༄༅།།རྒྱུགས་རའི་རྩོམ་ཡིག་གི་ཁྱད་ཆོས་དང་རིགས་དབྱེ་མདོ་ཙམ་གླེང་བ།

འཇམ་དཔལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 04-21



འཇམ་དཔལ།
        [གནད་བཏུས] འདིའི་ནང་དུ་རྒྱུགས་རའི་རྩོམ་ཡིག་གི་ཁྱད་ཆོས་དང་རིགས་དབྱེ་ལས་འཕྲོས་ཏེ། སྤྱི་ཚོགས་ལ་ཁ་གཏོད་པ་དང་ལག་ལེན་ལ་དོ་སྣང་བྱེད་པ། ནུས་པ་སྔོག་འདོན་བྱེད་པ། བསམ་གཞིག་འབུར་དུ་ཐོན་པའི་བརྗོད་གཞི་འགོད་སྟངས་ཀྱི་རྣམ་པ་གསར་པ་དང་། གསོན་ཉམས་ལྡན་པ། འོས་ཤིང་འཚམ་པའི་རྒྱུགས་གཞི་མང་པོ་ཇུས་འགོད་བྱུང་བའང་ཇི་ལྟར་གསར་པ་དང་། འོས་འཚམ་ཡིན་མིན་སྐོར་ལ་རང་བློས་དཔྱད་ཁུལ་བགྱིས་ཡོད།
        [གནད་ཚིག] རྒྱུགས་རའི་རྩོམ་ཡིག ཁྱད་ཆོས། རིགས་དབྱེ།

དང་པོ། རྒྱུགས་རའི་རྩོམ་ཡིག་གི་ཁྱད་ཆོས།
        རྒྱུགས་རའི་རྩོམ་ཡིག་ཀྱང་དུས་རྒྱུན་གྱི་རྩོམ་ཡིག་དང་འདྲ་བར། ཕྱོགས་ཡོངས་རང་བཞིན་དང་ནུས་པར་ཞིབ་བཤེར་བྱེད་པའི་ཕྱོགས་བསྡུས་རང་བཞིན། བསམ་གཞིག་འཕེལ་རྒྱས་ཀྱི་བབ་བསྟུན་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ལ། རྩོམ་ཡིག་འབྲི་བ་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མའི་ཡི་གེ་འབྲི་བ་དང་། ཐ་སྙད་སྤྱོད་པ། ཚིག་སྒྲིག་པ། ཇུས་འགོད་བྱེད་པ་བཅས་ཀྱི་གཞི་རྩའི་ནུས་པ་དང་། ཇི་བཞིན་བརྗོད་པ་དང་ཞིབ་འབྲི། གསལ་བཤད། དགག་སྒྲུབ་བཅས་ཕྱོགས་བསྡུས་ཀྱི་ནུས་པ་མཚོན་པར་མ་ཟད། རྒྱུགས་སྤྲོད་སློབ་མའི་བསམ་བློའི་ཆུ་ཚད་དང་། དོན་དངོས་ཀྱི་འཚོ་བ། ཤེས་བྱའི་ཁྱབ་ཁོངས་བཅས་ཀྱི་ཟབ་ཚད་དང་རྒྱ་ཆེ་ཆུང་བཅས་གཅིག་བསྡུས་ཀྱིས་མཚོན་ཐུབ་ལ། འོན་ཀྱང་དེ་ནི་རྒྱུགས་རའི་ཁྲོད་དུ་ལེགས་འགྲུབ་བྱེད་དགོས་པའི་རྐྱེན་གྱིས་དུས་རྒྱུན་གྱི་རྩོམ་ཡིག་དང་མི་འདྲ་བ་དང་། ད་དུང་རང་སྟེང་གི་འབུར་དུ་ཐོན་པའི་ཁྱད་ཆོས་སྐོར་ཞིག་ལྡན། ཐོག་མར་རྒྱུགས་ལེན་པའི་ཐད་ནས་བཤད་ན།
གཅིག དུས་ཚོད་ཀྱི་ཚད་བཀག་རང་བཞིན།
        རྒྱུགས་ལེན་པ་ལ་མཚོན་ན། དུས་རྟག་ཏུ་གཟབ་ནན་ཡིན་པའི་དུས་ཚོད་ཀྱི་ཚད་བཀག་ཡོད། དཔེར་ན། མཐོ་རྒྱུགས་ཀྱི་སྐད་ཡིག་ལ་སྤྱིར་བཏང་བྱས་ན་དུས་ཚོད་སྐར་མ150ཡིན་ལ། རྩོམ་ཡིག་ནི་སྐད་ཡིག་གི་རྒྱུགས་གཞིའི་ནང་གི་ཁག་གཅིག་ཡིན་པ་དང་། དེའི་ཐོབ་སྐར་ག་ཚོད་ཟིན་པ་དང་དུས་ཚོད་ཅི་འདྲ་བཀོལ་དགོས་མིན་ལ་མ་བལྟས་པར་དུས་ཚོད་སྐར་མ150ནང་ལེགས་འགྲུབ་བྱ་དགོས།
གཉིས། ཁོར་ཡུག་གི་ཚད་བཀག་རང་བཞིན།
        རྒྱུགས་རའི་ཁྲོད་དུ་རྒྱུགས་རའི་སྒྲིག་ལམ་གྱིས་ཚོད་འཛིན་དང་རྒྱུགས་ལེན་ལྟ་ཞིབ་པས་ལྟ་ཞིབ་བྱེད་པས། ཚིག་མཛོད་ལ་ལྟ་བ་དང་དཔྱད་གཞི་འཚོལ་བ། སྒྲུབ་བྱེད་འཚོལ་བ་སོགས་བྱེད་མི་ཆོག་པར་མ་ཟད། མི་གཞན་དང་གྲོས་བསྡུར་དང་ཞིབ་བསྡུར་ཡང་བྱེད་མི་ཆོག་པར་རང་ཚུགས་ཀྱིས་རྩོམ་འབྲི་བ་ལས་ཐབས་གཞན་མེད།
གསུམ། སེམས་ཁམས་ཀྱི་བྲེལ་འཚུབ་ཆེ་བའི་རང་བཞིན།
