སྤྱི་ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད། ཉིན་དེའི་ཕྱི་དྲོ། ཁོང་དང་ཐོག་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་དུ་ཡོད་པའི་ཆིན་ལིང་ཉིའུ་པེ་ལེའང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས། ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས། ཆིན་ལིང་གི་སྒྲིག་འགལ་འཛུགས་སྐྲུན་ནི་བསླབ་བྱ་ཆེན་པོ་ཞིག་ཡིན་པས། ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲ་ཧྲུའེ་རྫོང་ཞའོ་ལིང་གྲོང་རྡལ་ཅིན་སྨི་གྲོང་ཚོར་ཕེབས་པ་རེད། ཅིན་སྨི་གྲོང་ཚོ་ནི་ཆིན་ལིང་གི་ཕུ་ན་གནས་པས། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས། མང་ཚོགས་ཀྱིས་མོག་རོ་བཏབ་པ་བརྒྱུད་དབུལ་སྒྲོལ་ཐུབ་ཡོད། གྲོང་ཚོའི་གསོ་སྦྱོང་ལྟེ་གནས་སུ་གྲོང་མི་ཁ་ཤས་ཀྱིས་དྲ་ཐོག་ནས་ཚོང་ཟོག་འཚོང་བའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐད་གཏོང་ལས་སྟེགས་མདུན་དུ་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་བཀལ་མོལ་གནང་བ་རེད། ཁོང་གིས། དྲ་ཐོག་ཚོང་དོན་ནི་གསར་དར་ལས་རིགས་ཤིག་ཡིན་ཞིང་། ཞིང་ཞོར་ཐོན་རྫས་བྲིན་ཚོང་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་ཐུབ་པ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་ལ་ཡང་སྐུལ་འདེད་གཏོང་ཐུབ་པས་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་གསུངས་གནང་ཡོད།
སྤྱི་ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཞི་ཞིང་ཆེན་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཤན་གྲོང་རྡལ་དུ་ཕེབས་ནས། ཅིན་ཕིང་སྡེ་ཁུལ་དང་། གྲོང་རྡལ་འཕྲོད་བསྟེན་ཁང་། ལྟེ་བའི་སློབ་ཆུང་། ཇ་ཞིང་ར་བ་བཅས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད།