[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བླ་བཙུན་ཁག་གཅིག་གིས་བརྩམས་གནང་བའི་གེ་སར་གསོལ་མཆོད་ཀྱི་ཡིག་ཆའི་ནང་དོན་གཞིར་བཟུང་སྟེ། བོད་ཀྱི་དམངས་ཁྲོད་གེ་སར་དད་མོས་ཁྲོད་ཀྱི་གསོལ་མཆོད་ཆོ་གའི་རིགས་ཁག་གཅིག་ལ་དབྱེ་ཞིབ་དཔྱད་བརྗོད་དང་། དེ་བཞིན་ཆོ་གའི་སྒྲུབ་རྫས་དང་། བྱེད་ནུས། སྒྲུབ་སྟངས་སོགས་ཀྱི་ཆ་ནས་དེ་དག་གི་ཐུན་མོང་དང་ཐུན་མོང་མིན་པའི་ཁྱད་ཆོས་སོགས་ཀྱི་ཐད་དཔྱད་གླེང་རགས་ཙམ་བྱས་ཡོད།
[གནད་ཚིག] གེ་སར། དམངས་ཁྲོད་དད་མོས། ཆོ་ག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29.7[ཡིག་ཆའི་མཚོན་རྟགས།]A[རྩོམ་ཡིག་ཨང་རྟགས།]1002-946X(2019)04-116- l7
དམངས་ཁྲོད་དད་མོས་ཀྱི་གཞུང་ལུགས་ལྟར་ན། ཆོ་ག་ནི་དམངས་ཁྲོད་དད་མོས་ཁྲོད་དུ་གསང་བ་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་ལ་བརྟེན་ནས་མི་དང་བྱ་དངོས་སོགས་ལ་ཚོད་འཛིན་བྱེད་པའི་ཐབས་ཁྱད་པར་བ་ཞིག་ལ་བརྗོད་པ་ཡིན་ཞིང་། དེའི་ཞིབ་འཇུག་གི་ཐབས་ལམ་ཐད་ནས་ས་ཡུལ་དངོས་ལ་བརྟག་དཔྱད་ཀྱིས་རྒྱུ་ཆ་བསྡུ་ལེན་བྱ་རྒྱུ་ནི་ཆེས་གལ་ཆེན་དུ་འཛིན་པ་རེད། རང་རེ་བོད་ལ་དམངས་ཁྲོད་དད་མོས་ཀྱི་ཆོ་གའི་གཞུང་ལུགས་ཀྱི་ཡིག་ཆ་མང་པོ་ཡོད་པ་མ་ཟད། དེ་དག་ཕལ་ཆེ་བར་ཆོ་གའི་གོ་རིམ་དང་ཆ་རྐྱེན་སོགས་གསལ་པོར་བསྟན་ཡོད་པས། དམངས་ཁྲོད་དད་མོས་ཁྲོད་ཀྱི་ཆོ་གའི་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། རྩོམ་ཡིག་འདིར་ཁོ་བོས་ས་ཡུལ་དངོས་ལ་བརྟག་དཔྱད་བྱས་འབྲས་དང་། གེ་སར་དད་མོས་ཁྲོད་ཀྱི་ཆོ་གའི་གཞུང་ལུགས་སྐོར་གྱི་ཡིག་ཆ་ཁག་གཅིག་གཙོ་བོར་བཟུང་ནས། བོད་ཀྱི་དམངས་ཁྲོད་གེ་སར་དད་མོས་ཁྲོད་ཀྱི་ཆོ་གའི་རིགས་དང་། ཆོ་གའི་ཁྱད་ཆོས། ཆོ་གའི་གོ་རིམ་སོགས་ཇི་ལྟར་ཡིན་ཚུལ་སོགས་ངོ་སྤྲོད་བྱེད་པ་དང་སྦྲགས། དེ་འབྲེལ་གྱི་རིག་གནས་སྐོར་གླེང་བར་འདོད།
དང་པོ། པྲ་འབེབས་པ།
གེ་སར་རྒྱལ་པོ་པྲ་ལྷར་མཆོད་པ་ལ་པྲ་ལྷ་རྒྱལ་པོ་ཨ་དཀར་འོད་ཀྱི་ཝེར་མ་ཞེས་འཇུ་མི་ཕམ་ཚང་གིས་ལྷ་མཚན་ཁྱད་པར་བ་ཞིག་གསོལ་ཡོད་ཅིང་། པྲ་ལྷ་དེ་ནི་རྨ་རྒྱལ་སྤོ་མཐོ་རི་ཡི་མཁའ་སྤྱོད་འཇའ་འོད་ཀྱི་གུར་ཁང་ངམ་སྣང་སྲིད་གསལ་བའི་གུར་ཁང་དུ་སྣང་སྟོང་མཉམ་བཞག་ཆེན་པོའི་སྒོ་ནས་བཞུགས་ཤིང་། ཕྱག་གཡས་ན་རིན་ཆེན་སྒྲོན་མེ་དང་གཡོན་ན་རཏྣའི་མེ་ལོང་འཛིན་པ། གོས་དཀར་པོ་གྱོན་ཏེ་མེ་ཏོག་རྒྱས་པའི་སྟེང་ན་འགྱིང་བ། འཁོར་ན་དགྱེས་ཡུམ་གསང་བའི་ལྷ་མོ་ལྔས་རྡོ་རྗེ་བྲོ་གར་འཁྲབ་ཅིང་བརྡ་གླུ་ལེན་པ་ཞིག་ཡོད་ཚུལ་འཇུ་མི་ཕམ་གྱི་《བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་བརྒྱུད་ཤོག་དྲིལ་མ་བཞུགས་སོ་》ཞེས་པར་གསལ་ཏེ། “བསྭོ༔ སྣང་སྟོང་མཉམ་པ་ཆེན་པོའི་དབྱིངས༔ གཡུང་དྲུང་འགྱུར་བ་མེད་པ་ཡི༔ དོན་དམ་ཐིག་ལེའི་ངང་ཉིད་ལས༔ རང་བྱུང་ཐུགས་རྗེའི་སྐུ་སྤྲུལ་པ༔ གེ་སར་ནོར་བུ་དགྲ་འདུལ་རྩལ༔ ཤར་ཕྱོགས་རྨ་རྒྱལ་སྤོ་མཐོའི་རིའི༔ སྟེང་མཁར་མཁའ་སྤྱོད་འཇའ་འོད་གུར༔ སྣང་སྲིད་གསལ་བའི་ཕོ་བྲང་ནས༔ ཕྱྭ་གཤེན་རྣོ་མཐོང་འཕྲུལ་གྱི་ལྷ༔ ཨ་དཀར་འོད་ཀྱི་ཝེར་མ་ནི༔ ཁྱེའུ་བཅུ་དྲུག་ལང་ཚོས་སྒེག༔ དཀར་གསལ་དག་པའི་ཤེལ་འདྲ་བ༔ ཕྱག་གཡས་རིན་ཆེན་སྒྲོན་མེ་ཐོགས༔ སྲིད་པ་གསུམ་པོ་ལམ་མེར་གསལ༔ གཡོན་ན་རཏྣའི་མེ་ལོང་འཛིན༔ ལྐོག་གྱུར་མ་ལུས་སྒྲིབ་མེད་འཆར༔ དར་དཀར་རལ་ཀ་འཇའ་སྤྲིན་གོས༔ མེ་ཏོག་རྒྱས་པའི་སྟེང་ན་འགྱིང༔ དགྱེ་ཡུམ་གསང་བའི་ལྷ་མོ་ལྔ༔ འོད་ལྔ་འབར་ཞིང་མེ་ལོང་དང༔ དགོས་འབྱུང་བུམ་པ་བཟང་པོ་འཛིན༔ ཡབ་ལ་བལྟ་ཞིང་ཆགས་པའི་ཚུལ༔ འཁོར་དུ་ཀུན་གསལ་ཝེར་མ་འབུམ༔ རྡོ་རྗེ་བྲོ་གར་བརྡའ་གླུ་བསྒྱུར༔ བདེ་དྲོད་གཟི་འབར་ཡ་ལ་ལ༔ སྨན་སྤོས་དྲི་བཟང་ཐུ་ལུ་ལུ༔ འཇའ་སྤྲིན་མེ་ཏོག་ཐོ་ལོ་ལོ༔ སྒྲུབ་པ་པོ་ལ་གདུང་ཞིང་འདུད༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ བདུད་རྩི་ཅན་གྱི་ཤིང་གསུམ་དང་༔ སྤོས་དཀར་སྦྱར་བའི་དུད་སྤྲིན་འབུལ༔ འོ་ཆབ་འབྲས་ཆང་མངར་གསུམ་གྱིས༔ སྦགས།པའི་རོ་མཆོག་ཞལ་སྐྱེམས་འབུལ༔ མི་ཤེས་མུན་འཇོམས་མར་མེ་དང༔ མདའ་དར་མེ་ལོང་ཕྱེ་མར་ཕུད༔ འདོད་ཡོན་དྲུག་གི་མཆོད་པ་འབུལ༔ རང་སྣང་སྒྱུ་མར་ཤར་བའི་ལྷ༔ ཀུན་གསལ་ཆུ་ཟླའི་རོལ་མོ་ཡིས༔ རྡོ་རྗེའི་སྲོག་ལ་དམ་བསྲེ་ན༔ སྔགས་ཀྱི་དམ་ཚིག་གནད་དུ་ལོངས༔ ཞེས་ལྷའི་ཐུགས་རབ་དཀར་པོ་ཟླ་བ་ལྟ་བུ་ལ༔ སྔགས་ཕྲེང་གིས་བསྐོར་བ་དམིགས་ཏེ། བསྭོ༔ ཨ་དཀར་ཝེར་མ་ཁོད་དེ་འདུ༔ གསལ་ས་ལེ་པྲ་ཕོབ་སྲོ་ཧཱ༔ ཞེས་བཟླས༔ ཀྱེ༔ དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་སྣང་སྲིད་གསལ་བའི་ལྷ༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ དམ་ལས་མ་འདའ་ད་ཚུར་བྱོན༔ རྣལ་འབྱོར་ངེད་ཀྱི་དགོས་པ་འདི༔ ཕ་ཁྱེད་ལ་མི་དྲི་སུ་ལ་དྲི༔ བུ་ང་ལ་མི་གསུང་སུ་ལ་གསུང༔ བར་སྣང་འཇའ་དང་འོད་ཀྱིས་གང༔ བརྡའ་དང་རོལ་མོ་ཁྲོ་ལོ་ལོ༔ གར་དང་རྣམ་འགྱུར་ཤིགས་སེ་ཤིག༔ ཕོ་རྒྱུད་གཟི་འབར་ཡ་ལ་ལ། མོ་རྒྱུད་མཛེས་འཛུམ་ལྷབས་སེ་ལྷབ༔ བདག་དང་པྲ་རྟེན་འདི་ཉིད་ཀྱི༔ ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ སྣང་སྲིད་སྒྱུ་མའི་ལྟད་མོ་སྟོན༔ ད་ལྟ་ཉིད་དུ་པྲ་ཕོབ་ཅིག ཅེས་བསང་བཏང༔ མདའ་དར་དང་རོལ་མོ་བཅས་ཏེ་རྟེན་མེ་ལོང་སོགས་ལ་བལྟར་བཅུག་གོ༔ ས་མ་ཡ༔ ”①ཞེས་བྱུང་བ་ལྟར་ཡིན། གོང་གསལ་དག་ལས་སྒོམ་སྒྲུབ་བྱེད་སྟངས་དང་། ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབས་ཚུལ། པྲ་རྟེན་མེ་ལོང་སོགས་ལ་ལྟ་ཚུལ་ཡང་རགས་ཙམ་ཤེས་ཐུབ།
པྲ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་གཙོ་བོ་མེ་ལོང་པྲ་དང་། མཐེ་བོང་པྲ། རྩ་པྲ་བཅས་རྣམ་པ་གསུམ་དུ་འདུ་ལ། དེ་དག་ལས་སྔ་མ་གཉིས་ལ་མཐོང་པྲ་ཞེས་པྲ་མཁན་རང་གིས་བལྟ་དགོས་པའི་རིགས་གཅིག་དང་། གཞན་མཐོང་གི་པྲ་སྟེ། པྲ་མཁན་གྱིས་པྲ་ཕབ་ནས་མི་གཞན་ལ་བལྟ་རུ་འཇུག་དགོས་པའི་རིགས་གཉིས་སུ་སྣང་། རྩ་པྲ་ནི་རྣམ་པ་གཞན་ཞིག་སྟེ། ཤིང་སྟག་པའི་བུ་ཆུང་སོར་བཞི་པ་ཞིག་བསྒྲུབས་རྗེས་གོས་ཀྱི་གོང་བ་ལ་སོགས་རྣ་བ་དང་ཉེ་བར་སྦས་ནས་དེས་ལེགས་ཉེས་སྐད་ཀྱི་བརྡ་སྟོན་པར་འདོད། དེ་ནི་སྨན་པས་རྩ་སོགས་ནད་ལ་བརྟག་པར་མཁོ་བས་རྩ་པྲ་རུ་འབོད། གཞན་ཡང་ཆུས་བཀང་བའི་སྣོད་དང་ནམ་མཁའི་ཁམས་སུ་པྲ་འབེབས་པ་དང་། བརྟག་བྱའི་དོན་མིག་ལམ་དུ་ཡི་གེར་འཆར་བ་དང་ཡིད་ཀྱི་སྣང་ངོར་ཤར་བའི་པྲའི་རིགས་ཀྱང་ཡོད་པར་བཤད།