        རྒྱུགས་སྤྲོད་སློབ་མས་དུས་ཚོད་དམ་འཛིན་བྱས་ནས་རྩོམ་ཡིག་འབྲི་དགོས་ལ། བྲེལ་འཚུབ་ཆེ་བའི་སྐབས་སུ་སེམས་རྣལ་དུ་ཕབ་ནས་དུས་རྒྱུན་གྱི་རྩོམ་ཡིག་དང་འདྲ་བར་བརྗོད་གཞི་གདམ་པ་དང་། བསམ་གཞིག་གཏོང་བ་སོགས་དུས་ཚོད་མང་ཙམ་སྤྱད་ནས་འདང་རྒྱག་པ་དང་། གོ་རིམ་ཞིབ་ཚགས་ཤིག་སྒྲིག་པའང་གལ་འགངས་ཤིན་ཏུ་ཆེ།རྒྱུགས་རའི་རྩོམ་ཡིག་གི་ཁྱད་ཆོས་འདི་དག་དང་འཚམ་དགོས་ན། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་རྒྱུན་པར་རྩོམ་འབྲི་ཤེས་བྱའི་རྨང་གཞི་སྦྱང་བ་དང་། ལྷག་པར་དུ་རིག་ལམ་མྱུར་བའི་སྒོ་ནས་བསམ་གཞིག་གཏོང་བ་གོམས་གཤིས་སུ་འགྱུར་དགོས་ལ། རྩོམ་འབྲིའི་ནུས་རྩལ་ཁོང་དུ་ཆུད་པར་འབད་པ་གང་ལེགས་བྱ་དགོས། དེའི་རྗེས་སུ་བརྗོད་གཞིའི་ངོས་ནས་བཤད་ན།
༡.བསམ་བློའི་ནང་དོན་གྱི་དུས་རབས་རང་བཞིན།
        རྒྱུགས་ལེན་རྩོམ་ཡིག་གི་བརྗོད་བྱ་ཡིན་ཕྱིན་དུས་རྒྱུན་དང་བསྡུར་ན། བརྗོད་བྱའི་བསམ་བློའི་རང་བཞིན་ལ་ལྷག་ཏུ་དོ་སྣང་བྱེད་དགོས། དེ་ནི་ངེས་པར་དུ་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པར་བྱས་ཏེ། དུས་རབས་ཀྱི་སྙིང་སྟོབས་མཚོན་ཐུབ་པ་བྱ་དགོས། མཐོ་རྒྱུགས་ཀྱི་རྩོམ་བྱང་ལ《“ཤིང་སྡོང་གཅོད་སླ་ཞིང་འཛུགས་དཀའ་བ”བཀླགས་པ》ཞེས་པ་ཞིག་བྱུང་ཚེ། སློབ་མས་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་ཟབ་མོ་བརྗོད་ཆོག་པ་རེད། སློབ་མ་མང་པོས་དེ་ལས་འཕྲོས་ཏེ།“རྒྱལ་ཁབ་བརླག་སླ་ཞིང་འཛུགས་དཀའ་བ”དང“ཁྱིམ་འཇིག་སླ་ཞིང་སྐྱོང་དཀའ་བ”དང“འཇོན་མི་རྩ་བརླག་ཏུ་འགྲོ་སླ་ཞིང་གསོ་སྐྱོང་དཀའ་བ”སོགས་ཀྱི་ཕྱོགས་ནས་གནས་ལུགས་བརྗོད་པ་རེད།
༢.བརྗོད་གཞིའི་ཡོངས་ཁྱབ་རང་བཞིན།
        རྒྱུགས་ལེན་པར་ལྷག་པར་དུ་མཐོ་རྒྱུགས་དང་།འབྲིང་རྒྱུགས། ཟླ་རྒྱུགས་ལེན་པ་སོགས་རིགས་འདིའི་ཡིག་རྒྱུགས་ཀྱི་རྩོམ་བྱང་ཡིན་ན། ད་དུང་ངེས་པར་དུ་ཕྱོགས་གང་ཐད་ནས་རྒྱུགས་སྤྲོད་སློབ་མའི་འཚོ་བའི་དོན་དངོས་ལ་དམིགས་ནས། ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་བའི་བརྗོད་བྱའི་ནང་དོན་གདམ་པར་བྱེད་དགོས། དཔེར་ན། མཐོ་རྒྱུགས་ཀྱི་རྩོམ་ཡིག་ནི། པར་རིས་ཀྱི་རྣམ་པའི་ལམ་ནས་སློབ་མས་ས་ཁུལ་མི་འདྲ་བ་དང་ཚད་རིམ་མི་འདྲ་བའི་བརྙན་རིས་ལ་ལྟ་ཞིབ་བྱས་པས། ནང་དོན་ཕུན་སུམ་ཚོགས་པའི་བརྗོད་གཞི་བྲིས་ཡོད་པ་རེད། གལ་ཏེ་རྩོམ་བྱང་ལ་ལར་ཚད་བཀག་རང་བཞིན་གྱི་སྣང་ཚུལ་ལྡན་པས། སློབ་མ་ལ་ལས་བྲིས་མི་ཚར་བ་དང་ལ་ལར་འབྲི་རྒྱུ་མེད་པ། ལ་ལས་བསམ་གཞིག་གང་ལེགས་བཏང་སྟེ་རྩོམ་རྩལ་མངོན་པའང་ཡོད། དུས་སྐབས་སོ་སོའི་མཐོ་རྒྱུགས་རྩོམ་ཡིག་ལ་དབྱེ་ཞིབ་བྱེད་དུས། ང་ཚོས་ཤེས་ཐུབ་པ་ཞིག་ལ། རྒྱུགས་རའི་རྩོམ་ཡིག་གི་བརྗོད་བྱ་ལ་ཐབས་ལམ་གཉིས་ཡོད་པ་སྟེ། གཅིག་ནི་རང་ཉིད་འབྲི་བ་དང་། ཡང་གཅིག་ནི་གཞན་བརྗོད་པ་དེ་ཡིན། རང་ཉིད་འབྲི་བ་ཞེས་པ་ནི་རང་ཉིད་ཀྱི་མྱོང་ཚོར་འབྲི་བ་དེ་ཡིན་ལ། དཔེར་ན། 《བདག་གིས་རྒྱུགས་སྤྲོད་པའི་རེ་འདུན་ནི་ཇི་ལྟར་གཏན་ཁེལ་བྱས་པ་ཡིན》ཞེས་པ་དང་། 《ང་རང་མཐོ་རིམ་སློབ་གྲྭའི་སློབ་མ་ཞིག་ཇི་ལྟར་བྱེད་པའི་གྲ་སྒྲིག》ཅེས་པ་ལྟ་བུ་དང་།གཞན་བརྗོད་པ་ཞེས་པ་ནི་རང་ཉིད་ཀྱིས་ཆ་རྒྱུས་ཅུང་ཡོད་པའི“མི་གཞན”དང“བྱ་བ་གཞན”འབྲི་བ་དེ་ཡིན། དཔེར་ན། 《ང་ལ་ཆ་རྒྱུས་ཡོད་པའི་མི་ཞིག་འབྲི་བ》ཞེས་པ་དང་། 《ངའི་ཨ་མ》ཞེས་པ་ལྟ་བུ་ཡིན། འོན་ཀྱང་ཁ་བྱང་ལ་ལར།“བདག”བྲི་ཆོག་པར་མ་ཟད།“གཞན”ཡང་བརྗོད་ཆོག་ལ།“བདག”འབྲི་བ་གཙོ་བོ་བྱས་ནས“གཞན”ཡང་གླེང་ཆོག་པ་རེད།

