ཏེ། འཚེད་པར་བྱ་ཞེས་བྱ་ཚིག་ཏུ་བཀོད་པར་སྣང་། ཡང་རྩ་བར། “ཉིཏྲ་དང་སྭ་རིཏྲ་འགྲོ་བ་ལས་གཉིས་ཀའོ་”⑤ཞེས་བསྟན་པའི་གཉིས་ཀའི་ཚིག་ཅན་འདི་ཉིད་ལ་དགེ་རྩའི་འགྲེལ་པ་རུ།  “བདག་དོན་དང་གཞན་དོན་གྱི་ཚིག་གཉིས་ཀ་འགྱུར་རོ། །དཔེར་ན། དེའི་དོན་ལ། ས་པ་ཙ་ཏི། དེ་འཚེད་དོ། །བདག་དོན་ལ། པ་ཙ་ཏེ། འཚེད་པར་བྱ། གཞན་དོན་ལ། པ་ཙ་ཏི། འཚེད་པར་བྱེད་”⑥ཅེས་དང་། ཡང་རྩ་བར། “གཞན་ལས་གཞན་ནོ་”⑦ཞེས་པ་འདི་ལ་ཡང་དགེ་རྩའི་འགྲེལ་པ་རུ།“ཨ་ནུ་དཱཏྟ་དང་ང་ཡི་ཉ་ཡིག་དག་དབྱི་བ་དང་། སྭ་རིཏྲ་ཏེ་སྡེ་ཚན་བཞི་པོ་དེ་ལས། གཞན་པའི་བྱིངས་རྣམས་ནི་གཞན་དོན་གྱི་ཚིག་ཅན་གོ་”⑧ཞེས་དང་། འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར་གནང་བའི་《བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་》ཞེས་པའི་ནང་དུ། “བྱིངས་གང་ལའང་ཨ་ནུ་དཱཏྟ་སྟེ་དབྱངས་སྐད་གདངས་དམའ་བར་འགྲོ་བ་རྣམས་དང་ངྲ་འགྲོ་བ་རྣམས་ནི་ཨཱཏྲ་ཅེས་པ་ཨཱཏྨ་ནེ་པ་ད་སྟེ་བདག་དོན་གྱི་བྱིངས་ཞེས་ཟེར་རོ། །བྱིངས་གང་ལའང་ཉྲ་འགྲོ་བ་དང་སྭ་རི་ཏ་སྟེ་སྒྲ་སྐད་གདངས་འབྲིང་པོར་འདོན་པ་འགྲོ་བ་རྣམས་ནི་བདག་དོན་དང་གཞན་དོན་གཉིས་ཀའི་ཚིག་ཅན་གྱི་བྱིངས་ཞེས་ཟེར་ལ། གཞན་ཡང་བྱིངས་གང་ལའང་བདག་དོན་དང་འབྲེལ་བའི་སྒྲུབ་འབྲས་སྟོན་པ་བདག་དོན་གྱི་ཚིག་ཅན་དང་། གཞན་གྱི་དོན་དང་འབྲེལ་བའི་སྒྲུབ་འབྲས་སྟོན་པ་གཞན་དོན་གྱི་ཚིག་ཅན་དང་། དེ་དང་དེའི་དོན་གྱི་བྱེད་པའི་ཚིག་འཇུག་པ་ནི་དེ་དང་དེའི་ཚིག་ཅན་ཞེས་བྱའོ། །གོང་དུ་བརྗོད་པའི་བདག་དོན་དང་གཉིས་ཀའི་དོན་ཅན་གྱི་མཚན་ཉིད་ཚང་བ་དེ་ལས་གཞན་པའི་བྱིངས་རྣམས་ནི་གཞན་དོན་ཚིག་ཅན་གྱི་བྱིངས་ཞེས་བྱའོ་”⑨ཞེས་སོགས་གསུངས་པ་ལྟར་ན། ལེགས་སྦྱར་གྱི་སྒྲ་རིག་པའི་བདག་དོན་དང་གཞན་དོན་ཞེས་པ་ནི་བྱིངས་ཀྱི་རྗེས་འབྲེལ་དང་སྒྲ་གདངས་མཐོ་དམའ་སོགས་ལ་བལྟོས་ཏེ་བཏགས་པ་ཞིག་ཡིན་པར་སེམས།
          གཉིས།  བདག་དོན་ཚིག་ཅན་དང་གཞན་དོན་ཚིག་ཅན་དཔེར་བརྗོད་དང་འབྲེལ་ནས་བཤད་པ།
          ༡ སྤྱིར་བཤད་པ། ཨཱཏྨནེཔད་ཅེས་པ་ནི་བདག་དོན་གྱི་ཚིག་ཅན་ཟེར་བ་དང་། 《ཙནྡྲ་པ་》རུ། ཏངྲ་ཞེས་བརྗོད་ལ། དེར་བདག་དོན་གྱི་རྐྱེན་དགུ་བཅུ་ཐམ་པ་བཀོད་ཡོད། པརསྨེེཔད་ཅེས་པ་ནི་གཞན་དོན་གྱི་ཚིག་ཅན་ཟེར་བ་དང་།《ཙནྡྲ་པ་》རུ། ཨཏངྲཞེས་བརྗོད་ལ། དེར་གཞན་དོན་གྱི་རྐྱེན་དགུ་བཅུ་ཐམ་པ་བཀོད་ཡོད། དེ་ཡང་བྱིངས་ཐམས་ཅད་པ་བཞི་དང་བྱིངས་ཕྱེད་པ་དྲུག་བཅས་ཁྱོན་ལེ་ཚན་བཅུ་རེ་རེ་ལ་བདག་དོན་གྱི་རྐྱེན་དགུ་དང་གཞན་དོན་གྱི་རྐྱེན་དགུ་རེ་ཡོད་པས། བདག་དོན་ལ་ཁྱོན་རྐྱེན་དགུ་བཅུ་ཐམ་པ་དང་གཞན་དོན་ལ་ཁྱོན་རྐྱེན་དགུ་བཅུ་ཐམ་པ་བཅས་བསྡོམས་པས་རྐྱེན་བརྒྱ་དང་བརྒྱད་ཅུ་ཐམ་པ་ཡོད། 《ཀ་ལཱ་པ་》ལས་ཀྱང་། “འཆད་པར་འགྱུར་བའི་ཝརྟ་མཱ་ནཱ་ལ་སོགས་པ་རྣམ་དབྱེ་སྡེ་ཚན་བཅུ་པོ་རེ་རེ་ལ་ཡང་དགུ་ཚན་གཉིས་གཉིས་སུ་ཕྱེ་བས་བརྒྱ་དང་བརྒྱད་ཅུར་གནས་པ་ལ་”⑩ཞེས་སོགས་གསུངས་པ་ལྟར། མདོར་ན། རྐྱེན་དེ་རྣམས་ནི་བྱིངས་ནས་ཚིག་ཏུ་སྒྲུབ་པའི་ཀུན་བཤད་ཀྱི་རྐྱེན་རྣམས་སོ། ཏིཔྲ་ལ་སོགས་པའི་བྱིངས་ཐམས་ཅད་པ་བཞི་ལས་དང་པོ་ལ་《ཀ་ལཱ་པ་》རུ། ཝརྟ་མཱ་ནཱ་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལཊྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་ད་ལྟ་བའི་རྐྱེན་ཞེས་བརྗོད། གཉིས་པ་ལ་《ཀ་ལཱ་པ་》རུ། སཔྟ་མཱི་ཞེས་བརྗོད་པ་དང་།《ཙནྡྲ་པ་》 དང་《པཱ་ཎི་པ་》 རུ་ལིངྲ་ཞེས་བརྗོད་པ།《དབྱངས་ཅན་མ་》རུ་ཆོ་ག་དང་སྲིད་པའི་རྐྱེན་ཞེས་བརྗོད། གསུམ་པ་ལ་《ཀ་ལཱ་པ་》རུ། པཉྩ་མཱི་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལོཊྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་སྨོན་བསྐུལ་གྱི་རྐྱེན་ཞེས་བརྗོད། བཞི་པ་ལ་《ཀ་ལཱ་པ་》རུ། ཧྱསྟ་ནཱི་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལངྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་དེ་རིང་མ་ཡིན་པའི་འདས་པའི་རྐྱེན་ཞེས་བརྗོད། ཎཔྲ་ལ་སོགས་པའི་བྱིངས་ཕྱེད་པ་དྲུག་ལས་དང་པོ་ལ་《ཀ་ལཱ་པ་》རུ། པརོཉཀྵཱ་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལིཊྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་ལྐོག་འགྱུར་གྱི་རྐྱེན་ཞེས་བརྗོད། གཉིས་པ་ལ་《ཀ་ལཱ་པ་》རུ། ཨཱ་ཤཱིཧ་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལིངྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་སྨོན་པའི་རྐྱེན་ཞེས་བརྗོད། གསུམ་པ་ལ་《ཀ་ལཱ་པ་》རུ། ཤྭསྟནཱི་ཞེས་བརྗོད་པ་དང་།《ཙནྡྲ་པ་》 