གཞན་ཡང《སེང་ཆེན་འོད་དཀར་འོད་ཀྱི་ཝེར་མའི་པྲ་སྒྲུབ་བཞུགས》ཞེས་པ་ལས། “ཨོཨཱ༔ཧཱུྃཧྲཱི༔ ཆོས་ཀུན་རང་བྱུང་ཡེ་ཤེས་ཆེན་པོའི་ངང་། ། མཐའ་བྲལ་སྟོང་པ་རིག་པའི་རྩལ་སྣང་ལས། ། སྣོད་བཅུད་རྣམ་དག་འོད་ལྔ་འཁྱིལ་བའི་ཀློང་། ། ཀུན་གསལ་བདེ་ཆེན་འབར་བའི་གཞལ་ཡས་ན། ། རྩ་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ། ། སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ནི། ། དཀར་གསལ་ཤེལ་འདྲ་ཞལ་གཅིག་ཕག་གཉིས་པ། ། རིན་ཆེན་སྒྲོན་མེ་སྣང་གསལ་མེ་ལོང་འཛིན། ། དར་དཀར་གོས་དང་འཇའ་སྤྲིན་མེ་ཏོག་བརྒྱན། ། དགྱེས་ཡུམ་རྣམ་ལྔ་མདའ་དར་མེ་ལོང་འཛིན། ། འཁོར་དུ་སྣང་སྲིད་གསལ་བའི་ཝེར་མ་འབུལ། ། རྡོ་རྗེའི་བྲོ་གར་བརྡའ་གླུ་སྣ་ཚོགས་བསྒྱུར། ། དྲན་པས་སྣང་གསལ་པྲ་ཡི་མཆོག་སྩོལ་བ། ། མ་ལུས་འཁོར་དང་བཅས་པའི་རྒྱུད་བསྐུལ་ཚེ། ། བྱིན་རླབས་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ནས། ། བདེ་སྟོང་ཟང་ཐལ་ཐུགས་ཀྱིས་དགོངས་མཛད་དེ། ། དགྱེས་པའི་སྐུ་ཡི་གར་སྟབས་ཤིགས་སེ་ཤིག །བཞད་པའི་གསུང་གི་བརྡ་གླུ་ཀྱུ་རུ་རུ། ། འཇའ་སྤྲིན་མེ་ཏོག་ཆར་པ་ཐོ་ལོ་ལོ། ། བདེ་དྲོད་རིག་པའི་རྩལ་སྣང་ཤིགས་སེ་ཤིག །བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས། ། སྙིང་དབུས་མི་ཤིགས་འོད་ལྔའི་ཏི་ལ་ཀར། ། ཀུན་གསལ་བདེ་ཆེན་ཐུགས་ཀྱི་ཡེ་ཤེས་འོད། ། དབྱེར་མེད་མངོན་པར་ཤེས་པའི་མཆོག་དབང་བསྐུར། ། སྣང་སྲིད་ཀུན་གསལ་ཝེར་མའི་དཀྱིལ་འཁོར་ཀུན། ། ནང་ལྟར་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས། ། གསང་བ་བྱང་ཆུབ་སེམས་སུ་རོ་གཅིག་པས། ། བདེ་ཆེན་འདུ་འབྲལ་མེད་པར་དགྱེས་བཞུགས་ནས། ། སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས། ། དུས་གསུམ་སྒྲིབ་མེད་མཁྱེན་པའི་སྤྱན་བཟང་སྩོལ། ། རྟེན་འབྲེལ་བསླུ་མེད་རིག་པའི་འཆར་སྒོ་སྟོན། ། རྣོ་མཐོང་སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། ། ས་མ་ཡ་རྒྱ། ། དགེའོ །”②ཞེས་གསལ་བས་ཀྱང་པྲ་ལྷ་རྒྱལ་པོ་ཨ་དཀར་འོད་ཀྱི་ཝེར་མའམ་གེ་སར་རྒྱལ་པོའི་པྲའི་སྒྲུབ་སྟངས་རགས་རིམ་ཞིག་རྟོགས་ཐུབ་པ་ཡིན།
གཉིས་པ། མོ་འདེབས་པ།
མོ་ནི་བོད་ལ་དར་སྔ་ཞིང་། དེ་ཡང་ལྷ་ཀླུ་གཞི་བདག་མངོན་ཤེས་ལ་དབང་ཐོབ་པ་དག་གི་མཐུ་དང་ནུས་པར་བརྟེན་ནས་བླང་དོར་གྱི་གནས་དང་། བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ལེགས་ཉེས་བརྟག་ཚུལ་གྱི་ཆོ་ག་ཞིག་ཡིན། དེ་ལ་དབྱེ་ན་རིགས་ཤིན་ཏུ་མང་ཡང་། བསྡུས་ན་གདོད་མའི་དུས་ཀྱི་མོ་དང་། བོན་གྱི་མོ། བན་གྱི་མོ་བཅས་གསུམ་དུ་མི་འདུ་བ་མེད། དེ་དག་ལས་བོད་ཀྱི་གདོད་མའི་དུས་ཀྱི་མོ་ནི་བོན་བསྟན་དར་རྒྱས་བྱུང་བ་ལ་བརྟེན་ནས་བོན་གྱི་མོའི་ཁོངས་སུ་བསྡུས་པས། ད་ལྟའི་དུས་སུ་རང་རྐྱ་འཕེར་ནས་གནས་མེད་ཕྱིར། ངོས་འཛིན་བྱ་རྒྱུ་ཅུང་དཀའ་བར་སྣང་ཡང་། དམངས་ཁྲོད་དུ་མིག་སོགས་འགུལ་ཚུལ་ལ་བརྟག་པའི་ཚུལ་ད་ལྟའང་ཡོད་པ་ནི་བོད་ཀྱི་གདོད་མའི་དུས་ཀྱི་མོའི་ཤུལ་ལམ་ཡང་ན་གདོད་མའི་དུས་ཀྱི་མོ་དང་ཆ་འདྲ་བའི་ལེགས་ཉེས་བརྟག་ཐབས་ཤིག་ཡིན་ངེས།