༣.བརྗོད་བྱའི་ཚད་བཀག་རང་བཞིན།
        མི་མང་པོ་ཞིག་གིས་རྒྱུན་དུ་རྒྱུགས་ལེན་རྩོམ་བྱང་ལ་ཚོད་དཔག་བྱེད་པ་དང་། རྒྱན་འཇོག་པ་ལྟར་རིགས་བསྒྲེའི་རྩོམ་ཡིག་མང་པོ་བློ་འཛིན་བྱེད་བཞིན་ཡོད། དེའི་རྐྱེན་གྱིས་རྩོམ་བྱང་གི་ཚོད་དཔག་རང་བཞིན་བཀག་འགོག་བྱེད་ཆེད། རྒྱུགས་སྤྲོད་སློབ་མས་ནན་ཏན་གྱིས་རྩོམ་འབྲི་སྦྱོང་བརྡར་ལ་འབད་བརྩོན་ལྷོད་མེད་བྱེད་པ་དང་ཆབས་ཅིག ངེས་པར་དུ་རྩོམ་བྱང་འོལ་ཚོད་བྱེད་པའི་བྱ་ངན་དེའི་རིགས་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དཔེར་ན། མཐོ་རྒྱུགས་ཀྱི་རྩོམ་ཡིག་ལ་ས་གནས་དང་དུས་རབས་ཀྱི་ཚོད་འཛིན་དང་ཕྱོགས་ལྷུང་མི་བྱ་བའི་ཆེད།“མདོར་བསྡུས”དང“བསྐྱར་འབྲི”ཡི་བརྗོད་བྱ་འགོད་པའི་རྣམ་པ་སྤྱད་པ་མ་ཟད། ད་དུང་ཚོད་འཛིན་རང་བཞིན་གྱི་བླང་བྱ་ཁག་གཅིག་བཏོན་པ་རེད། མི་ལ་ལ་ཞིག་གིས་དཔེ་ཀློག་གི་མྱོར་ཚོར་ཡང་བསྐྱར་མི་འབྱུང་བར་བསམ་པས། མཇུག་མཐར་ཡང《“ཤིང་སྡོང་གཅོད་སླ་ཞིང་འཛུགས་དཀའ་བ”བཀླགས་པ》ཞེས་པའི་མྱོང་ཚོར་འབྲི་དགོས་བྱུང་། འདི་ལྟ་བུའི་དངོས་ཡོད་འཚོ་བའི་བྱེ་བྲག་རང་བཞིན་གྱི་རྩོམ་བྱང་གདམ་ཚེ། སློབ་མའི་རྩོམ་རྩལ་དངོས་ལ་ཞིབ་དཔྱད་བྱེད་པར་ཕན་པར་མ་ཟད། སྟེས་དབང་གིས་རྒྱལ་ཁ་ལེན་པར་འདོད་པའི་གཡོ་སྒྱུའི་སེམས་ཁམས་དེ་ཡང་གཙང་སེལ་བྱེད་ཐུབ་ལ། དངོས་སུ་སློབ་མ་རྣམས་ལ་མུ་མཐུད་དུ་རྩོམ་ཡིག་འབྲི་སྦྱོང་ལ་ཤུགས་སྣོན་པར་འཁྲིད་སྟོན་ཡང་བཟང་པོ་བྱེད་ཐུབ།
༤.རྒྱུགས་བཤེར་གྱི་ཕྱོགས་བསྡུས་རང་བཞིན།
        རྒྱུགས་རའི་རྩོམ་ཡིག་གི་བརྗོད་བྱ་གདམ་པར་འཇོན་མི་གདམ་གསེས་བྱ་རྒྱུར་རྐང་འཛུགས་དགོས་ལ། འཇོན་མི་གསོ་སྐྱོང་བྱ་རྒྱུར་ཡང་དམིགས་དགོས། རྩོམ་ཡིག་གཅིག་ནི་མི་ཞིག་གི་བསམ་གཞིག་ནུས་པ་དང་། འཚོ་བའི་གསོག་འཇོག ཐབས་རྩལ་མཚོན་ཐབས་བཅས་ཀྱི་གཅིག་བསྡུས་ཀྱི་མཚོན་བྱེད་ཅིག་ཡིན་པས། རྩོམ་བྱང་འབྲི་སྐབས་འཇོན་མི་གདམ་གསེས་དང་འཇོན་མི་གསོ་སྐྱོང་གི་ཕྱོགས་གཉིས་ཀྱི་དམིགས་ཡུལ་ལ་ཁ་གཏོད་དགོས་ཤིང་། གཙོ་བོ་སློབ་མའི་ནུས་པ་དང་བློ་རིག་གི་ཚད་འཇལ་བ་དེ་ཡིན། དཔེར་ན། མཐོ་རྒྱུགས་ཀྱི་ཁ་བྱང་ལ“རི་མོར་ལྟ་བའི་རྩོམ་ཡིག”སྟེ། སློབ་མས་དཔེ་རིས་ལ་བལྟས་རྗེས་ཐོག་མར་པར་རིས་ནང་དོན་ལ་བལྟས་ནས་གསལ་བཤད་ཅིག་འབྲི་བ་དང་།
དེའི་རྗེས་ལུང་དྲངས་པ་དང་དོན་དངོས་དང་འབྲེལ་ནས་གླེང་དགོས་པའི་བླང་བྱ་བཏོན་ཡོད། གསལ་བཤད་ཀྱི་ནང་དོན་ལས་སློབ་མའི་ལྟ་ཞིབ་ཀྱི་ཤེས་ཚོར་རྣོ་མིན་དང་། མཚོན་བྱ་ལྷང་ལ་བུད་ཡོད་མེད་ཀྱི་ཆ་ཡང་རྟོགས་ཐུབ་ལ། སློབ་མས་རི་མོར་དབྱེ་ཞིབ་བྱས་ནས་རང་ཉིད་ཀྱི་རྩོམ་བྱང་གཏན་ཁེལ་བྱས་ཏེ་དགག་སྒྲུབ་རྩོམ་ཡིག་བྲིས་པའི་ཁྲོད། སློབ་མའི་བསམ་བློའི་ཆུ་ཚད་དང་རྩོམ་འབྲིའི་ནུས་རྩལ་ཡང་རྟོགས་ཐུབ།