དང་《པཱ་ཎི་པ་》 རུ་ལུཊྲ་ཞེས་བརྗོད་པ།《དབྱངས་ཅན་མ་》རུ་སང་གི་རྐྱེན་ཞེས་བརྗོད། བཞི་པ་ལ་《ཀ་ལཱ་པ》རུ། བྷ་ཝི་ཥྱནྟཱི་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང《པཱ་ཎི་པ་》རུ་ལྲྀཊྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་འབྱུང་འགྱུར་གྱི་རྐྱེན་ཞེས་བརྗོད། ལྔ་པ་ལ་《ཀ་ལཱ་པ་》རུ། ཀྲི་ཡཱ་ཏི་པཏྟི་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལྲྀངྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་བྱ་བ་ཤོར་བའི་རྐྱེན་ཞེས་བརྗོད། དྲུག་པ་ལ་《ཀ་ལཱ་པ་》རུ། ཨངྱཏནཱི་ཞེས་བརྗོད་པ་དང་། 《ཙནྡྲ་པ་》དང་《པཱ་ཎི་པ་》རུ་ལུངྲ་ཞེས་བརྗོད་པ། 《དབྱངས་ཅན་མ་》རུ་བྱུང་ཟིན་གྱི་རྐྱེན་ཞེས་བརྗོད་ཡོད།
          《དབྱངས་ཅན་མའི་སྒྲ་མདོའི་རྣམ་བཤད་སློབ་མ་ལ་ཕན་པ་རྟོགས་དཀའི་མུན་པ་སེལ་བའི་འོད་ཟེར་བརྒྱ་པ་》ཞེས་པ་ལས།  “བདག་གི་དོན་དང་འབྲེལ་བའི་ཚིག་འབྱུང་བ་དེ་ལ་བདག་དོན་གྱི་ཚིག་དང་གཞན་དོན་དང་འབྲེལ་བའི་སྒྲ་ལ་གཞན་དོན་གྱི་ཚིག་འཇུག་གོ་”⑾ཞེས་བསྟན་ཡོད། དེ་ཡང་།བདག་གཞན་དོན་གྱི་རྐྱེན་དེ་རྣམས་སྐྱེས་བུ་དང་པོ་དང་། དབུས་མ། ཕྱི་མ་གསུམ་མམ་ཡང་ན། སྐྱེས་བུ་དང་པོ། སྐྱེས་བུ་གཉིས་པ། སྐྱེས་བུ་གསུམ་པ་ལ་འཇུག་པར་བྱ་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་《དབྱངས་ཅན་བརྡ་སྤྲོད་ཀྱི་འགྲེལ་པ་མཆོག་ཏུ་གསལ་བ》ལས། “མིང་ཅན་ལ་སྐྱེས་བུ་དང་པོ་དང་། ཡུཥྨདྲ་ཅན་ལ་སྐྱེས་བུ་བར་པ། ཨསྨདྲ་ཅན་ལ་སྐྱེས་བུ་ཕྱི་མའོ་”⑿ཞེས་བསྟན་ཞིང་། དེའི་ནང་བསྟན་པའི་མིང་ཅན་ཞེས་པ་ནི་ཁོང་དང་དོན་འདྲ་བར་སེམས་པས། དེས་ན་སྐྱེས་བུ་དང་པོ་ནི་ཁོང་དང་། དབུས་མ་ནི་ཁྱོད། ཕྱི་མ་ནི་བདག་བཅས་ཡིན་པ་དང་། ཡང་《ལེགས་སྦྱར་བརྡ་སྤྲོད་འཇུག་སྒོ་》སོགས་སུ། “སྐྱེས་བུ་དང་པོ་ནི་བདག་དང་། སྐྱེས་བུ་གཉིས་པ་ནི་ཁྱོད། སྐྱེས་བུ་གསུམ་པ་ནི་ཁོང་ངམ་དེ་”⒀ཞེས་སོགས་བསྟན་པ་ལྟར་ཡིན། གང་ལྟར་འདོད་ཚུལ་མི་འདྲ་བ་ཡོད་ནའང་། དེང་རབས་སྐད་བརྡའི་གཞུང་ལུགས་ཀྱི་འཇོག་སྟངས་ལྟར་ན། སྐྱེས་བུ་དང་པོ། བདག(第一人称) སྐྱེས་བུ་བར་པ། ཁྱོད།(第二人称) སྐྱེས་བུ་གསུམ་པ། ཁོང་(第三人称)ལྟ་བུ་དང་། སྒྲ་གཞུང་ཁག་ཏུ་སྐྱེས་བུ་དང་པོ་དེའམ་ཁོང་། སྐྱེས་བུ་བར་པ་ཁྱོད། སྐྱེས་བུ་མཐའ་མ་བདག་ཅེས་འཇོག་སྟངས་སྤྱིར་གཅིག་མཐུན་ཡིན། གཞན་ཡང་བློ་བརྟན་བཞི་པའི་《བརྡ་སྤྲོད་པའི་བསྟན་བཅོས་ཀ་ལཱ་པའི་འགྲེལ་བཤད་ཆེན་མོ་》ཡི་ལེའུ་དང་པོར། “དང་པོ་དབུས་མའི་ཕྱི་མའི་མིང་རྣམས་གང་དུ་དགོས་ཞེ་ན། མིང་ལ་རབ་ཏུ་སྦྱོར་བ་ལ་དང་པོའོ། །ཁྱེད་ལ་དབུས་མའོ། །ངེད་ལ་ཕྱི་མའོ་”⒁ཞེས་ལེགས་སྦྱར་སྒྲ་རིག་པའི་དང་པོ་དབུས་མ་ཕྱི་མ་རྣམས་སོ་ཞེས་པ་ལས་འཕྲོས་དོན་ནི། ཅིག་ཅར་བརྗོད་པ་ལ་སྐྱེས་བུ་ཕྱི་མའོ་ཞེས་ཏེ། དཔེར་བརྗོད་དུ། སཙཏྭཾཙཨཧཾཔཙཿ དེ་དག་ཁྱེད་དང་ངེད་དང་འཚེད་བྱེད་རྣམས་(སྐྱེས་བུ་ཕྱི་མའི་མང་ཚིག་སྦྱར་བ་ལྟ་བུ་ཡང་ཡོད་)ཞེས་པ་ལྟར་དང་། ས་སྐྱ་པཎྜི་ཏས་《མཁས་འཇུག་》ཏུ། “ཁམས་སྒྲུབ་པ་ལ་ནི་ཏི་ངན་ཏ། དེ་ལ་སྐྱེས་བུ་རྣམ་པ་གསུམ། ཁམས་སྒྲུབ་པའི་སྒྲའི་རྐྱེན་ནི་ཏི་ངན་ཏ་ཡིན་ལ་དེ་ལ་སྐྱེས་བུ་གསུམ་སྟེ། སྐྱེས་བུ་དང་པོ་ནི་ལྷས་བྱིན་ལ་སོགས་པའོ། །སྐྱེས་བུ་བར་པ་ནི་ཁྱོད་ལ་སོགས་པའོ། །སྐྱེས་བུ་མཆོག་ནིབདག་ལ་སོགས་པའི་སྒྲའོ་”⒂ཞེས་གསུངས་པ་དང་། དེ་བཞིན་སློབ་ཕན་གྱིས། “བྱིངས་ཀྱི་དོན་གཅིག་ལ་གང་གི་ཚེ་མིང་ཉེ་བར་འགྱུར་པ་དང་ཡུཥྨདྲ་ཨསྨ་དྲ་དག་ཀྱང་ཡིན་པ་དེའི་ཚེ། དང་པོ། དབུས་མ། ཕྱི་མ་རྣམས་ངེས་པ་མེད་པར་ཐོབ་པར་འགྱུར་རོ། །ཞེས་ལུང་འདྲེན་ཡང་མཛད་ཡོད་ལ། མིང་ལ་རབ་ཏུ་སྦྱོར་བ་ལའང་དང་པོ་ཞེས་ཏེ། ལེགས་སྦྱར་གྱི་རྟགས་རྣམ་དབྱེ་མཐའ་ཅན་གྱི་མིང་ལ་རབ་ཏུ་སྦྱོར་བའི་བྱིངས་ལ། ཕ་རོལ་དུ་པརསྨེ་དང་ཨཱཏྨ་ནེ་རྣམས་ཀྱི་སྐྱེས་བུ་དང་པོ་གསུམ་གང་རུང་སྟེར་རོ། །འང་གི་སྒྲས་མིང་ལ་མི་སྦྱོར་གྱི་རྐྱང་པ་ལའང་སྐྱེས་བུ་དང་པོ་སྟེར་བར་བསྟན་ནོ་”⒃ཞེས་ལུང་ངག་དང་བཅས་གསུངས་ལ། དེ་མིན་ངེད་ཀྱི་མིང་དང་མ་འབྲེལ་བའི་དངོས་པོའི་བྱེད་པ་པོ་རྐྱང་པའི་བྱིངས་ལ་སྦྱོར་བ་ལའང་། སྐྱེས་བུ་ཕྱི་མ་སྟེར་ཏེ། དཔེར་ན། པཙཱམི། འཚེད་པ། པཙཱཿ འཚེད་པ་དག པཙཱཿ འཚེད་པ་རྣམས་ལྟ་བུའོ་ཞེས་གསལ་བས། དེས་ན་སྐྱེས་བུ་དང་པོ་དང་ཕྱི་མ་དབུས་མ་གསུམ་ཡང་སྐབས་དོན་ལ་བལྟོས་ཏེ་སྦྱོར་དགོས་པ་ལས་གང་ཟག་ཁོ་ནར་སྦྱར་བ་མ་ངེས་སོ།
          གཤམ་དུ་དུས་སོ་སོའི་བདག་གཞན་དོན་གྱི་རྐྱེན་བརྒྱ་དང་བརྒྱད་ཅུ་རྣམས་རེའུ་མིག་ཏུ་ཞིབ་པར་དགོད་པར་བྱ།