《སེང་ཆེན་ནོར་བུ་དགྲ་འདུལ་གྱི་མོ་ཡིག་གསལ་བའི་མེ་ལོང་》ལས། “དེ་ནས་འཛམ་གླིང་རྒྱལ་པོ་གེ་སར་ནི། ། ནག་པོ་བདུད་ཡུལ་བྱོན་པའི་དུས། ། མགྱོགས་མོ་འདི་དག་མཛད་པ་སྟེ། ། དཀའ་ཚེགས་ཆུང་ཞིང་མངོན་ཤེས་ཆེ། ། བདར་མོ་ལག་ཏུ་ལེན་པ་ནི། ། ནས་འབྲུ་ཏིལ་འབྲུ་རྡེའི་སོགས་ལ། ། རྡེའུ་དགུ་ནང་དུ་རྟགས་ཅན་གཅིག ། གང་འཛོམས་དགུ་པོ་ལག་ཏུ་ཐོགས། ། མོ་བདར་རྒྱས་པར་སྤྲོ་ན་ནི། ། གེ་སར་ལྷ་འབོད་རིང་མོ་བྱ། ། བསྭོ་བསྭོ། ལྷ་ཀི་ཀི་ཀི་ལ་བསྭོ་བསྭོ་བསྭོ། ། སྐུ་འཛམ་གླིང་ནོར་བུ་དགྲ་འདུལ་གྱི། ། སྐུ་དེ་ལ་འཁོར་བའི་ལྷ་ཀླུ་གཉན་གསུམ། ། སྐུ་ཆེ་བའི་ལྷ་ཚོགས་ཐམས་ཅད་ཀུན། ། དེ་རིང་སྤྱན་འདྲེན་མངོན་ཤེས་སྟོན། ། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོས་མོ་ཕོབས། ། ལོངས་སྐུ་རྒྱལ་བ་རིགས་ལྔས་མོ་ཕོབས། ། སྤྲུལ་སྐུ་ཤཱཀྱ་ཐུབ་པས་མོ་ཕོབས། ། ཡང་སྤྲུལ་གུ་རུ་པདྨ་འབྱུང་གནས་ཀྱིས་མོ་ཕོབས། །རྗེ་བཙུན་འཕགས་མ་སྒྲོལ་མས་མོ་ཕོབས། །འཕགས་པ་འཇམ་དཔལ་དབྱངས་ཀྱིས་མོ་ཕོབས། ། ཇོ་བོ་སྤྱན་རས་གཟིགས་ཀྱིས་མོ་ཕོབས། །......གླིང་གི་ཁྲ་གླག་སྤྱང་གསུམ་གྱིས་མོ་ཕོབས། ། འཛམ་གླིང་གི་གཞི་བདག་ཐམས་ཅད་ཀྱིས་མོ་ཕོབས། ། སྐྱེས་བུའི་ལྷ་འཁོར་སུམ་བརྒྱ་དྲུག་ཅུས་རྨོངས་པའི་མོ་འདི་གསལ་པོར་ཕོབས་ཤིག བདེན་རྫུན་གྱི་ཤན་ཕྱེས། ལེགས་ཉེས་ཀྱི་གཏིང་ཐག་ཆོད། ཨོཾཡེ་དྷྭརྨ་སོགས་ལན་བདུན་བརྗོད་དེ་རྡེའུ་ལ་ཕུ་བཏབ་ནས་འཕེན་པར་བྱའོ། །”③ཞེས་འདིར་བསྟན་གྱི་མོ་ནི་གེ་སར་རྒྱལ་པོས་ནག་པོ་བདུད་ཡུལ་ནས་མཛད་ཚུལ་དང་། སྟབས་བདེ་ཞིང་མངོན་ཤེས་ཆེ་བ། སྔོན་འགྲོར་ལྷ་མང་པོར་མཆོད་པ་ཕུལ་བས། ལུང་སྟོན་ལ་འཁྲུལ་བ་མེད་ཚུལ། དེ་བཞིན་ལེགས་ཉེས་གཏིང་མཐའ་ཆོད་པར་སྨོན་ལམ་དང་། ཨོཾཡེ་དྷྭརྨ་སོགས་ལན་བདུན་བརྗོད་པ་དང་སྦྲགས་རྡེའུ་ལ་ཕུ་བཏབ་ནས་འཕེན་དགོས་ཚུལ་སོགས་བསྟན་ཡོད། མོ་དཔྱད་ལའང་དཔེར་ན། གསུམ་པ་ལ་བབ་ན། “སེངྒེ་དཀར་མོ་གངས་ན་འགྱིང་། ། སེང་གཡུ་རལ་རྒྱས་པར་དགྲ་ལྷ་འཁོར། ། གཞི་ཕྱྭ་འགྱུར་ལྡོག་མེད་པར་བརྟན། ། ”④ཞེས་པ་ལྟར། རྡེའུ་དགུ་པོ་སོ་སོར་ནང་དོན་མི་འདྲ་བ་དགུ་བྲིས་ཏེ་དཔྱད་པ་བྱེད་པ་ཡིན། གཞན་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་གེ་སར་ཐིག་མོའམ་རྒྱུགས་མོ་ཞེས་ལས་བྲེལ་ཆེ་བའི་སྐབས་སུ་མོ་འདེབས་བདེ་བ་ཞིག་ཀྱང་ཡོད་པར་གྲགས་ཤིང་། དེ་རྟ་རྒྱུགས་ཞོར་ལ་ལྷམ་སྒྲོག་གིས་བཏབ་ན་ཆོག་པ་ཞིག་ཡིན་ཚུལ་དམངས་ཁྲོད་ཀྱི་ངག་རྒྱུན་ན་མཆིས། དེ་ནི་བོན་གྱི་《མ་སང་ཐི་གུ་རང་སྨྲ་》དང་《ཇུ་ཐིག་སྲིད་པའི་རྒྱུད་འབུམ་》སོགས་མོ་ཡིག་ཁྲོད་བསྟན་པ་དང་ཆ་འདྲ་བ་ཞིག་ཡིན་པར་འདོད།
གསུམ་པ། བསང་གཏོང་བ།
བསང་གཏོང་བའི་ཆོ་ག་ནི་བོད་ཀྱི་སྤྱི་ཚོགས་ནང་དུས་སྔ་མོ་ནས་དར་ཡོད་པའི་བོན་གྱི་ཆོ་ག་ཞིག་ཡིན་ཞིང་། དེ་དང་གེ་ཁོད་གཙང་འཁྲུས་གཉིས་དབར་འབྲེལ་བ་ཡོད་པར་བཤད། དེ་ཡང་གེ་ཁོད་ཅེས་པ་ནི་བོན་གྱི་དུས་ཧ་ཅང་སྔ་བའི་ལྷ་ཞིག་ཡིན་ཏེ། ཐོག་མར་གངས་ཏི་སེ་དང་འབྲེལ་བའི་ལྷ་ཞིག་ཡིན་པ་དང་། དེའི་གསང་ཡུམ་གྱི་མཚན་ལ་མུ་ལ་ཙ་མེད་ཅེས་མཚེའུ་མུ་ལེ་ཧད་ཅེས་པའི་སར་གནས་བཅའ་ཞིང་། དེ་རྗེས་གེ་ཁོད་ཀྱིས་རང་གི་འཁོར་འབངས་སུམ་བརྒྱ་དྲུག་ཅུ་བཙས་པར་གྲགས་པ་མ་ཟད། དེ་འབྲེལ་གྱི་བཙོག་གྲིབ་དང་དམེ་ཡི་གཏམ་རྒྱུད་ཅིག་ཀྱང་བྱུང་ཡོད་ལ། ད་དུང་བོན་གཞུང་རྣམས་སུ་སྟོན་པ་གཤེན་རབ་དང་མི་གཙང་དགུ་པོའི་དབར་ལའང་གཏམ་རྒྱུད་ཅིག་བྱུང་ཡོད། གང་ལྟར་ན་ཡང། བསང་གཏོང་བ་ནི་མི་གཙང་བ་དག་པར་བྱེད་པའི་གཙང་སྦྲའི་རིགས་ཤིག་དང་། མི་ཡུལ་གྱི་བཙོག་གྲིབ་མཐའ་དག་བསང་དུད་ཀྱིས་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཞིག་ཀྱང་ཡིན། དེ་ཡང་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་《མནོལ་བསང་ཉམས་གྲིབ་ཀུན་སེལ་》ལས། “རང་བཞིན་དག་པའི་བསང་མཆོད་འདིས། ། མི་བསང་བ་ནི་གང་ཡང་མེད། ། གདུག་པའི་དུག་དང་བཙོན་པའི་གྲིབ། ། ཐམས་ཅད་མ་ལུས་སངས་གྱུར་ཅིག །”⑤ཅེས་བསང་ནི་མི་གཙང་བ་ཐམས་ཅད་གཙང་བར་བྱེད་པའི་ནུས་པ་ཅན་ཞིག་ཡིན་པར་གསུངས་པ་དང་། སློབ་དཔོན་པདྨས་མཛད་པའི་《རྒྱགས་བརྔན་ལྷ་བསང་》ནང་དུ། “དུད་པ་གནམ་དུ་སོང་བ་ཡིས༔ བར་སྣང་གང་བའི་ལྷ་ཆོགས་བསང༔ མེ་གཞི་ས་གཞིའི་སྟེང་དུ་སྦར༔ ས་གཞི་གང་བའི་ལྷ་ཚོགས་བསང༔ ”ཞེས་དྲི་མ་དག་པ་དང་གཙང་བར་བྱེད་པའི་བསང་གི་ནུས་པས་ལྷ་ཚོགས་མཉེས་པར་བྱེད་ཐུབ་པའམ་ཡང་ན་ལྷ་ཚོགས་སྤྱན་འདྲེན་ཐུབ་པའི་སྐོར་བསྟན་པས། དེའི་ཤུགས་ལས་བོད་མི་ཕལ་ཆེ་བས་དད་མོས་བྱེད་བཞིན་པའི་ལྷ་རྣམས་ནི་གཙང་སྦྲ་ལ་དང་དོད་ཆེ་བ་དང་བཙོག་གྲིབ་ཀྱི་རིགས་ལ་འཛེམ་དོགས་བྱེད་མཁན་ཞིག་ཡིན་པའང་ཤེས་ནུས།
བོད་བརྒྱུད་ནང་བསྟན་རྙིང་མ་བའི་གྲུབ་མཐའ་འཛིན་མཁན་གྱིས་གཙོ་བོ་བྱས་པའི་མཁས་དབང་རྣམས་ཀྱིས་གེ་སར་ཉིད་བསང་ཡིག་དང་བསང་མཆོད་ཀྱི་ཆོ་གའི་ཁྲོད་བཀོལ་ཆོག་པའི་སྐོར་མང་པོ་ཞིག་བརྩམས་ཡོད་དེ། “ཨེ། ཁྱད་པར་དུ་འཛམ་བུ་གླིང་གི་ནོར་བདག ཨོ་རྒྱན་ནོར་ལྷའི་ཐུག་སྲས། མ་རྒྱུད་མཁའ་འགྲོའི་བླ་བུ། གེ་སར་ནོར་བུ་དགྲ་འདུལ། སེང་ལྕམ་ལྷ་ཡི་མེ་ཏོག འདོ་རྗེ་རྐྱང་རྒོད་འཕེལ་པོ། དགྲ་བླ་ཝེར་མའི་ལྷ་ཚོགས། ཡང་ཐུལ་དམ་པའི་མི་བདུན། ཞི་ཐུལ་ཁྲ་གླག་སྤྱང་གསུམ། ......ཁྱད་པར་དུ་གླིང་དཀར་པོའི་བསྟན་པའི་སྲུང་མ། ལྷ་ཆེན་ཚངས་པ་དཀར་པོ། གཉན་ཆེན་སྐུ་ལྷ་གེར་མཛོད། ཀླུ་རྒྱལ་གཙུག་ན་རིན་ཆེན། ཨ་ནེ་གོང་སྨན་རྒྱལ་མོ། དགྲ་བླའི་གཉན་སྟག་དམར་པོ། ཕུ་བོ་དུང་ཁྱུང་དཀར་པོ། ནུ་བོ་ཀླུ་སྦྲུལ་འོད་ལྡན། ......བོད་སྐྱོད་བསྟན་མ་བཅུ་གཉིས། རྗེ་ཡི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། ཁྱད་པར་དུ་ཤར་ཁྲ་མོ་གླིང་གི་སྒོས་ལྷ། ཆུང་རྒྱུད་འབུམ་པའི་བླ་རི། ས་བཅུ་པ་ཐོབ་པའི་སངས་རྒྱས། ཨ་མྱེས་རྨ་ཆེན་སྤོམ་ར། རྨ་རིགས་སུམ་བརྒྱ་དྲུག་ཅུ། རྨ་འཁོར་སྟོང་དང་དགུ་བརྒྱ། ......རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་བསྒྲིག རྨ་མཚོ་ཕྱུག་མོ། རྨ་ཆུ་སྔོན་མོ། རྨ་གཡང་མ་གཏེར་གྱི་བདག་མོ། ......འབྲིང་རྒྱུད་གླིང་གི་བླ་རི། ཤར་གྱི་གཉན་པོ་གཡུ་རྩེ། གཉན་ཆེན་ཐོད་པ་རྩལ། ཞི་རྒྱས་དབང་དྲག་གི་གཡུ་རྩེ། གཡུ་རྩེ་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་”⑥ཞེས་གེ་སར་གྱིས་གཙོ་བོ་བྱས་པའི་དེའི་འཁོར་རྣམས་མཆོད་ཚུལ་དང་། གེ་སར་གྱི་དགྲ་ལྷ་ཝེར་མ་དང་སྲུང་མའི་ཚོགས་ཀྱང་ལྷ་བསང་བཏང་ནས་སྤྱན་འདྲེན་ཚུལ་བསྟན་པ་ལས་རྟོགས་ཐུབ་པ་ཡིན། གཞན་འཇུ་མི་ཕམ་གྱི་《སྣང་སྲིད་ཝེར་མའི་བསང་མཆོད་ཀུན་གསལ་ནོར་བུའི་མེ་ལོང་》《ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ་》《དགྲ་ལྷ་ཝེར་མའི་བསང་མཆོད་》དང་། རྒྱལ་རོང་ནམ་སྤྲུལ་དཔའ་སེང་གར་གྱི་རྡོ་རྗེ་ཡི་《ཡང་ཟབ་ཐུགས་ཐིག་མཁའ་འགྲོའི་གསང་མཛོད》དང་བསང་གི་ཆོ་གའི་སྐོར་དང་། དེང་དུས་ཀྱི་དཔལ་ཡུལ་དགོན་པའི་སྤྲུལ་སྐུ་རིག་འཛིན་ཉི་མ་ཡི་《གཏེར་འབུམ་མཐོང་བ་རང་གྲོལ་》སོགས་སུ་ཆོ་ག་གཞན་དང་འབྲེལ་ནས་ལྷ་བསང་ཕུལ་ཏེ་གེ་སར་འཁོར་བཅས་ཇི་ལྟར་སྤྱན་འདྲེན་པའི་ཚུལ་གསལ་པོར་འཁོད་འདུག་པ་ལས་ཀྱང་ཤེས་ཐུབ།
བཞི་པ། ཟོར་དང་གཏོར་མ།
བོན་པོའི་གཏོར་ཟོར་གྱི་སྐོར་ལ་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “ཟོར་ནི་བོན་པོས་རྟ་ཟོར་འཕེན་པ་བཟློག་ཅེས་པའི་ཚིག་ལ་བལྟས་ན་དང་པོ་བོན་པོའི་དྲག་སྦྱོར་གྱི་བྱེད་ཚུལ་ཞིག་ཡིན་པ་མངོན་”⑦ཞེས་གསུངས་པ་བཞིན། དེ་སྔ་བོད་ཀྱི་དགོན་སྡེ་རྣམས་ཀྱིས་ལོ་རེའི་དགུ་གཏོར་ཆེན་མོ་ཞེས་པར་གཏོར་ཆེན་དམར་པོ་ཁྲོ་ཞལ་ཅན་གྱི་སྟེང་དུ་གདུགས་དང་། ནམ་མཁའ། རྩངས་ཕུར་སོགས་དུ་མས་བརྒྱན་པ་གང་ཞིག་དགྲ་བགེགས་ལ་དངོས་སུ་དམིགས་ནས་ལོ་རེའི་འགལ་རྐྱེན་བར་ཆད་དང་། མི་མིན་གནོད་བྱེད་འབྱུང་པོ་ཞིང་བཅུ་ཚང་བའི་བསྟན་དགྲ་དང་བཅས་པ་ཆོས་སྲུང་རྣམས་ནས་བསྒྲལ་བའི་ལས་ལ་བསྐུལ་ཏེ་རྣམ་ཤེས་ཞིང་ཁམས་སུ་སྤོར་བ་དང་། ཚེ་སྲོག་རང་ལ་བསྟིམ་པ། ཤ་ཁྲག་བདུད་རྩིར་བསྒྱུར་བའི་ཆོ་ག་སྤེལ་ཏེ་རིམ་གཉིས་ཀྱི་གདེང་དང་ལྡན་ཞིང་གྲུབ་པའི་ཚད་གཞི་མཐོན་པོར་སླེབས་པ་ཞིག་གིས་གཏོར་མ་མེར་བསྲེག་པའམ་རྒྱང་རིང་དུ་གཡུག་པ་སོགས་ཀྱི་སྐབས་སུ་ཐུན་དང་ཟོར་གྱིས་འབྲབ་པར་བྱེད་ཅེས་པ་དེའོ།
བོད་དུ་ནང་བསྟན་ཆོས་ལུགས་མ་དར་སྔོན་དུ་བོན་ལ་གཏོར་ཟོར་དང་མདའ་ཟོར་ཞེས་སོགས་བགེགས་དང་བར་ཆད་སེལ་བྱེད་ཀྱི་ཆོ་ག་ཡོད་པ་མ་ཟད། འདོན་ཆོས་ལ་ལའི་སྐབས་སུ་“བོན་པོ་ཟོ་ཟོར་འཕེན་པ་དང་། ། ཞང་ཞུང་ཙོ་དམར་འཕེན་པ་བཟློག །”⑧ཅེས་པ་ལྟ་བུའི་ཕྱག་ལེན་ཁྱད་པར་བ་ཡངཡོད་པར་བཤད། 《གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་བཞུགས་སོ་》ལས། “མོ་མ་ཀུན་ཤེས་ཐང་པོ་དང་། ། བོན་གྱི་འཁོར་ལོ་ཕྱོགས་བཞིར་བསྐོར། ། གཏོ་སྤྱད་འབུམ་སྡེ་གཏན་ལ་ཕབ། ། ”ཅེས་དང་། “སྣང་གཤེན་ལྷ་ལ་ཡོན་འབུལ་ཞིང་། ། བགེགས་ལ་ལན་ཆགས་གླུད་གཏོར་རེ། ། དགེ་སྤྱོད་སྡིག་སྤོང་ཕན་པ་སྒྲུབ། ། ”⑨ཅེས་གཏོ་ཡི་གཞུང་ལུགས་དང་ལག་ལེན་གཉིས་ཀ་མཐོང་རྒྱུ་ཡོད། 