        རི་མོར་བལྟས་ནས་རྩོམ་བྱང་འབྲི་བ་འདི་ལྟ་བུས་རྒྱུགས་སྤྲོད་སློབ་མའི་གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་སྟེ་རྩོམ་ལུས་གཉིས་ཀྱི་སློབ་མའི་ལྟ་ཞིབ་དང་། དབྱེ་ཞིབ། མཚོན་ཐབས་གསུམ་གྱི་ནུས་པ་རྒྱུགས་བླངས་ཡོད་པར་མ་ཟད། དངོས་གནས་རྒྱུ་ཆ་གཅིག་ཐེངས་གྲངས་གང་མང་བཀོལ་བའི་ཞིབ་དཔྱད་ཀྱི་ནུས་པའང་ཐོན་པར་བགྱིས་ཡོད།“སླ་ངར་འགྲོགས་ན་ནག་པོ”དང“སླ་ངར་འགྲོགས་ན་ནག་པོར་འགྱུར་བའི་ངེས་པ་མེད”ཅེས་པའི་ཁ་བྱང་གཉིས་ལས་གཅིག་བདམས་ཏེ། ཡིག་འབྲུ600ཡས་མས་ཀྱི་དགག་སྒྲུབ་རྩོམ་ཡིག་འབྲི་དགོས་པའི་རེ་བ་བཏོན་པ་ལྟ་བུ་མང་ན་ཡང་།ཚང་མས་རྩོམ་བྱང་འགོད་པའི་རྒྱུགས་རའི་རྩ་དོན་བོར་མེད་པ་དང་། རྒྱུགས་རའི་རྩོམ་བྱང་དང་རྩོམ་ལུས་སྣ་མང་ཅན་གྱི་ཕྱོགས་སུ་འཕོ་འགྱུར་བྱུང་ཡོད་པ་གསལ་པོར་མཚོན།
གཉིས་པ། རྒྱུགས་རའི་རྩོམ་ཡིག་གི་རིགས།
        རྒྱུགས་རའི་རྩོམ་ཡིག་གི་དུས་རབས་རང་བཞིན་དང་། བྲི་ཆོག་པའི་རང་བཞིན། ཚད་བཀག་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་ཁྱད་ཆོས་གང་ལེགས་མཚོན་པའི་ཆེད། གཙོ་བོ་རྒྱུགས་ལེན་པའི་བསམ་གཞིག་གི་ནུས་པ་གཞི་འཛིན་ས་བྱེད་དགོས་ལ། རྒྱུགས་རའི་རྩོམ་ཡིག་གི་བརྗོད་གཞི་འགོད་མཁན་གྱིས་མུ་མཐུད་དུ་བརྗོད་བྱའི་རྣམ་པ་བརྗེ་བ་དང་། རྒྱུགས་གཞི་གསར་པ་དང་། གསོན་ཉམས་ལྡན་པ། གང་འཚམ་ཡིན་པར་འབད་པ་ལྷོད་མེད་བྱེད་དགོས།
གཅིག བརྗོད་གཞི་རྐྱང་བའི་རྩོམ་ཡིག
        བརྗོད་གཞི་རྐྱང་བའི་རྩོམ་ཡིག་ཅེས་པ་ནི་རྩོམ་ཡིག་གི་བརྗོད་གཞི་གཅིག་ལས་མེད་པ་དང་། སྐབས་འགར་ཁ་བྱང་ཕལ་བའི་བརྗོད་བྱ་གསལ་པོར་གཏན་ཁེལ་བྱེད་པ་ཕུད། གཞན་པའི་ཚད་བཀག་གི་ཆ་རྐྱེན་ཅི་ཡང་མེད། འདི་ནི་རང་རྒྱལ་གྱི་ལོ་ངོ་སྟོང་ཕྲག་དུ་མའི་བརྒྱུད་རིམ་ལྡན་པའི་སྲོལ་རྒྱུན་གྱི་རྩོམ་ཡིག་གི་བརྗོད་གཞི་འགོད་པའི་རྣམ་པ་ཞིག་ཡིན། དཔེར་ན། 《སྔོན་ལ་སྡུག་མྱངས་ན། རྗེས་སུ་བདེ་བ་འབྱུང》ཞེས་པ་དང་།《གོམས་གཤིས》སོགས་ལྟ་བུ་ཡིན། འདི་ལས་གསལ་བཤད་བྱེད་ཐུབ་པ་ཞིག་ལ། འདས་ཟིན་པའི་རྒྱུགས་བླངས་ཁྲོད་དུ་བརྗོད་གཞི་འགོད་མཁན་གྱིས་བརྗོད་གཞི་དགོད་སླ་བར་མ་ཟད། རྒྱུགས་སྤྲོད་མཁན་གྱིས་འདྲི་གཞི་ཐག་གཅོད་སླ་བ་དང་། རྩོམ་ཡིག་ཀྱང་མགྱོགས་པའི་སྒོ་ནས་འབྲི་ཐུབ་པས་བརྗོད་གཞི་རྐྱང་བའི་རིགས་ཀྱི་སྔར་བཞིན་གོ་གནས་གལ་ཆེན་ཟིན་ཡོད་པ་མངོན་གསལ་དོད་པོ་རེད།
གཉིས། བརྗོད་གཞི་ཕྱེད་ཀའི་རྩོམ་ཡིག
        བརྗོད་གཞི་ཕྱེད་ཀ་ཙམ་གྱི་རྩོམ་ཡིག་ནི་ཉེ་བའི་ལོ་འགའི་རིང་དར་བའི་བརྗོད་གཞི་འགོད་སྟངས་ཀྱི་རྣམ་པ་ཞིག་ཡིན། དེར་སྤྱིར་བཏང་དུ་ཁག་གཉིས་ཀྱིས་གྲུབ་པ་སྟེ། གཅིག་ནི་བརྗོད་གཞི་བཀོད་དེ་ཚོད་འཛིན་གྱི་ནུས་པ་ཐོན་པའི་བརྗོད་གཞི་ཕྱེད་ཀ་ཙམ་རེད། ཅིག་ཤོས་ནི་སློབ་མས་བདམས་པའི་རྒྱུ་ཆར་གཞིགས་ནས་རང་གི་གཏན་ཁེལ་བྱས་པའི་བརྗོད་གཞི་ཕྱེད་ཀ་ཅན་ཡིན། དེའི་རྐྱེན་གྱིས་དེར་ཚོད་འཛིན་རང་བཞིན་དང་གདམ་གསེས་རང་བཞིན་གྱི་ཁྱད་ཆོས་ལྡན།