          ༢ བདག་དོན་གྱི་ཚིག་ཅན་སྐོར། དུས་ད་ལྟ་བའི་སྐབས་དཔེར་ན།  དྷརྨཱདེདྷཏེཉདོརཱཛྱཾ( དབྱངས་)  ( Dharmadedhateadorajyam)སྟེ། རྒྱལ་སྲིད་འདི་ཆོས་ལས་འཕེལ་ལོ་ཞེས་པ་ལྟ་བུར་མཚོན་ན། ཨེདྷ་འཕེལ་བའི་བྱིངས་ལ་དུས་ད་ལྟ་བའི་བདག་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཏེ་སྦྱར་རྗེས། ཨེདྷཏེ། འཕེལ་བར་བྱེད་པའམ་འཕེལ་ལོ་ཞེས་དང་། དྷརྨ་ཆོས་ལ་རྣམ་དབྱེ་ལྔ་པའི་གཅིག་ཚིག་གི་རྐྱེན་ངསི་སྟེར་རྗེས། དྷརྨཱདྲ། ཆོས་ལས་ཞེས་དང་། ཨདོ་ནི་འདི། རཱཛྱཾནི་རྒྱལ་སྲིད་ཅེས་པའི་དོན་ཡིན།  ཆོ ག་དང་སྲིད་པའི་སྐབས་དཔེར་ན།ངྷརྨྨཏཿསཱདྷུརེདྷིཏ་ ( དབྱངས་ )  ( Dhammatahsadhuredheta) སྟེ།  ཆོས་ལས་ལེགས་པར་འཕེལ་ཞེས་པ་ལྟ་བུར་མཚོན་ན། ཨེདྷ་འཕེལ་བའི་བྱིངས་ལ་ཆོ་ག་དང་སྲིད་པའི་བདག་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཨཱིཏ་སྦྱར་ནས་བར་དུ་ཨཔྲ་སྦྱིན་རྗེས། ཨེདྷིཏ། འཕེལ། དྷརྨྨ་ནི་ཆོས་དང་། ཏཿནི་དེ་ཕན་གྱི་རྐྱེན་རྣམ་དབྱེ་ལྔ་པའི་དོན་སྟོན་མཁན་དང་། སཱདྷུརྲནི་ལེགས་པའི་དོན་ཡིན། བདག་དོན་ཁོ་ནའི་ཚིག་ཅན་གྱི་བྱིངས། ཨེདྷ། འཕེལ་བ། ཨཱིཀྵ།  ལྟ་བ་དང་མཚོན་པ། ཤཱིངྲ། ཉལ་བ། ཨོཧཱངྲ་།  འགྲོ་བ་སོགས”ངོ་།
          ༣ གཞན་དོན་གྱི་ཚིག་ཅན་སྐོར། དུས་ད་ལྟ་བའི་སྐབས་དཔེར་ན།  སརཱཛཱདྷཱརྨི་ཀོ་བྷཝཏི་ ( དབྱངས་)(Sarajadharimikobhavati )སྟེ། རྒྱལ་པོ་དེ་ཆོས་ལྡན་ཡིན་ནོ་ཞེས་པ་ལྟ་བུར་མཚོན་ན། བྷཱུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ་དུས་ད་ལྟ་བའི་གཞན་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཏིཔྲ་དང་བར་དུཨཔྲ་སྦྱར་རྗེས། བྷཝཏི། ཡིན་ལ་སོགས་པའི་བྱ་ཚིག་ཅིག་སྟོན་པར་བྱེད། སརཱཛཱ་ནི་རྒྱལ་པོ་དེ་ཞེས་དང་། དྷཱརྨིཀོ། ཆོས་ལྡན་ཞེས་པའི་དོན་ཡིན། ཆོ་གའི་སྐབས་དཔེར་ན། ཤིཥྱགུརུཤུཤྲཱུཧཀོབྷཝེཏྲ་(དབྱངས་)  (si s yaguru s usyu s akobhavet)སྟེ། སློབ་མས་བླ་མ་བསྟེན་པར་བྱ་ཞེས་པ་ལྟ་བུར་མཚོན་ན། བྷཱུ་ཡོད་པའོ་ལའོ་ཞེས་པའི་བྱིངས་ལ་ཆོ་ག་དང་སྲིད་པའི་གཞན་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཡཱཏྲ་སྦྱར་ནས་བར་དུ་ཨཔྲ་སྦྱིན་རྗེས། བྷཝེཏྲ། བྱ་ལ་སོགས་པའི་བྱ་ཚིག་ཅིག་སྟོན་པར་བྱེད། ཤིཥྱཱ་ནི་སློབ་མས་ཞེས་དང་། གུརུ་ནི་བླ་མ། ཤུཤྲཱུཧཀོ་ནི་བསྟེན་པའི་དོན་ཡིན། གཞན་དོན་ཁོ་ནའི་ཚིག་ཅན་གྱི་བྱིངས། ཨད། ཟ་བ། ནས་སྣུངྲ་། དག་བྱེད་ལྟ་བུ་དང་། བར་གྱི་བྱིངས་ཚོགས་གཉིས་པ་ལ་ཁྱོན་བྱིངས་༦༦ཡོད་པ་དེ་རྣམས། ཧུ། སྦྱིན་པ་དང་ལེན་པ། དིབུ། རྩེ་བ་སོགས་ཤིན་ཏུ་མང་ངོ་།
          ལེགས་སྦྱར་གྱི་བརྡ་གཞུང་དུ་བདག་དོན་གྱི་ཚིག་ཅན་ནི་སྤྱིར་དངོས་པོ་དང་ལས་ཀྱི་བྱ་བའི་དོན་ལ་སྦྱོར་བ་ཤས་ཆེ་བ་དང་། གཞན་དོན་གྱི་ཚིག་ཅན་ནི་སྤྱིར་བྱེད་པ་པོའི་དོན་ལ་སྦྱོར་བ་ཤས་ཆེ་བ་སྟེ། དེའང་《དབྱངས་ཅན་སྒྲ་མདོ་》ལས།“ཚིག་གཉིས་པོ་དེ་བདག་དོན་ཚིག་ཅན་དང་གཞན་དོན་ཚིག་ཅན་ལ་གོ བྱེད་དངོས་ལས་གསུམ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི། བྱེད་པ་པོའི་དོན་ལ་ཕལ་ཆེར་པ་ར་སྨེེའི་གཞན་དོན་ཚིག་ཅན་ལ་གོ རྐྱེན་རྣམས་ཐོབ་པ་ཤས་ཆེ་ཞིང་། བྱེད་པོའི་རྐྱེན་དེ་ལ་ཡང་དངོས་པོ་ལས་ཀྱི་བྱ་བའི་དོན་ལ་ནི་ཨཱཏྨ་ནི་བདག་དོན་ཚིག་ཅན་ལ་གོ འཇུག་པ་ཡོད་པ་སྤྱིར་བཏང་བའོ་”⒄ཞེས་བསྟན་པས། གོང་གསལ་གྱི་བདག་དོན་ཚིག་ཅན་གྱི་དུས་ད་ལྟ་དང་ཆོ་གའི་དཔེར་བརྗོད་གཉིས་པོའི་བྱིངས་ཨེདྷ་ལ་གཅིག་ནས་བདག་དོན་གྱི་རྐྱེན་སྦྱར་ཡོད་པ་དང་། གཉིས་ནས་བྱིངས་དེ་བྱ་ཚིག་ཏུ་སྒྲུབ་རྗེས་སྦྱར་སའི་ཡུལ་ནི་བྱ་བའི་ལས་རྒྱལ་སྲིད་དང་ལས་ག་གེ་མོ་ཞིག་ལ་སྦྱར་ཡོད། འོན་ཀྱང་གཞན་དོན་ཚིག་ཅན་གྱི་དུས་ད་ལྟ་བ་དང་ཆོ་གའི་དཔེར་བརྗོད་གཉིས་པོའི་བྱིངས་ཨེདྷ་ལ་གཅིག་ནས་གཞན་དོན་གྱི་རྐྱེན་སྦྱར་ཡོད་པ་དང་། གཉིས་ནས་བྱིངས་དེ་བྱ་ཚིག་ཏུ་སྒྲུབ་རྗེས་སྦྱར་སའི་ཡུལ་ནི་བྱེད་པ་པོ་རྒྱལ་པོ་དང་སློབ་མ་ལ་སྦྱར་ཡོད།
          ༤ བདག་གཞན་དོན་གཉིས་ཀའི་ཚིག་ཅན་སྐོར། དུས་ད་ལྟ་བའི་གཞན་དོན་ཚིག་ཅན་གྱི་སྐབས་སུ་དཔེར་ན། པཙཏི་སྟེ། ཁོང་འཚེད་པར་བྱེད་ལྟ་བུར་མཚོན་ན། ཌུཔཙཥྲ་འཚེད་པ་ལའོ་ཞེས་པའི་བྱིངས་དེའི་ཌུ་ཡིག་དང་ཥྲ་ཡིག་གཉིས་ནི་ཁྱབ་དོན་ཡིན་པས་དབྱི་བ་དང་། ཙའི་ཨ་ཡིག་དེ་ཡང་བདག་གཞན་དོན་གཉིས་ཀའི་ཚིག་ཅན་གྱི་དོན་ཡིན་པས་དབྱི་བ་ཡིན། པཙྲ་འཚེད་པ་ལའོ་ཞེས་པའི་བྱིངས་ལ་དུས་ད་ལྟ་བའི་གཞན་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཏིཔྲ་དང་བར་དུ་ཨཔྲ་སྦྱར་རྗེས། པཙཏི་སྟེ། ཁོང་འཚེད་པར་བྱེད་ཅེས་པའི་དོན་སྟོན་པའོ། དུས་ད་ལྟ་བའི་བདག་དོན་ཚིག་ཅན་གྱི་སྐབས་སུ་དཔེར་ན། པཙཏེ། ཁོང་འཚེད་པར་བྱ་ལྟ་བུ་ནི། པཙྲ་འཚེད་པ་ཞེས་པའི་བྱིངས་ལ་དུས་ད་ལྟ་བའི་བདག་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཏེ་དང་བར་དུ་ཨཔྲ་རྐྱེན་སྦྱར་རྗེས། པཙཏེ། ཁོང་འཚེད་པར་བྱ་ཞེས་པའི་དོན་སྟོན་པའོ། བདག་གཞན་དོན་གཉིས་ཀའི་ཚིག་ཅན་གྱི་བྱིངས་ལ། ཌུཔཙཥྲ། འཚེད་པ། ཨོཧཱཀྲ། གཏོང་བ། ཌུདཱཉྲ། སྦྱིན་པ། ཌུདྷཱཉྲ། འཛིན་པ་དང་རྒྱས་པ། ཥུཉྲ། འཁྲུད་པ། རཀྵུཏྭཀྵུ། ཕྲ་མོར་བྱེད། ཌུཀྲྀཉྲ། བྱེད་པ། ཏུདྲ། བསྣུན་པ། བྷཱུ་སོགས་ཧ་ཅང་མང་ངོ།