《ནམ་མཁའ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》ན་ལུང་འདྲེན་གནང་ཡོད་པའི《སྣང་སྲིད་སྤྱི་མདོས་》སུ། “བདུད་བོན་གྱི་དམར་ཐབས་ལ། ། གཤེན་རབ་ནི་ཅི་དགྱེས་ཏེ། ། ཁྱབ་པ་ནི་ཆམ་ལ་ཕབ། ། འབྲུ་དཀར་གྱི་གཏོར་མས་མཆོད། ། དམར་ཐབས་ཀྱི་འདྲེས་བྱུང་ན། ། གཤེན་ལྷ་ལ་ནོངས་པ་མཐོལ། །”⑩ཞེས་འཆད་པ་ལྟར་ན། བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་མཆོད་བཀུར་བྱེད་སྟངས་མང་ཆེ་བ་དམར་མཆོད་ཡིན་ནའང་། སྟོན་པ་གཤེན་རབ་མི་བོ་ཆེ་མི་ཡུལ་དུ་བྱོན་རྗེས་སྲིད་པ་རྒྱུད་ཀྱི་བོན་ལ་དག་ཐེར་གྱིས་བོན་གྱི་ཆོ་གའི་ཁྲོད་དུ་གནས་པའི་ཕྱུགས་ཟོག་གི་དམར་མཆོད་མེད་པར་བཟོས་གནང་སྟེ། ཤ་ཡི་དོད་དུ་ཟན་དང་ཁམ་པ། ཁྲག་གི་དོད་དུ་སྐྱེམས་དང་ཆབ་སོགས་གཏན་འཁེལ་མཛད་པས། དེ་ནས་བཟུང་ལྷ་ཀླུ་གཉན་གསུམ་ལ་དད་གུས་བྱེད་པའི་ཆོ་ག་དེ་དམར་མཆོད་ནས་དཀར་མཆོད་དུ་ཁ་ཕྱོགས་པའི་འགོ་བརྩམས་ནས་ད་ལྟའི་གཏོར་མའི་སྲོལ་འདི་འདྲ་བྱུང་བ་ཡིན། རྒྱས་པ་གཞན་ནས་ཤེས་པར་བྱའོ།
སྤྲུལ་སྐུ་རིག་འཛིན་ཉི་མ་ཡི་《གཏེར་འབུམ་མཐོང་བ་རང་གྲོལ་》གྱི་གེ་སར་ཆོས་སྐོར་ལས་《འཛམ་གླིང་སེང་ཆེན་རྒྱལ་པོའི་དྲག་པོ་ཟོར་ལས་མཐའ་དམག་རྡུལ་རློག་བཞུགས་སོ་》ཞེས་དཔེ་ཆ་སྣ་རིང་མདའ་ཚད་མ་ཤོག་གྲངས་དགུ་ཡི་བདག་ཉིད་ཅན་ཞིག་ཡོད་པ་དེའི་མགོར། “ཨོ་པདྨ་ཀྲོ་དྷ་རཱ་ཛ་ན་མོ་གུ་རུ་མནྜལ། ། སྔོན་ཚེ་སློབ་དཔོན་པདྨ་ཡིས། ། དམ་བསྒྲགས་གསུམ་གྱིས་ལྷ་འདྲེ་འདུལ། ། དགྲ་འདུལ་སེང་ཆེན་རྒྱལ་པོ་ཡིས། ། དམ་བསྒྲགས་གསུམ་གྱིས་བདུད་རིགས་འདུལ། ། སྨོན་ལམ་གཏད་རྒྱ་སྙིང་ལ་མཛད། ། དུས་སུ་བབ་དུས་མོས་སུ་བཀྲོལ། ། བསྒྲུབ་གཞུང་སྤང་ལ་རྦོད་གཏོང་བསྒྲུབས། ། ......མཇུག་ཏུ་དྲག་པའི་ཟོར་ལས་བྱ། ། སྔགས་པས་བརྟུལ་ཞུགས་ལྟ་དགོངས་ལྡན། ། དྲོ་རྗེ་སྒས་ཆས་བརྒྱན་སྤྲས་ཏེ། ། ཡིད་གསུམ་བརྒྱད་དུ་གྱུར་བའི་ངང་། ། སྒོ་དབྱེ་ཟེར་སྐྱེམས་ཐ་ཚིག་བསྒྲགས། ། གནད་ནས་བསྐུལ་ཞིང་རྒྱུག་བྱང་རྨད། ། ཨེ་བསྐྱེད་བདེན་བརྡར་ལས་དྲུག་དང་། ། བསྒྲལ་འདྲེན་གནམ་ལྕགས་ཕུར་བས་གཟིམ །”ཞེས་དང་། “ཐུན་ཡ། ། ཐུན་ཡ། ། ཟོར་ཡ། ། ཟོར་ཡ། ། དགྲའ་བགེགས་འབྱུང་བའི་སྲོག་རྩ་རྦད་སོད། །”ཅེས་དང་། “དེ་ནས་ཐུན་རྫས་རྡོ་གྲི་རྣོར་མནའ་ཉུང་གཏོར་མཚེའུ་དུག་ཁྲག་གི་ཐུན་རྣམས་རིམ་བཞིན་ཟོར་དུ་འཕང་བ་ལ་”ཞེས་དང་། “གཏོར་ཆེན་ཟོར་དུ་འཕང་བ་ལ། ། ......དྲག་པོས་དམོད་བཅོལ་ནན་དུ་བྱ། ། རལ་པས་བསིགས་ཤིང་ཐལ་མོ་སྡེབ། ། དར་ནག་ཟུར་མ་ཁྲག་སྐྱེམས་འཐོམ །”⑾ཞེས་པ་སོགས་ལས། ཟོར་གཏོར་གྱི་ཆོ་གའི་སྐོར་རགས་ཙམ་ཤེས་ཐུབ་ལ། དེ་ཡི་དྲག་པོའི་ཉམས་སྣང་དང་ལྡན་པའི་ཁྱད་ཆོས་ཀྱང་མཐོང་ཐུབ།
ལྔ་པ། དམོད་དང་བཟློག་པ།