        ཚོད་འཛིན་རང་བཞིན་ཞེས་པ་ནི་གཙོ་བོ་བརྗོད་གཞི་བཀོད་ཚར་བའི་བརྗོད་གཞི་ཕྱེད་ཀ་དེ་མཚོན་པ་ཡིན། བརྗོད་བྱ་ཚོད་འཛིན་བྱེད་པ་ཁ་ཤས་ཏེ། དཔེར་ན། འབྲིང་རྒྱུགས་ཀྱི་རྩོམ་ཡིག《 བདག་ལ་ཁྱེར་ཡོང་བའི་སྤྲོ་སྣང》ལྟ་བུ། བདམས་ཟིན་པའི་རྒྱུ་ཆའི་དགོངས་དོན་ལ་ཚོད་འཛིན་བྱས་ཡོད་པར་མ་ཟད། ངེས་པར་དུ་སྤྲོ་སྣང་ཞེས་པའི་བརྗོད་བྱ་གཙོ་བོ་འདི་མཚོན་དགོས་པ་རེད། ལ་ལར་ནང་དོན་ལ་ཚོད་འཛིན་བྱས་ཡོད་དེ། དཔེར་ན། 《རྩོམ་ཡིག་སློབ་ཁྲིད་ཀྱིས་བདག 》གདམ་བྱའི་རྒྱུ་ཆའི་ནང་དོན་ངེས་པར་དུ་རྩོམ་ཡིག་སློབ་ཁྲིད་ལས་ལེན་དགོས་པའི་བླང་བྱ་བཏོན་ཡོད། ཡང་ལ་ལར་རྩོམ་ལུས་ལ་ཚོད་འཛིན་བྱས་ཡོད་དེ། དཔེར་ན།《 ནས་མགོ་བརྩམས་ཏེ་བཤད་པ》དང《 ཐེབས་པའི་བློ་བསྐྱེད》ལྟ་བུའི་བརྗོད་བྱ་ཡིན་ན། དངོས་སུ་དགག་སྒྲུབ་རྩོམ་ཡིག་འབྲི་དགོས་པའི་བླང་བྱ་བཏོན་ཡོད། ད་དུང་མི་སྣའི་འབོད་སྟངས་ལ་ཚོད་འཛིན་བྱས་ཡོད་དེ། 《ང་རང ཁྲོད་དུ་འཚོ་བ》ཞེས་པ་དང་། 《 ཁྱེད་ཀྱིས་ངས་བཤད་པར་ཉོན》སོགས་ཡོད་ལ། འདི་དག་ཚང་མ་སྐྱེས་བུ་བདག་བརྗོད་ལྟར་འབྲི་དགོས་པའི་བླང་བྱ་བཏོན་པའི་རྩོམ་ཡིག་ཡིན།“འདེམ་ཆོག་པའི་རང་བཞིན”ཞེས་པ་ནི་གཙོ་བོ་ངེས་གཏན་མེད་པའི་བརྗོད་གཞིའི་ཕྱེད་ཀའི་སྟེང་མངོན་པར་བྱེད་པ་དེ་ཡིན། རྒྱུགས་སྤྲོད་སློབ་མས་བརྗོད་གཞི་ཕྱེད་ཙམ་བཏོན་པའི་ཁྱབ་ཁོངས་ནས་མི་སོ་སོའི་དགའ་ཕྱོགས་ཀྱི་ཁྱད་ཆོས་དང་འཚོ་བའི་ཉམས་མྱོང་ལ་གཞིགས་ནས། བརྗོད་སྙིང་སྟོན་ཐུབ་པའི་རྒྱུ་ཆ་བདམས་ཏེ་བརྗོད་གཞི་ཕྱེད་ཀ་གཏན་ཁེལ་བྱ་དགོས། དཔེར་ན། ཧྲང་ཧའེ་གྲོང་ཁྱེར་གྱི་འབྲིང་རྒྱུགས་རྒྱུགས་གཞི་ལ《 བདག་ལ་ཁྱེར་ཡོང་བའི་སྤྲོ་སྣང》ཞེས་པ་དང་། གལ་ཏེ་སློབ་མས་མི་སྣ་འབྲི་ན། ཨ་ཕ་དང་། དགེ་རྒན། སློབ་གྲོགས་སོགས་ཡིན་ཆོག་པ་དང་གལ་ཏེ་དོན་དག་འབྲི་ན་ལྕགས་རྟར་ཞོན་པ་དང་། ཆུར་རྐྱལ་བ། མིག་མངས་གཏོང་བ། སྦྲག་ཐོག་ནས་བསྐུར་བ། ཡུལ་སྐོར་སྤྲོ་གསེང་ལ་སོགས་པ་བྲི་ཆོག གལ་ཏེ་དངོས་པོ་འབྲི་ན། རོལ་རྩེད་ཁང་དང་། དཔེ་ཁང་། དངོས་མང་བཤམས་སྟོན་ཁང་། སྨྱུག་སྒམ། སྦྲག་རྟགས་བསྡུ་གསོག་རྣམས་ནང་དོན་གྱི་ཤོང་ཚད་ཧ་ཅང་རྒྱ་ཆེ་ན་ཡང་།
དགའ་མོས་ཡོད་པའི་བརྗོད་གཞི་གང་རུང་བདམས་ཏེ་བྲི་ཆོག་པ་ཡིན།
        བརྗོད་གཞི་ཕྱེད་ཀ་ཅན་གྱི་རྩོམ་ཡིག་ལ་ཕལ་ཆེར་འདི་ལྟ་བུའི་རྣམ་པ་གཉིས་སུ་དབྱེ་ཆོག་སྟེ།
༡.ཁ་བྱང་རྐྱང་བའི་ཁྲོད་དུ་བརྡ་ཆད་གཙོ་བོ་གཅིག་ནས་གཉིས་ཆད་པ། དཔེར་ན། 《སློབ་ཐུན་འདི་ངོ་མ 》ཞེས་པ་དང་། 《 ཚང་ནས་མགྲོན་པོ་བྱས་པ》སོགས་ནི་བརྡ་ཆད་གཙོ་བོ་གཅིག་ཆད་པའི་བརྗོད་གཞི་ཕྱེད་ཀའི་རྩོམ་ཡིག་ཡིན། 《ང་རང གྱི་དགའ》ཞེས་པ་ལྟ་བུར་མཚོན་ན་བརྡ་ཆད་གཙོ་བོ་གཉིས་ཆད་པའི་བརྗོད་གཞི་ཕྱེད་ཀ་ཡིན།