          གཉིས་པ། བོད་སྐད་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་དང་བྱ་བྱེད་ཐ་དད་མིན་སྐོར།
          གཅིག བོད་སྐད་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་གྱི་ངོས་འཛིན།
          དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་《དཀའ་གནད་གསལ་བའི་མེ་ལོང་》དུ་སྔོན་འཇུག་རྟགས་ཀྱི་དབྱེ་བའི་སྐབས་སུ། “ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཐོག་མར་འདི་ལྟར་ཤེས་དགོས་ཏེ། །ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང་། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་བྱ་ཡུལ་དང་། །བྱ་བ་གཉིས་པོ་དངོས་པོ་གཞན། །”⒅ཞེས་དང་། 《སི་ཏུའི་སུམ་རྟགས་འགྲེལ་ཆེན་》དུ། “ཐོག་མར་འདི་ཤེས་དགོས་ཏེ། ལས་གང་ཞིག་བྱེད་པ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ་”⒆ཞེས་བསྟན་པ་ལྟར། སྐབས་འདིར་བརྗོད་པར་བྱ་བའི་བདག་དང་གཞན་ཞེས་པ་ནི་ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་སྟེ། བྱ་བྱེད་ཐ་དད་པའི་སྐབས་སུ། བྱ་བ་གང་ཞིག་བྱེད་པའི་བྱེད་པ་པོ་དང་། དེའི་བྱེད་པ་གཉིས་པོ་ལ་དངོས་པོ་བདག་ཅེས་དང་། ལས་བྱའི་དངོས་པོའམ་ཡུལ་དང་། བྱ་བ་གཉིས་པོར་དངོས་པོ་གཞན་ཞེས་བརྗོད། ཡང་《སི་ཏུའི་སུམ་རྟགས་འགྲེལ་ཆེན་》དུ། “གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངསཨར་འདུ་ཞིང་། བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་”⒇ཞེས་བསྟན་པ་ལྟར། དངོས་པོ་བདག་གི་ཁོངས་སུ་བྱེད་པ་པོ་དང་། བྱེད་ལས། དུས་ད་ལྟ་བ་འདུ་བ་དང་། དངོས་པོ་གཞན་གྱི་ཁོངས་སུ་བྱ་བའི་ཡུལ། བྱ་ལས། དུས་མ་འོངས་པ་བཅས་འདུ་བ་ཡིན། དུས་འདས་པ་དང་སྐུལ་ཚིག་གཉིས་ནི་བདག་གཞན་གཉིས་དང་ཤེད་མི་མཚུངས་པས་དེ་གཉིས་ཀྱི་ཁོངས་སུ་མི་འདུ། གཞན་ཡང་། 《བརྡ་སྤྲོད་རྣམ་བཤད་》ཅེས་པའི་ནང་། “སྤྱིར་དངོས་པོ་བདག་གཞན་གཉིས་སུ་དབྱེ་བའི་བདག་གི་དངོས་པོ་རྣམས་དུས་གསུམ་གྱི་དབང་དུབསྡུ་ན་ད་ལྟ་དང་། བྱ་ལས་བྱེད་ལས་གཉིས་ཀྱི་དབང་དུབསྡུ་ན་ངོ་བོ་བྱེད་ལས་ཉིད་ལས་མ་འདས་པ་ཡིན་པས་བདག་གི་དངོས་པོ་རྣམས་གསལ་བྱེད་ཀྱང་དུས་གསུམ་ལས་ད་ལྟ་བའི་ཚིག་འཇུག་པ་ཉིད་རྒྱུ་མཚན་དང་བཅས་པ་དང་དངོས་པོ་གཞན་རྣམས་དུས་གསུམ་གྱི་དབང་དུ་བསྡུ་ན་མ་འོངས་པ་དང་། བྱ་ལས་བྱེད་ལས་གཉིས་ཀྱི་དབང་དུ་བྱས་ན་ངོ་བོ་བྱ་ལས་ཉིད་ཡིན་པས་དུས་གསུམ་ལས་མ་འོངས་པའི་ཚིག་གིས་གསལ་བར་བྱེད་པ་རྒྱུ་མཚན་དང་བཅས་པའོ་”(21)ཞེས་གསལ་འགྲེལ་བྱས་ཡོད།
          གཉིས། བོད་སྐད་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་གཉིས་དཔེར་བརྗོད་དང་འབྲེལ་ནས་བཤད་པ།
          བྱ་བྱེད་ཐ་དད་པའི་དཔེར་བརྗོད་ལ་བདག་གཞན་དབྱེ་རྒྱུ་ཡོད་དེ། དཔེར་ན། སྒྲོལ་མས་འཁྲུ་ཁང་དུ་སྟོད་གོས་བཀྲུས།  བཟང་པོས་ཞིང་ཁའི་ནང་དུ་ཙི་ཙི་བསད་ཅེས་པ་ལྟ་བུར་མཚོནན། སྒྲོལ་མ་དང་བཟང་པོ་གཉིས་ནི་བྱེད་པ་པོའམ་འཁྲུ་བ་པོ་དང་གསོད་པ་པོ་ཡིན་པ་དང་། ལག་པ་དང་རྒྱུགས་པ་གཉིས་ནི་བྱེད་པའམ་འཁྲུ་བྱེད་དང་གསོད་བྱེད་ཡིན་པས། དངོས་པོ་བདག་གི་ཁོངས་སུ་གཏོགས། སྟོད་གོས་དང་ཙི་ཙི་གཉིས་ནི་ལས་སམ་ཡུལ་གྱི་དངོས་པོའམ་བཀྲུ་བྱ་དང་གསད་བྱ་ཡིན་པ་དང་། བཀྲུ་བར་བྱ། གསད་པར་བལྟ་བུ་བྱ་བའམ་བྱ་ལས་ཏེ། བཀྲུས་ནས་དག་འགྲོ་བའི་ཚུལ་དང་བསད་ནས་ཤི་འགྲོ་བའི་ཚུལ་བཅས་ནི་དངོས་པོ་གཞན་གྱི་ཁོངས་སུ་གཏོགས་པའོ།
          གསུམ། བོད་སྐད་བརྡ་སྤྲོད་གཞུང་གི་བྱ་བྱེད་ཐ་དད་མིན་གྱི་ངོས་འཛིན།
          བྱ་བྱེད་ཐ་དད་མིན་ཞེས་པ་ནི་བྱ་ཚིག་གི་དབྱེ་བའམ་བྱ་ཚིག་གི་རིགས་མི་འདྲ་བ་གཉིས་ཡིན། དོན་ངོ་མར་དེ་ནི་བྱེད་པ་པོ་དང་ལས་གཉིས་ཐ་དད་དུ་དབྱེ་རྒྱུ་ཡོད་མེད་ཀྱི་སྟེང་ནས་བཤད་པ་ལས་བྱེད་པ་པོ་དང་བྱ་བའི་ཡུལ་དང་ཡང་ན་བ་བའི་ཚིག་གཉིས་ཐ་དད་དུ་དབྱེ་རྒྱུ་ཡོད་མེད་ཀྱི་སྟེང་ནས་འགྲེལ་ན་མི་འཐད། གལ་སྲིད་དེ་ལྟར་ན། བྱེད་པ་པོས་བྱ་བ་ག་གེ་མོ་ཞིག་བྱས་པའི་རྗེས་དངོས་ཤུགས་གང་རུང་ནས་བྱ་བའི་ཡུལ་དང་བྱ་བའི་ཚིག་ཅིག་བསྟན་རྒྱུ་ཡོད་པས། བྱ་ཚིག་ཐམས་ཅད་བྱ་བྱེད་ཐ་དད་པ་ཡིན་དགོས་པའི་སྐྱོན་ཐོན་ངེས། དཔེར་ན། ནོར་བུས་ནགས་ཚལ་དུ་ཤིང་བཅད་ཅེས་པ་ལྟ་བུ་ལ་མཚོན་ན། བྱེད་པ་པོ་ནོར་བུ་དང་ལས་ཤིང་གཉིས་ཐ་དད་དུ་དབྱེ་རྒྱུ་ཡོད་པའི་ཆ་ནས་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་ཞེས་པ་ལས། བྱེད་པ་པོ་ནོར་བུ་དང་བྱ་བའི་ཚིག་བཅད་དང་ཡང་ན་བྱ་བའི་ཡུལ་ནགས་ཚལ་གཉིས་ཐ་དད་དུ་དབྱེ་རྒྱུ་ཡོད་མེད་ཆ་ནས་བཏགས་པ་ཞིག་རྩ་བ་ནས་མིན་པ་ལྟ་བུ་དང་། ཡང་དཔེར་ན། གནམ་གྲུ་ནམ་མཁར་འཕུར་ལྟ་བུ་ལ་མཚོན་ན། བྱེད་པ་པོའམ་བྱེད་པ་གནམ་གྲུ་དང་བྱ་བའི་ཚིག་འཕུར་དང་བྱ་བའི་ཡུལ་ནམ་མཁའ་བཅས་ཧ་ཅང་གསལ་པོར་དབྱེ་བ་འབྱེད་རྒྱུ་ཡོད་པས། དེ་ཡང་བྱ་བྱེད་ཐ་དད་པའི་བྱ་ཚིག་ལ་ཁས་ལེན་བྱེད་དགོས་པའི་སྐྱོན་ཆེན་པོ་ཞིག་ཐོན་སྲིད་པ་ལྟ་བུའོ།
          བཞི། བོད་སྐད་བརྡ་སྤྲོད་གཞུང་གི་བྱ་བྱེད་ཐ་དད་མིན་དཔེར་བརྗོད་དང་འབྲེལ་ནས་བཤད་པ།
          སྤྱིར་བྱ་བྱེད་ཐ་དད་མིན་གྱི་དབྱེ་བ་ནི་ཐབས་ཤེས་ཁག་བཞི་ཙམ་གྱི་སྒོ་ནས་འབྱེད་ཐུབ་པ་ཡིན་ཏེ། སྲོལ་རྒྱུན་གྱི་དབྱེ་བ་འབྱེད་ཐབས་དང་། བྱེད་པ་པོར་བྱེད་སྒྲའི་ཕྲད་ཡོད་མེད། དངོས་པོ་བདག་གཞན་དབྱེ་རྒྱུ་ཡོད་མེད། དྲི་བ་འདོན་པ་བཅས་བཞི་ཡིན། སྐབས་འདིར་ཐབས་ཤེས་དེ་དག་ལས་དྲི་བ་འདོན་ཐབས་ཀྱི་ཐད་ནས་གླེང་ན་འདི་ལྟར།
          དེ་ཡང་སྐད་ཆའི་ནང་གི་བྱ་ཚིག་གཞིར་བཟུང་གིས་དེའི་སྟེང་ནས་ལས་ཚིག་གམ་བྱ་ཚིག་དེར་“གང་”དང་“སུས་”ཞེས་སྦྱར་ནས་དྲི་བ་དྲིས་ལན་ཚུལ་གྱིས་བྱ་བྱེད་ཐ་དད་མིན་བརྟག་ཐུབ་པ་ཡིན། དེའི་ནང་གི་“གང་”ནི་ལས་སྟོན་པ་དང་། “སུས་”ནི་བྱེད་པ་པོའམ་བྱེད་པ་སྟོན་པར་བྱེད།“གང་”དང་“སུས་”ཀྱི་ལན་གཉིས་ཀ་མི་འདྲ་བ་སྟོན་རྒྱུཡོད་ན། བྱ་བྱེད་ཐ་དད་པ་དང་། དེ་ལས་ལྡོག་ན་ཐ་མི་དད་པ་ཡིན། དཔེར་ན། ཨ་ཕོ་ཡིས་གཡག་ལ་ཁལ་བཀལ། གཡག་གིས་རྩྭ་བཟས། ཤན་པས་གཡག་བསད། གཡག་ཤ་ང་ཚོས་བཟས། ལྟ་བུ་ལ་མཚོན་ན། བྱ་ཚིག་བཀལ་དང་བཟས་དང་བསད་བཅས་ལ་“གང་”དང་“སུས་”སྦྱར་ནས་དྲི་བ་བཏོན་ན། དྲི་བ། གང་བཀལ། ལན། ཁལ་བཀལ། དྲི་བ། སུས་བཀལ། ལན། ཨ་ཕོས་བཀལ་ཞེས་ཁལ་དང་ཨ་ཕོ་སོ་སོར་སྟོན་རྒྱུ་ཡོད་པས། དེ་ནི་བྱ་བྱེད་ཐ་དད་པ་ཡིན་པ་ལྟར་དང་། དེ་བཞིན་དྲི་བ། གང་བཟས། ལན། རྩྭ་བཟས། དྲི་བ། སུས་བཟས། ལན། གཡག་གིས་བཟས། དྲི་བ། གང་བསད། ལན། གཡག་བསད། དྲི་བ། སུས་བསད། ལན། ཤན་པས་བསད། དྲི་བ། གང་བཟས། ལན། ཤ་བཟས། དྲི་བ། སུས་བཟས། ལན། ང་ཚོས་བཟས་ཞེས་པ་ལྟ་བུ་ཡང་རིགས་བསྒྲེ་ཐུབ་པ་ཡིན་པས། དེ་དག་ཀྱང་བྱ་བྱེད་ཐ་དད་པའི་བྱ་བའི་ཚིག་གི་དཔེར་བརྗོད་ཡིན། ཡང་དཔེར་ན། གླིང་ཁར་ཆུ་འཁྱིལ། འཁོར་ལོ་འཁོར། ཉི་མ་ནུབ། གཡང་ལས་ཟགས། ལྟ་བུ་ལ་མཚོན་ན། བྱ་ཚིག་འཁྱིལ་དང་འཁོར་ལ་“གང་”དང་“སུས་”སྦྱར་ནས་དྲི་བ་བཏོན་ན། དྲི་བ། གང་འཁྱིལ། ལན། ཆུ་འཁྱིལ། དྲི་བ། སུས་འཁྱིལ་ལམ་གང་གིས་འཁྱིལ། ལན། ཆུ་རང་ལས་གཞན་གྱི་བྱེད་པོ་ཞིག་སྟོན་རྒྱུ་མེད་པ་དང་། དྲི་བ། གང་འཁོར། ལན། འཁོར་ལོ་འཁོར། དྲི་བ། སུས་འཁོར་རམ་གང་གིས་འཁོར། ལན། འཁོར་ལོ་སོ་སོས་རང་བཞིན་ཉིད་དུ་འཁོར་བ་(མ་གཞི་བསྐོར་ཏེ་འཁོར་བ་ཡིན་ཡང་འཁོར་བཞིན་པའི་གནས་སྐབས་དེར་བསྐོར་ཞེས་མི་བརྗོད་དེ། འཁོར་ཞེས་བརྗོད་དགོས་པ་ཡིན་)ལས་གཞན་གྱི་བྱེད་པོ་ཞིག་ལོགས་སུ་སྟོན་རྒྱུ་མེད་པས། དེ་ནི་བྱ་བྱེད་ཐ་མི་དད་པ་ཡིན། དེ་བཞིན་ནུབ་དང་ཟགས་ལྟ་བུ་ཡང་རིགས་བསྒྲེ་ཐུབ་པ་ཡིན། དེ་འདྲའི་དཔེ་དག་གི་དྲི་བ་དང་དྲིས་ལན་གཉིས་ཀ་གཅིག་རང་དུ་ངེས་ན། བྱེད་པ་དང་ལས་གཉིས་ཐ་དད་དུ་མི་སོང་བས། བྱ་བྱེད་ཐ་མི་དད་པའི་དཔེར་བརྗོད་ཡིན་ནོ།
          གསུམ་པ། ལེགས་སྦྱར་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་དོན་ཚིག་ཅན་དང་བོད་སྐད་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་དབར་གྱི་ཁྱད་པར།  
          གཅིག མཐུན་པའི་ཆ།
          ༡ ཐ་སྙད་འདོགས་སྟངས་ཀྱི་ཆ་ནས་འདྲ་བ། ལེགས་སྦྱར་བརྡ་སྤྲོད་གཞུང་དུ། བྱེད་པ་པོ་གཞན་ལ་མ་བལྟོས་པར་རང་ཉིད་ཀྱི་བྱ་བ་ལ་འཇུག་པ་དེའི་ཕྱིར་གྲུབ་པའི་འབྲས་བུའི་ནུས་པ་བདག་ལ་འོང་བ་ཤས་ཆེ་ན་བདག་དོན་གྱི་ཚིག་ཅན་དང་། གལ་ཏེ་བྱེད་པ་པོ་གཞན་ལ་བལྟོས་པ་ཤས་ཆེ་བས་གྲུབ་པའི་འབྲས་བུ་གཞན་གྱི་ཤུགས་ལ་འོང་བ་ཤས་ཆེ་ན་གཞན་དོན་གྱི་ཚིག་ཅན་ཞེས་ཐ་སྙད་བཏགས་ཡོད་པ་དང་། བོད་སྐད་བརྡ་སྤྲོད་གཞུང་དུ། “ལས་གང་ཞིག་ལ་བྱེད་པ་པོ། གཞན་དང་དངོས་སུ་འབྲེལ་བ་ཡི། དབང་དུ་བྱས་ནས་བྱེད་པོ་དང་། དེ་ཡི་བྱེད་པ་གཉིས་པོ་ནི། དངོས་པོ་བདག་ཡིན་བྱ་ཡུལ་དང་། བྱ་བ་གཉིས་པོ་དངོས་པོ་གཞན་”ཞེས་དངོས་པོ་བདག་དང་དངོས་པོ་གཞན་གྱི་ཐ་སྙད་བྱུང་བས། དེས་ན་ལེགས་སྦྱར་བརྡ་སྤྲོད་གཞུང་དུ་བདག་དོན་ཚིག་ཅན་དང་གཞན་དོན་ཚིག་ཅན་ཞེས་འབོད་པ་ལ་བོད་སྐད་བརྡ་གཞུང་དུ་དངོས་པོ་བདག་དང་དངོས་པོ་གཞན་ཞེས་འབོད་པ་དེ་ཉིད་ཐ་སྙད་ཀྱི་ཆ་ནས་འདྲ་བའོ།
          ༢ གཞན་དོན་ཚིག་ཅན་དེ་བདག་གཞན་དབྱེ་བས་ཁྱབ་པ་དང་སྤྱིར་འདྲ་བ། ལེགས་སྦྱར་བརྡ་སྤྲོད་གཞུང་གི་གཞན་དོན་ཚིག་ཅན་ནི། བྱེད་པ་པོ་གཞན་ལ་བལྟོས་པ་ལ་ཤས་ཆེར་འཇུག་པས་གཞན་དོན་གྱི་ཚིག་ཅེས་བརྗོད་ཅིང་། དེ་ནི་བོད་སྐད་བརྡ་གཞུང་དུ་བདག་གཞན་དབྱེ་བས་ཁྱབ་པ་དང་སྤྱིར་མཚུངས་ཏེ། དེ་གཉིས་ཀར་ལས་དང་བྱེད་པ་སོ་སོར་འབྱེད་རྒྱུ་ཡོད་པས་སོ།
          ༣ རྣམ་གཞག་མཛད་པའི་དགོས་པ་སྤྱིར་མཚུངས་པ། ལེགས་སྦྱར་བརྡ་གཞུང་དུ་བདག་དོན་ཚིག་ཅན་དང་གཞན་དོན་ཚིག་ཅན་གྱི་རྣམ་གཞག་མཛད་པའི་དགོས་པ་ཁ་གསལ་ཞིག་བརྗོད་མེད་ཀྱང་། དོན་དངོས་ཐོག་བོད་ཀྱི་བརྡ་སྤྲོད་ནང་གི་དངོས་པོ་བདག་གཞན་མཛད་པའི་དགོས་པ་དང་སྤྱིར་མཚུངས་ཏེ། ལེགས་སྦྱར་གྱི་བྱེད་པ་པོའི་དོན་ལ་ཕལ་ཆེར་པ་ར་སྨེེའི་རྐྱེན་ཏེ། གཞན་དོན་གྱི་རྐྱེན་རྣམས་ཐོབ་པ་ཤས་ཆེ་ཞིང་། བྱེད་པོའི་རྐྱེན་དེ་ལ་ཡང་དངོས་པོ་ལས་ཀྱི་བྱ་བའི་དོན་ལ་ནི་ཨཱཏྨ་ནི་བདག་དོན་གི་རྐྱེན་རྣམས་འཇུག་པས།  བྱེད་པ་པོ་ལ་གཞན་དོན་དང་བྱ་བ་ལ་བདག་དོན་ལྟར། བོད་ཀྱི་བརྡ་སྤྲོད་གཞུང་དུའང་བྱེད་པ་པོ་ལ་དངོས་པོ་བདག་དང་ལས་སམ་བྱ་ཡུལ་ལ་དངོས་པོ་གཞན་ཞེས་བྱེད་པ་པོ་དང་བྱ་བ། དེ་བཞིན་བྱེད་པ་པོ་དང་ལས་གཉིས་ཀྱི་སྒྲ་རྣམས་བསྡུ་བའི་ཕྱིར་རོ།  
          གཉིས། མི་མཐུན་པའི་ཆ།
          ༡ ནུས་པའི་ཆ་ནས་མི་འདྲ་བ། ལེགས་སྦྱར་བརྡ་གཞུང་གི་བདག་དོན་གྱི་བྱིངས་ལ་བདག་དོན་གྱི་རྐྱེན་དང་གཞན་དོན་གྱི་བྱིངས་ལ་གཞན་དོན་གྱི་རྐྱེན་རྣམས་འཇུག་པའི་ནུས་པ་ལྡན་པ་དཔེར་ན། བདག་དོན་གྱི་ཨེདྷ་འཕེལ་བའི་བྱིངས་ལ་དུས་ད་ལྟ་བའི་བདག་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཏེ་སྦྱར་རྗེས། ཨེདྷཏེ་ཅེས་པ་དང་། གཞན་དོན་གྱི་བྷཱུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ་དུས་ད་ལྟ་བའི་གཞན་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་གི་རྐྱེན་ཏིཔྲ་དང་བར་དུ་ཨཔྲ་སྦྱར་རྗེས། བྷཝཏི་ཅེས་སོ། འོན་ཀྱང་བོད་སྐད་བརྡ་གཞུང་དུ་བདག་གཞན་དབྱེ་བས་མི་ཁྱབ་པའི་བྱ་ཚིག་ལ་བདག་གཞན་འཇོག་པའི་ནུས་པ་མེད་དེ། དཔེར་ན། འཕུར་ལྟ་བུའི་བྱ་ཚིག་ལ་བདག་གཞན་འཇོག་པའི་ནུས་པ་མེད་པ་ལྟ་བུའོ།
          ༢ བྱ་ཚིག་རང་ངོས་ནས་བྱེད་པ་པོ་སྟོན་དང་མི་སྟོན་པའི་ནུས་པ་མི་འདྲ་བ། ལེགས་སྦྱར་བརྡ་གཞུད་དུ་བྱ་ཚིག་རང་ངོས་ནས་བྱེད་པ་པོ་སུ་ཡིན་སྟོན་པའི་ནུས་པ་ཡོད་དེ། དཔེར་ན། གཙྪཏི། ཁོང་འགྲོ་བར་བྱེད། གཙྪསི། ཁྱོད་འགྲོ་བར་བྱེད། གཙྪམི། ང་འགྲོ་བར་བྱེད་ལྟ་བུར་མཚོན་ན། རྐྱེན་ཏིཔྲ་ནི། སྐྱེས་བུ་དང་པོ་ཁོང་གི་གཅིག་ཚིག་ཡིན་པ་དང་། རྐྱེན་སིཔྲ་ནི། སྐྱེས་བུ་དབུས་མ་ཁྱོད་ཀྱི་གཅིག་ཚིག་ཡིན་པ། དེ་བཞིན་རྐྱེན་མིཔྲ་ནི། སྐྱེས་བུ་ཕྱི་མ་བདག་གི་གཅིག་ཚིག་བཅས་ཡིན་པས། བྱ་ཚིག་རང་ངོས་གཙྪཏི་ལས་བྱེད་པ་པོ་ཁོང་ཡིན་པ་ཤེས་ཐུབ་པ་དང་། བྱ་ཚིག་གཙྪསི་ལས་བྱེད་པ་པོ་ཁྱོད་ཡིན་པ་ཤེས་ཐུབ་པ། དེ་བཞིན་བྱ་ཚིག་གཙྪམི་ལས་བྱེད་པ་པོ་བདག་ཡིན་པ་ཤེས་ཐུབ་པ་བཅས་ཀྱི་ནུས་པ་ཡོད། འོན་ཀྱང་། བོད་ཀྱི་བརྡ་སྤྲོད་གཞུང་དུ་བྱ་ཚིག་རང་ངོས་ནས་བྱེད་པ་པོ་སུ་ཡིན་སྟོན་པའི་ནུས་པ་མི་ལྡན་ཏེ། དཔེར་ན། ལྷ་སར་འགྲོ་ལྟ་བུའི་བྱ་ཚིག་འགྲོ་ཡིས་དངོས་བསྟན་དུ་བྱེད་པ་པོ་སུ་ཡིན་སྟོན་མི་ཐུབ་པ་ལྟ་བུའོ།
          ༣ བྱ་ཚིག་གི་གཟུགས་ལ་འགྱུར་བ་ཡོད་མེད། བོད་སྐད་བརྡ་གཞུང་དུ་བྱ་ཚིག་གཅིག་བྱེད་པ་པོ་གང་ལ་སྦྱར་ཡང་དེའི་གཟུགས་ལ་འགྱུར་བ་མེད། འོན་ཀྱང་ལེགས་སྦྱར་བརྡ་གཞུང་དུ་བྱ་གཅིག་བྱེད་པ་པོ་མི་འདྲ་བ་ལ་བརྟེན་ནས་དེའི་གཟུགས་ལའང་འགྱུར་བ་འབྱུང་བ་ནི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》ལས། “བོད་སྐད་ལྟ་བུར་མཚོན་ན། འགྲོ་ལྟ་བུའི་བྱ་ཚིག་གཅིག་བྱེད་པ་པོ་གང་ལ་སྦྱར་ཀྱང་། ང་འགྲོ། ཁོ་འགྲོ། བ་གླང་འགྲོ། མི་རྣམས་འགྲོ་སོགས་བྱ་ཚིག་དེ་ཀ་རང་གཟུགས་མ་འགྱུར་བར་གནས་ཤིང་། དེ་ཆོས་ཉིད་དང་ཡང་ཤིན་ཏུ་མཐུན་མོད། ལེགས་སྦྱར་ལ་ནི་ཨཧཾགཙྪམི། སགཙུཙྪཏི།  ཏྭཾགཙྪསི་སོགས་སྐྱེས་བུ་རེ་རེ་ལ་མི་འདྲ་བ་དང་། སྐྱེས་བུའི་ནང་གསེས་ལའང་གཅིག་ལ་ཏི་གཉིས་ལ་ཏཿམང་པོ་ལ་ཨབྷི་སོགས་མི་འདྲ་བ་ཁ་རྐྱང་སྦྱོར་”(22)ཞེས་གསུངས་པ་ལས་རྟོགས་ཐུབ།   