༢.ཁ་བྱང་གཉིས་ཅན་གྱི་ཁྲོད་དུ་ཁ་བྱང་གཙོ་བོ་ལ་སྟོང་ཆ་འཇོག་པ་བཞིན་དུ་ཁ་བྱང་ཕལ་བར་ཡང་སྟོང་ཆ་བཞག་པ་སྟེ། དཔེར་ན། ཁ་བྱང་གཙོ་བོ་ནི《འབད་བརྩོན་བཤད་པ》དང་། ཁ་བྱང་ཕལ་བ་ནི《 ནས་གླེང་བ》། ཡང་ན་ཁ་བྱང་དངོས་ནི དང་། ཁ་བྱང་ཕལ་བ་ནི《སྦྲུལ་འཛིན་མཁན་གྱིས་བཤད་པ་ལས་ཐོབ་པའི་མྱོང་ཚོར》ལྟ་བུ་ཡིན་ནོ། །
གསུམ། དཔྱད་གཞི་བཀོད་པའི་རྩོམ་ཡིག
        ཉེ་བའི་ལོ་འགའི་རིང་ལ་རྒྱུགས་རའི་རྩོམ་བྱང་འགོད་ཚུལ་ཡང་རྒྱུགས་ལེན་གྱི་ཕན་ནུས་ལྡན་པ་དང་ཚན་རིག་དང་མཐུན་པ་དམིགས་ཡུལ་དུ་བཟུང་ནས། དཔྱད་གཞི་རྩོམ་ཡིག་གི་བརྗོད་གཞི་རྣམ་པ་གསར་པ་བཀོལ་བ་རེད།
        “དཔྱད་གཞི་བཀོད་པའི་རྩོམ་ཡིག”ཅེས་པ་ནི། བརྗོད་གཞི་འགོད་མཁན་གྱིས་ཐོག་མར་རྒྱུ་ཆ་ཁ་ཤས་འདོན་སྤྲོད་བྱས་ནས་རྒྱུགས་སྤྲོད་སློབ་མར་ཀློག་ཏུ་འཇུག་པ་དང་། བསམ་གཞིག་བྱེད་དུ་བཅུག་ནས་དེའི་ཁྲོད་ཀྱི་ལྟ་བར་རྒྱས་བཤད་བྱེད་པའམ། ཡང་ན་གཅིག་རྟེན་གཅིག་དྲན་གྱིས་ཞིབ་བརྗོད་བྱེད་དུ་འཇུག་པ་དེ་ཡིན། རྒྱུ་ཆ་མཁོ་སྤྲོད་བྱས་པའི་རྩོམ་ཡིག་ལས་རྒྱུན་དུ་སློབ་མའི་རྩོམ་ཡིག་འབྲི་སྐབས་ཁ་བྱང་དང་། བརྗོད་བྱ་གཙོ་བོ། ཁྱབ་ཁོངས། རྩོམ་སྟངས། མིའི་མིང་། ཐ་ན་ཡིག་གྲངས་སོགས་ཀྱི་ཐད་ནས་ཚད་བཀག་གི་ཆ་རྐྱེན་འགའ་ཞིག་ཟུར་སྣོན་བྱས་ཡོད་པས། ཚོད་འཛིན་ལྡན་པའི་རྩོམ་ཡིག་གམ་ཆ་རྐྱེན་ལྡན་པའི་རྩོམ་ཡིག་ཏུའང་འབོད་པ་རེད།འདི་ལྟ་བུའི་དཔྱད་གཞི་བཀོད་པའི་རྩོམ་ཡིག་ནི་ནང་དོན་ལ་དངོས་ཡོད་རང་བཞིན་དང་། རྩོམ་ལུས་ཀྱི་སྣ་མང་རང་བཞིན། བསམ་གཞིག་གི་བློ་འབྱེད་རང་བཞིན། འབྲི་སྟངས་ཀྱི་སྐབས་བསྟུན་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ལ། རྒྱུགས་ལེན་མཁན་དང་རྒྱུགས་ལ་ཞུགས་མཁན་ཚང་མས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། རིམ་བཞིན་འཕེལ་རྒྱས་སུ་སོང་ནས་དེང་སྐབས་ཀྱི་རྒྱུགས་རའི་རྩོམ་ཡིག་གི་ཚད་ལྡན་གྱི་བརྗོད་གཞི་འགོད་སྟངས་ཤིག་ཏུ་གྱུར་ཡོད།“ནང་དོན་གྱི་དངོས་ཡོད་རང་བཞིན”ཞེས་པ་ནི། རྒྱུ་ཆ་མཁོ་སྤྲོད་ཚང་མ་སློབ་མའི་འཚོ་བ་དངོས་དང་ཉེ་བར་བཅར་ནས་ཡོད་པས། སློབ་སྦྱོང་གི་འཚོ་བའམ་ཀུན་སྤྱོད་དང་བསམ་ཚུལ་མཚོན་པ་དང་། ཡང་ན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནམ་སྤྱི་ཚོགས་ཀྱི་གོམས་སྲོལ་ལྟ་བུ་སོགས་ཡིན།“རྩོམ་ལུས་ཀྱི་སྣ་མང་རང་བཞིན”ཞེས་པ་ནི། རྩོམ་ལུས་གཅིག་ཁོ་ན་མ་ཡིན་པར“རྒྱུ་ཆ་གཅིག་ལ་རྩོམ་ལུས་གང་མང”དང་།“རྒྱུ་ཆ་མང་པོར་རྩོམ་ལུས་གང་མང”སོགས་ཡོད། “བསམ་གཞིག་གི་བློ་འབྱེད་རང་བཞིན”ཞེས་པ་ནི། རྒྱུ་ཆ་ཀློག་པ་དང་དབྱེ་ཞིབ་བརྒྱུད་ནས་སློབ་མར་བརྗོད་དོན་མི་འདྲ་བའི་ལྟ་ཕྱོགས་མཚོན་ཐུབ་པ་དང་། ཕྱོགས་མི་འདྲ་ས་ནས་རིག་པས་བསྒྲུབ་པར་རྟིང་སྐུལ་བགྱིས་ཏེ་བརྗོད་གཞི་མི་འདྲ་བའི་རྩོམ་ཡིག་འབྲི་ཐུབ། དེ་ལྟར་རྒྱུགས་སྤྲོད་སློབ་མས་ལྟ་ཕྱོགས་མང་བ་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་སྒོ་ནས་བྱ་དངོས་ལ་ལྟ་ཞིབ་བྱེད་པར་སྦྱོང་བརྡར་བྱེད་ཐུབ་ཅིང་། ཁོ་ཚོའི་ལྟ་ཞིབ་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་། ཟུར་ཚད་མི་འདྲ་བའི་བསམ་བློ་གཏོང་སྟངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།“འབྲི་སྟངས་ཀྱི་སྐབས་བསྟུན་རང་བཞིན”ཞེས་པའི་རྩོམ་ཡིག་འདི་ལྟ་བུ་ནི། སློབ་མའི་བརྗོད་གཞི་དང་ཐོད་རྒལ་མི་བྱ་བར་མ་ཟད། འབྲི་སྟངས་ལ་ཡང་ཚོད་འཛིན་མེད། གཞན་ཡང་། དཔྱད་གཞི་བཀོད་པའི་རྩོམ་ཡིག་ལ་དཔྱད་ཆོག་པའི་རང་བཞིན་དང་། བརྗོད་ཆོག་པའི་རང་བཞིན་ལྡན་པའི་བཟང་ཆ་ཡང་འབུར་ཐོན་ཅན་ཡོད་དེ།“དཔྱད་ཆོག་པའི་རང་བཞིན”གྱི་ཐད་ནས་བཤད་ན། འདིས་བརྗོད་གཞི་ཚོད་དཔག་དཀའ་ཞིང་རྒྱུགས་སྤྲོད་སློབ་མའི་ལྟ་ཀློག་དང་། དབྱེ་ཞིབ། ཤེས་རྟོགས། བཤད་པ་སོགས་ཀྱི་ནུས་པ་རྟོག་ཞིབ་བྱ་ཐུབ་ལ།“བརྗོད་ཆོག་པའི་རང་བཞིན”གྱི་ཐད་ནས་བཤད་ན། འདིས་ཀྱང་གཅིག་གྱུར་གྱི་སྐར་གྲངས་ཚད་འཇལ་དང་། སྐར་མ་སྟེར་སྐབས་ཀྱི་འོལ་ཚོད་ཀྱི་ཧེ་བག་ཇེ་ཉུང་དུ་གཏོང་ཐུབ། འདི་དག་ནི་དེང་སྐབས་ཀྱི་རྒྱུགས་རའི་རྩོམ་ཡིག་གི་བརྗོད་བྱ་འགོད་སྟངས་ཀྱི་རྣམ་པ་གཙོ་བོ་ཡིན་པའི་རྒྱུ་རྐྱེན་ཞིག་ཡིན།
        རྩོམ་ལུས་ཀྱི་སྟེང་ནས་བལྟས་ན། ཇི་བཞིན་བརྗོད་པའི་དཔྱད་གཞི་དང་། གསལ་བཤད་རྩོམ་ཡིག་གི་དཔྱད་གཞི། དགག་སྒྲུབ་རྩོམ་ཡིག་གི་དཔྱད་གཞི་བཅས་ཡོད། རྣམ་པའི་སྟེང་ནས་བལྟས་ན། ཡི་གེའི་དཔྱད་གཞི་དང་རབ་བཏགས་རི་མོའི་དཔྱད་གཞི་བཅས་ཡོད།ཚང་མ་དཔྱད་གཞི་བཀོད་པའི་རྩོམ་ཡིག་ཡིན་པ་འདྲ་ཡང་། བཀོད་ཟིན་པའི་དཔྱད་གཞིའི་རྣམ་པ་དང་།ཁྱབ་ཁོངས་མི་འདྲ་བའི་རྐྱེན་གྱིས་ལྷག་པར་དུ་རྩོམ་རྒྱུགས་ཀྱི་རྩོམ་ལུས་མི་འདྲ་བ་དང་། ལྟ་ཕྱོགས་མི་འདྲ་བ། དཔྱད་གཞི་ཐག་གཅོད་བྱེད་ཐབས་ཀྱང་མི་འདྲ་བ་སོགས་རིགས་བཞི་རུ་དབྱེ་ཆོག་པ་སྟེ།
༡.ཤུགས་བསྟན་གྱི་གོ་དོན་ཡོད་པའི་དཔྱད་གཞིའི་རྩོམ་ཡིག
        འདིའི་མཁོ་སྤྲོད་རྒྱུ་ཆར་ཤུགས་བསྟན་གྱི་གོ་དོན་ཡོད་པའི་རྒྱུ་ཆ་ཡིན་ལ། རྒྱུགས་སྤྲོད་མཁན་ལ་ཤུགས་བསྟན་གྱི་རྩོམ་ཡིག་གི་གོ་དོན་འབྲི་དགོས་པའི་བླང་བྱ་བཏོན་ཡོད། རྒྱུགས་སྤྲོད་སློབ་མས་རྒྱུ་ཆའི་གོ་དོན་ལ་གཏིང་ཟབ་པའི་གོ་བ་ཡག་པོ་ལེན་ཐུབ་ན། ད་གཟོད་ལྟ་བ་གཏན་ཁེལ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཕྲོས་ཐུབ་པ་རེད།
༢.དཔྱད་བསྡུར་ཅན་གྱི་དཔྱད་གཞིའི་རྩོམ་ཡིག
        འདི་ནི་བཀོད་ཟིན་པའི་རྒྱུ་ཆའམ་རྒྱུགས་སྤྲོད་སློབ་མར་གནས་ཚུལ་གང་རུང་བསྟན་ནས། དཔྱད་བརྗོད་སྤེལ་དགོས་པའི་བླང་བྱ་བཏོན་པ་དེ་ཡིན།
༣.འཕྲོས་བརྗོད་ཅན་གྱི་དཔྱད་གཞིའི་རྩོམ་ཡིག
        འདི་ཡང་བཀོད་ཟིན་པའི་རྒྱུ་ཆའམ་རྩོམ་ཡིག་ཅིག་གམ། ཡང་ན་རྩོམ་ཡིག་ཅིག་གི་ནང་དོན་གྱི་རིག་ལམ་ལྟར་སློབ་མས་གཏན་ཁེལ་རང་བཞིན་གྱི་རྩོམ་འབྲི་བྱ་དགོས་པའི་བླང་བྱ་བཏོན་ཡོད། དེ་ལ་སྤྱིར་བཏང་དུ་རྒྱས་འབྲི་དང་། བསྡུས་འབྲི། བཅོས་འབྲི། མཐུད་འབྲི། གསབ་འབྲི། སྒྱུར་འབྲི་སོགས་ཀྱི་རྣམ་པ་འདུས།
༤.ཚོར་སྣང་ཅན་གྱི་དཔྱད་གཞིའི་རྩོམ་ཡིག
        འདི་ཡང་བཀོད་ཟིན་པའི་རྒྱུ་ཆར་ལྟ་ཀློག་བྱས་ནས་བཀླགས་རྗེས་ཀྱི་མྱོང་ཚོར་འབྲི་བ་དེ་ཡིན། འདི་ནི་ཉེ་བའི་ལོ་འགའི་མཐོ་རྒྱུགས་ལ་བཀོལ་ཚད་ཅུང་མང་བའི་བརྗོད་གཞི་ཞིག་ཡིན།