          ༤ བྱེད་དངོས་ལས་ལ་འཇུག་ཚུལ་མི་འདྲ་བ། ལེགས་སྦྱར་བརྡ་སྤྲོད་གཞུང་དུ། བྱེད་དངོས་ལས་གསུམ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི། བྱེད་པ་པོའི་དོན་ལ་ཕལ་ཆེར་པ་ར་སྨེེའི(གཞན་དོན་ཚིག་ཅན་ལ་གོ་)རྐྱེན་རྣམས་ཐོབ་པ་ཤས་ཆེ་ཞིང་། བྱེད་པོའི་རྐྱེན་དེ་ལ་ཡང་དངོས་པོ་ལས་ཀྱི་བྱ་བའི་དོན་ལ་ནི་ཨཱཏྨ་ནི་(བདག་དོན་ཚིག་ཅན་ལ་གོ་)འཇུག་པ་ཡོད་པ་སྤྱིར་བཏང་བའོ་ཞེས་བསྟན་པ་ལྟར། བྱེད་པ་པོ་ལ་གཞན་དོན་གྱི་ཚིག་ཅན་འཇུག་པ་དང་། བྱ་བ་ལ་བདག་དོན་གྱི་ཚིག་ཅན་འཇུག་པ་ཡིན། འོན་ཀྱང་བོད་ཀྱི་བརྡ་སྤྲོད་གཞུང་དུ། ལས་གང་ཞིག་བྱེད་པ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་དང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བསྟན་པ་ལྟར། བྱེད་པ་པོ་དང་བྱེད་པ་ལ་དངོས་པོ་བདག་དང་། བྱ་ཡུལ་དང་བྱ་བ་ལ་དངོས་པོ་གཞན་ཞེས་བརྗོད་པ་ཡིན།
          བཞི་པ།  ལེགས་སྦྱར་བརྡ་སྤྲོད་གཞུང་གི་དངོས་པོ་བདག་གཞན་དོན་ཚིག་ཅན་དང་བོད་སྐད་བརྡ་སྤྲོད་གཞུང་གི་བྱ་བྱེད་ཐ་དད་མིན་དབར་གྱི་ཁྱད་པར།
          གཅིག མཐུན་པའི་ཆ།
          ༡ བྱིངས་དང་བྱ་ཚིག་གིས་སྤྱིར་མཚུངས་པའི་ནུས་པ་ཐོན་ཐུབ་པ། ལེགས་སྦྱར་བརྡ་གཞུང་དུ་བྱིངས་རང་ངོས་ནས་བདག་དོན་ཚིག་ཅན་དང་གཞན་དོན་ཚིག་ཅན་གང་ཡིན་སྤྱིར་དབྱེ་བ་འབྱེད་ཐུབ་པ་ཡིན་ཏེ། དཔེར་ན། ཨེདྷ། འཕེལ་བ། ཨཱིཀྵཱ། ལྟ་བ་དང་མཚོན་པ། ཤཱིངྲ་། ཉལ་བ། ཨོཧཱངྲ་། འགྲོ་བ་སོགས་ནི་སྤྱིར་བྱ་བ་ལ་འཇུག་པ་ཤས་ཆེ་ཞིང་། བདག་དོན་གྱི་བྱིངས་ཡིན་པས། དེར་བདག་དོན་གྱི་རྐྱེན་རྣམས་རིམ་པར་སྦྱོར་དགོས་པ་དང་། ཨད། ཟ་བ། སྣུངྲ་། དག་བྱེད། ཧུ། སྦྱིན་པ་དང་ལེན་པ། དིབུ། རྩེ་བ་སོགས་ནི་སྤྱིར་བྱེད་པ་པོ་ལ་འཇུག་པ་ཤས་ཆེ་ཞིང་། གཞན་དོན་གྱི་བྱིངས་ཡིན་པས། དེར་གཞན་དོན་གྱི་རྐྱེན་རྣམས་རིམ་པར་སྦྱོར་དགོས་པ་ལྟ་བུའོ། དེ་བཞིན་བོད་ཀྱི་བརྡ་སྤྲོད་གཞུང་དུའང་། བྱ་ཚིག་རང་ངོས་ནས་བྱ་བྱེད་ཐ་དད་མིན་གྱི་དབྱེ་བ་འབྱེད་ཐུབ་སྟེ། དཔེར་ན་བསད་ལྟ་བུའི་བྱ་ཚིག་ལ་མཚོན་ན། གང་བསད། གཡག་བསད། སུས་བསད། ཤན་པས་བསད་ལྟ་བུ་གོང་དུ་དྲི་བ་དྲིས་ལན་གྱི་དཔེར་བརྗོད་ལྟར་བྱེད་དང་ལས་གཉིས་ཀྱང་ཐ་དད་དུ་སྟོན་རྒྱུ་ཡོད་པས་ན། དེ་ནི་བྱ་བྱེད་ཐ་དད་པའི་བྱ་བའི་ཚིག་ཡིན། ཡང་འཕུར་ལྟ་བུའི་བྱ་ཚིག་ལ་མཚོན་ན། གང་འཕུར། བྱིའུ་འཕུར། སུས་འཕུར། བྱིའུ་སོ་སོ་རང་ཉིད་ལས་གཞན་གྱི་བྱེད་པོ་ཞིག་ལོགས་སུ་སྟོན་རྒྱུ་མེད་པ་ལྟར། བྱེད་དང་ལས་གཉིས་ཀྱང་ཐ་དད་དུ་སྟོན་རྒྱུ་མེད་པས་ན། དེ་ནི་བྱ་བྱེད་ཐ་མི་དད་པའི་བྱ་བའི་ཚིག་ཡིན་ལྟ་བུའོ།
          ༢ བདག་དོན་ནི་བྱ་བྱེད་ཐ་མི་དད་པ་དང་སྤྱིར་འདྲ་བ། ལེགས་སྦྱར་བརྡ་གཞུང་གི་བདག་དོན་ནི་དཔེར་ན། དྷརྨདེདྷཏེཨདོརཱཛྱཾ། རྒྱལ་སྲིད་འདི་ཆོས་ལས་འཕེལ་ལོ་ལྟ་བུར་མཚོན་ན། འདིའི་ནང་བདག་དོན་གྱི་བྱིངས་ཨེདྷཏེ་འཕེལ་ཞེས་པ་སྤྱད་ཡོད་པས། ཨེདྷཏེ། འཕེལ་བའམ་ལེགས་པའམ་ཡག་པ་དེའི་སྟེང་ནས་བྱེད་པ་པོའམ་བྱ་བའམ་ཡུལ་ལྟ་བུ་གཅིག་ལས་སྟོན་མི་ཐུབ་སྟེ། འདིའི་ནང་གི་འཕེལ་བྱ་དེ་རྒྱལ་སྲིད་ལས་གཞན་གང་ཡང་མིན་པའི་ཕྱིར། དེ་མིན། ཨཱིཀྵཱ། ལྟ་བ་དང་མཚོན་པ། ཤཱིངྲ། ཉལ་བ། ཨོཧཱངྲ་། འགྲོ་བ་སོགས་ཀྱང་ལེགས་སྦྱར་བརྡ་གཞུང་གི་བདག་དོན་ཁོ་ནའི་བྱིངས་ཡིན་པ་རིགས་བསྒྲེ་བྱ་ཐུབ། དེ་བཞིན་བོད་ཀྱི་བརྡ་སྤྲོད་གཞུང་དུ་བྱ་བྱེད་ཐ་མི་དད་པ་ཞེས་པ་ནི། བྱེད་པ་པོ་དང་ལས་གཉིས་ཐ་དད་དུ་དབྱེ་རྒྱུ་མེད་པ་ཞིག་ལ་གོ་དགོས་པ་གོང་གསལ་གླིང་ཁར་ཆུ་འཁྱིལ་ལྟ་བུའི་དཔེར་བརྗོད་ལས་རྟོགས་ཐུབ་པ་ཡིན། དེས་ན་ལེགས་སྦྱར་བརྡ་གཞུང་དུ་བདག་དོན་གྱི་བྱིངས་དེས་བྱེད་པ་པོ་དང་ལས་གཉིས་ལས་གང་རུང་ཞིག་མ་གཏོགས་སྟོན་མི་ཐུབ་པ་དང་། བོད་སྐད་བརྡ་གཞུང་དུ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་དེས་བྱེད་པ་པོའམ་ལས་གཉིས་ལས་གང་རུང་ཞིག་མ་གཏོགས་སྟོན་མི་ཐུབ་པའི་ཆ་ནས་འདྲ་བ་ཡིན།   
          ༣ གཞནདོན་ནི་བྱ་བྱེད་ཐ་དད་པ་དང་སྤྱིར་འདྲ་བ། ལེགས་སྦྱར་བརྡ་གཞུང་གི་གཞན་དོན་ནི་དཔེར་ན། སརཱཛཱདྷཱརྨིཀོབྷཝཏི། རྒྱལ་པོ་དེ་ཆོས་ལྡན་ཡིན་ནོ་ལྟ་བུར་མཚོན་ན། འདིའི་ནང་གཞན་དོན་གྱི་བྱིངས་བྷཱུ་ཡོད་པ་ཞེས་པ་སྤྱད་ཡོད་པས། བྷཝཏི། ཡོད་པའམ་ཡིན་པ་དེའི་སྟེང་ནས་བྱེད་པ་པོ་དང་ལས་གཉིས་སྤྱིར་དབྱེ་བ་འབྱེད་རྒྱུ་ཡོད་པ་སྟེ། བྱེད་པ་པོ་ནི་རྒྱལ་པོ་དང་ལས་ནི་ཆོས་ལྡན་ལྟ་བུའོ། དེ་མིན། ཨད། ཟ་བ། ནས་སྣུངྲ། དག་བྱེད། ཧུ། སྦྱིན་པ་དང་ལེན་པ། དིབུ། རྩེ་བ་སོགས་ཀྱང་ལེགས་སྦྱར་བརྡ་གཞུང་གི་གཞན་དོན་ཁོ་ནའི་བྱིངས་ཡིན་པ་རིགས་བསྒྲེ་བྱ་ཐུབ། དེ་བཞིན་བོད་ཀྱི་བརྡ་སྤྲོད་གཞུང་དུ་བྱ་བྱེད་ཐ་དད་པ་ཞེས་པ་ནི། བྱེད་པ་པོ་དང་ལས་གཉིས་ཐ་དད་དུ་དབྱེ་རྒྱུ་ཡོད་པ་ཞིག་ལ་གོ་དགོས་པ་གོང་གསལ་ཨ་ཕོ་ཡིས་གཡག་ལ་ཁལ་བཀལ་ལྟ་བུའི་དཔེར་བརྗོད་ལས་རྟོགས་ཐུབ་པ་ཡིན། དེས་ན་ལེགས་སྦྱར་བརྡ་གཞུང་དུ་གཞན་དོན་གྱི་བྱིངས་དེས་བྱེད་པ་པོ་དང་ལས་གཉིས་ཀ་སྟོན་ཐུབ་པ་དང་། བོད་སྐད་བརྡ་གཞུང་དུ་བྱ་བྱེད་ཐ་དད་པའི་བྱ་ཚིག་དེས་བྱེད་པ་པོ་དང་ལས་གཉིས་སོ་སོར་སྟོན་ཐུབ་པའི་ཆ་ནས་འདྲ་བའོ།