        མདོར་ན། རྒྱུགས་ལེན་པའི་བརྗོད་གཞི་ཚད་ལྡན་ཅན་དང་དངོས་ཡོད་ཅན་དུ་གྱུར་པ་དང་བསྟུན་ནས། དཔྱད་གཞིའི་རྩོམ་ཡིག་འདིའི་རིགས་རྒྱུགས་རའི་རྩོམ་ཡིག་གི་བརྗོད་གཞིའི་ཁྲོད་བཀོལ་སྤྱོད་བྱེད་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་བར་མ་ཟད། དེའི་བརྗོད་གཞིའི་རྣམ་པའང་ཟམ་མི་ཆད་པར་འགྱུར་བ་དང་འཐུས་ཚང་དུ་འགྲོ་བཞིན་ཡོད། ཆེས་མངོན་གསལ་ཡིན་པ་ནི་ཁ་བྱང་མང་པོ་ཅན་དང་རྩོམ་ལུས་མང་པོ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ་དེ་རེད།
        ཁ་བྱང་མང་པོ་ཞེས་པ་ནི་རྒྱུ་ཆ་མཁོ་སྤྲོད་བྱས་ཟིན་པའི་རྩོམ་ཡིག་ཁྲོད་དུ། ཁ་བྱང་འགའ་ཞིག་གཏན་ཁེལ་བྱས་ཏེ་སློབ་མར་བླང་བྱ་ལྟར་རྩོམ་འབྲི་བ་དེ་ལ་གོ་བ་རེད། དཔེར་ན། རྒྱུ་ཆ་མཁོ་སྤྲོད་བྱས་ཟིན་པའི་རྩོམ་ཡིག་ལ་བསྡོམས་པས་བརྗོད་གཞི་གསུམ་ཡོད་དེ། དང་པོར་ཚིག་སྒྲིག་པ་དང་། གཉིས་པར་དུམ་མཚམས་ཤིག་འབྲི་བ། གསུམ་པར་རྩོམ་ཡིག་གྲུབ་པ། འདི་ལྟར་སྔོན་ལ་སྣ་གཅིག་རྒྱུགས་ལེན་དང་རྗེས་སུ་ཕྱོགས་བསྡུས་རྒྱུགས་ལེན། སྔོན་ལ་ཞིབ་འབྲི་རྒྱུགས་ལེན་དང་རྗེས་སུ་དགག་སྒྲུབ་རྒྱུགས་ལེན་ལྟ་བུ་དང་། རྩོམ་ཡིག་འབྲི་སྟངས་ཀྱང་སྣ་མང་ཅན་དང་བརྒྱུད་རིམ་ཅན་གང་མང་ཡོད་པ་བསྟན་ཡོད།        
        “རྩོམ་ལུས་མང་པོ”ཞེས་པ་ནི། རྩོམ་ལུས་མང་པོ་ཟུང་འབྲེལ་དམ་ཟབ་བྱས་པ་ཞིག་ཡིན་ཞིང་། བསྡུས་འཕྲིན་འབྲི་བ་དང་དཔྱད་བརྗོད་ཐུང་ངུ་འབྲི་བ། ཐོ་འགོད་རང་བཞིན་གྱི་གསར་འགྱུར་འབྲི་བ་བཅས་ཀྱིས་མཚོན་པའི་དཔྱད་གཞིའི་རྩོམ་ཡིག་གི་བརྗོད་གཞི་བྱེ་བྲག་ཏུ་རྩོམ་ལུས་མི་འདྲ་བའི་བཀོལ་སྤྱོད་ཀྱི་ནུས་པའི་ཁྲོད་ནས་རྒྱུགས་བླངས་པ་རེད།
༥.ཉེར་སྤྱོད་རྩོམ་ཡིག་འབྲི་བ།
        ཉེར་སྤྱོད་རྩོམ་ཡིག་འབྲི་བ་ནི། རྒྱུགས་རའི་རྩོམ་ཡིག་གི་བརྗོད་གཞི་འགོད་པའི་གལ་ཆེའི་རྣམ་པ་ཞིག་ཡིན།ལས་རིགས་ལག་རྩལ་སློབ་གྲྭ་འགའ་ཞིག་གི་སྐད་ཡིག་རྒྱུགས་ལེན་གྱི་གནས་ཚུལ་མ་བཤད་ཀྱང་། རྒྱུན་དུ་ཚང་མས་ཉེར་སྤྱོད་རྩོམ་ཡིག་གི་རྒྱུགས་ལེན་པ་གཙོ་བོར་བཟུང་ཡོད་ལ། མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་རྩོམ་ཡིག་རྒྱུགས་གཞི་ལ་ཡང་རིམ་བཞིན་ཉེར་སྤྱོད་རྩོམ་ཡིག་གི་རྒྱུགས་གཞི་བྱུང་ཟིན་པ་རེད། ཚོང་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཆེད། ཉེར་སྤྱོད་རྩོམ་ཡིག་གི་རིགས་དང་། ལྷག་པར་དུ་གཞུང་དོན་ཡིག་རིགས་དང་། ནོར་སྲིད་དཔལ་འབྱོར་ཡིག་རིགས། གཏུག་བཤེར་ཡིག་རིགས་བཅས་བེད་སྤྱོད་གཏོང་བའི་རིགས་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བ་རེད།དེའི་དབང་གིས། དེང་ཕྱིན་རྒྱུགས་རའི་རྩོམ་ཡིག་ཁྲོད་ཀྱི་ཉེར་སྤྱོད་རྩོམ་ཡིག་གི་བརྗོད་གཞི་ཡང་ངེས་པར་དུ་བརྗོད་གཞི་འགོད་མཁན་གྱི་རྒྱུགས་གཞི་ཇུས་འགོད་བྱེད་པའི་གལ་ཆེའི་བསམ་ཕྱོགས་ཤིག་ཏུ་འགྱུར་ངེས་ཡིན་པའི་ཐེ་ཚོམ་ག་ལེ་ག་ལེར་སྐྱེས་བྱུང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1