          གཉིས། མི་མཐུན་པའི་ཆ།
          ལེགས་སྦྱར་སྒྲ་གཞུང་ཁག་ཏུ་བྱིངས་སམ་བྱ་ཚིག་རང་ངོས་ནས་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་། བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཅེས་ངོས་འཛིན་རྒྱུ་ཡོད་མོད། བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་ཅེས་པ་ལྟ་བུའི་བརྡ་ཆད་ནི་མེད། བོད་ཡིག་ལ་ནི་བརྡ་ཆད་དེ་འདྲ་སྔར་ནས་བེད་སྤྱོད་བྱས་ཟིན། མདོར་ན། ལེགས་སྦྱར་བརྡ་སྤྲོད་གཞུད་གི་བྱིངས་ལས་ཚིག་ཏུ་གྲུབ་པའི་རྣམ་དབྱེའམ་ཀུན་བཤད་སྐབས་ཀྱི་བདག་གཞན་དོན་ཚིག་ཅན་ཞེས་པ་རྣམས་དང་བོད་ཀྱི་བརྡ་སྤྲོད་གཞུང་གི་རྟགས་འཇུག་སྐབས་ཀྱི་དངོས་པོ་བདག་གཞན་དང་བྱ་བྱེད་ཐ་དད་མིན་དབར་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་ཡོད་ཕན་ཚུན་བསྡུར་བ་ལས་གསལ་པོར་རྟོགས་ཐུབ་པ་ལགས་སོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①སྤེན་པ་རྒྱ་མཚོ། 《ལེགས་སྦྱར་བརྡ་སྤྲོད་གཞུང་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྐོར་གླེང་བ་》ཞེས་པ་ནི་《བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་》ཅེས་པར་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༢ལོའི་ཟླ་༡༢པར་དཔར། ཤོག་ངོས་༥༠ན་གསལ།
②⒁⒃བློ་བརྟན་བཞི་པ། 《བརྡ་སྤྲོད་པའི་བསྟན་བཅོས་ཀ་ལཱ་པའི་འགྲེལ་བཤད་ཆེན་མོ》ལག་བྲིས་མ། ཤོག་ངོས་༩  ༡༠  ༡༢བཅས་ན་གསལ།
③⑿ཇོ་ནང་ཏཱ་ར་ནཱ་ཐའམ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན།《དབྱངས་ཅན་བརྡ་སྤྲོད་ཀྱི་འགྲེལ་པ་མཆོག་ཏུ་གསལ་བ་》ལག་བྲིས་མ། ཤོག་ངོས་༥༠༣   ༥༠༤་བཅས་ན་གསལ།
④⑩ས་བཟང་མ་ཏི་པཎྜི་ཏ།《དཔལ་ལྡན་ས་སྐྱའི་གསུང་རབ་སྒྲ་གཞུང་པོད་བརྒྱད་པ་》མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༣ལོའི་ཟླ་༣པར་དཔར། ཤོག་ངོས་༢༧༣ནས་༢༧༧  ༢༢༩བཅས་ན་གསལ།
⑤⑦⒄ཁྲོ་རུ་ཚེ་རྣམ།《བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་འགྲེལ་པ་ཉུང་ངུ་རྣམ་གསལ་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༩༨ལོའི་ཟླ་༣པར་དཔར། ཤོག་ངོས་༡༩༩  ༡༩༩  ༢༠༡བཅས་ན་གསལ།
⑥⑧⑾ཀཿཐོག་དྲུང་པ་སྤྲུལ་སྐུ། 《དབྱངས་ཅན་མའི་སྒྲ་མདོའི་རྣམ་བཤད་སློབ་མ་ལ་ཕན་པ་རྟོགས་དཀའི་མུན་པ་སེལ་བའི་འོད་ཟེར་བརྒྱ་པ་》ཞེས་པ་ནི་《ཀཿཐོག་དགེ་རྩེ་མ་ཧཱ་པཎྜི་ཏའི་གསུང་འབུམ་》པོད་བཅུ་པར་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༧༥  ༡༧༥  ༡༧༥བཅས་ན་གསལ།
⑨འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ། 《བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱཀ་ར་ཎའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༥ལོའི་ཟླ་༥པར། ཤོག་ངོས་༡༡༠ནས་༡༧༢བར་ན་གསལ།
⒀སྤེན་པ་རྒྱ་མཚོ།《ལེགས་སྦྱར་བརྡ་སྤྲོད་འཇུག་སྒོ་》མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༠ལོའི་ཟླ་༧པར་དཔར། ཤོག་ངོས་༡༠༩ན་གསལ།
⒂ས་སྐྱ་པཎྜི་ཏ། 《མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཀྱི་རང་འགྲེལ་དཔེ་བསྡུར་མ་བཞུགས་སོ་》ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། ཤོག་ངོས་༢༡ན་གསལ།
⒅ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས།《སུམ་རྟགས་རྩ་བ་དང་དེའི་འགྲེལ་པ་སི་ཏུའི་ཞལ་ལུང་》མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༨ལོའི་ཟླ་༣པའི་དཔར་ཐེངས་ལྔ་པ། ཤོག་ངོས་༨༠ན་གསལ།
⒆⒇《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༣ལོའི་ཟླ་༧པའི་དཔར་ཐེངས་བཞི་པ། ཤོག་ངོས་༡༤༠   ༡༤༠ན་གསལ།
(21)ཚེ་རྡོར།《བརྡ་སྤྲོད་རྣམ་བཤད་》མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༨ལོའི་ཟླ་༨པའི་དཔར་ཐེངས་གཉིས་པ། ཤོག་ངོས་༢༣༤ན་གསལ།
(22)《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༨ལོའི་ཟླ་༡༢པར་དཔར། ཤོག་ངོས་༢༧༨ན་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1