སྤྲུལ་སྐུ་ཀུན་བཟང་ཉི་མའི་《གེ་སར་རྒྱལ་པོའི་བཟློག་པ་ལྷ་མིན་གཡུལ་འཇོམས་བཞུགས་》ལས། “གྲི་ཁ་མཚོན་རྩེ་རྨས་ངོ་ལང་བ་བཟློག སྟེང་ཕྱོགས་གཟའ་དང་རྒྱུ་སྐར་ཆོ་འཕྲུལ་བཟློག བར་གདོན་ལྷ་སྲིན་དྲེགས་པ་འཁུ་ལྡོག་བཟློག འོག་གདོན་ས་བདག་ཀླུ་གཉན་རྒོལ་བ་བཟློག མུ་སྟེགས་བན་བོན་ཀུན་རྒྱུའི་བྱད་ཁ་བཟློག རི་སྐགས་རྫས་སྦྱོར་རྦོད་གཏོང་ཆོ་འཕྲུལ་བཟློག ཟ་འདྲེ་ཕུགས་སྲི་འགོང་པོ་བསེ་རེགས་བཟློག ནད་རིགས་བཞི་བརྒྱ་གདོན་རིགས་སྟོང་ཕྲག་བཟློག ......ཨེ་ཛ་ས་མ་ཡ་བྷྱོ་བྷྱོ་བཟློག་བཟློག་”⑿ཅེས་སོགས་བསྟན་པ་ལས་བཟློག་པའི་རིགས་སྣ་ཚོགས་མཐོང་ཐུབ་ལ། སྤྲུལ་སྐུ་ཀུན་བཟང་ཉི་མའི་གེ་སར་ཆོས་སྐོར་དུ་ད་དུང་བཟློག་བསྡུས་དང་། ཁྱུང་བཟློག རྩང་བཟློག་ཅེས་སོགས་དམོད་བཟློག་ཆོ་གའི་སྐོར་མང་པོ་ཞིག་མཆིས།
མིའི་རིགས་འཕེལ་འགྱུར་གྱི་ཚད་རིམ་དམའ་བའི་ཡ་ཐོག་སྤྱི་ཚོགས་སུ་སྐད་ཆ་ནི་རིགས་རྒྱུད་ནང་ཁུལ་གྱི་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་གཙོ་བོ་ཡིན་པ་དང་། དམོད་ཚིག་ནི་ཡ་ཐོག་གི་མིས་སྐད་ཆའི་མཐུ་ནུས་ལ་དད་གུས་བྱེད་པའི་བསམ་བློའི་སྒུལ་ཤུགས་འོག་བྱུང་བ་ཞིག་ཡིན། དེ་ཡང་ཡ་ཐོག་གི་མིས་ཐུན་མོང་ཐོག་རི་དྭགས་རྔོན་པའི་ལས་ལ་ཞུགས་སྐབས་ཐོག་མར་ལག་བརྡ་དང་རྣམ་འགྱུར་ལ་བརྟེན་མོད། དེ་ནི་ངལ་རྩོལ་གྱི་ཁྲོད་དུ་མིའི་བློ་གྲོས་ཀྱི་རྩལ་དང་འཚོ་གནས་ཀྱི་དགོས་མཁོ་ལས་བྱུང་བའི་སྐད་ཆ་ཡོད་པའི་དུས་རིམ་དང་བསྡུར་ན་ཆེས་རྗེས་ལུས་སུ་ཆགས་ཤིང་། ཡ་ཐོག་གི་མིས་སྐད་ཆའི་རང་ངོས་ནས་ཐོན་པའི་བརྡ་འཕྲིན་བརྒྱུད་གཏོང་གི་ནུས་པ་དེ་ངོས་མ་ཟིན་པར། མིའི་ན་ཚ་སོགས་བདེ་སྡུག་ཡོད་ཚད་ལྷ་འདྲེས་བསྩལ་བའི་ལྟ་བ་ཤུགས་དྲག་པས། དུས་ལྟར་ཆར་ཆུ་དང་ལོ་ལེགས་སྩོལ་མཁན་ལ་ལྷ་དང་། ན་ཚ་དང་ཆགས་འཇིག་སྟེར་མཁན་ལ་འདྲེའི་ཐ་སྙད་སྦྱར་ཏེ། ལྷ་ལ་སྐྱབས་འཇུག་དང་མཆོད་བསྟོད་བྱེད་པ་དང་། འདྲེ་ལ་དམོད་ཚིག་བོར་ན་ལྷ་གྲོགས་སུ་འོང་བར་འདོད་ཁར། འདྲེ་ཕར་ལ་སྐྲོད་པའང་སྐད་ཆའི་ནུས་མཐུ་ཡིན་པར་རློམ་གྱི་ཡོད། དེ་ལྟར་དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་གནའ་བོའི་བོན་དང་དམོད་མོའི་བྱ་འགུལ་དབར་འབྲེལ་བ་བྱུང་བ་མ་ཟད། དམོད་མོ་དང་ལྷ་སྒྲུང་དབར་ཡང་འབྲེལ་བ་བྱུང་ཡོད་པ་ནི་ལྷ་སྒྲུང་མི་ཉུང་བ་ཞིག་གི་ནང་དུ་གནའ་མིས་དམོད་མོ་བྱས་པའི་ཚུལ་གྱི་ཆོས་ལུགས་ཆོ་གའི་བྱེད་སྒོ་སྣ་ཚོགས་ཟིན་ཐོར་བཀོད་ནས་ཡོད་པ་ལས་ཤེས་ཐུབ། དཔེར་ན། 《རྟ་རྐྱང་དབྱེ་བའི་རབས་》ལས། རྩྭ་ཆུའི་དོན་དུ་འབྲོང་གཡག་སྐར་བས་རྟའི་ཕུ་བོ་ཡིད་ཀྱི་གདང་བྱམས་བསད། དེ་རྗེས་རྐྱང་སྤུན་མཆེད་གཉིས་ཀྱིས་འབྲོང་གཡག་སྐར་བ་ལ་ཤ་འཁོན་ལེན་རྒྱུར་མ་མཐུན་པས་ཕན་ཚུན་དབར་དམོད་རེས་བྱས། ཕུ་བོ་རྐྱང་རོ་རྔོག་བཀྲས་ནུ་བོ་ཁུག་རོན་རྨང་དར་ལ། ཁྱོད་ནི་མི་ཡུལ་སྐྱིམཐིང་དུ་སོང་སྟེ་མི་དང་འབྲེལ་བ་བགྱིས་ཚེ། ཁར་སྲབ་ཀྱིས་སྲབ་སྟེ་ཁ་དྲུང་དུ་རྨ་འཁོར་བར་གྱུར་ཅིག རྒྱབ་ཏུ་སྒ་བསྟད་དེ་སྒལ་རྨ་འབྱུང་བར་གྱུར་ཅིག གློ་ཐག་གིས་གློ་བ་མནན་ནས་ཁོག་གི་སྙིང་ཉམས་པར་ཤོག་ཅེས་སྨོན་ལམ་ངན་པ་བཏབ་པས། དེའི་མཐུ་ཡིས་དམོད་ཕོག་སྟེ། ནུ་བོ་ཁུག་རོན་རྨང་དར་མིའི་ཞོན་རྟ་རུ་གྱུར་ནས་སྡུག་བསྔལ་མྱང་པའི་ཚུལ་བརྗོད་ཡོད་པ་དང་། ཡང་ནུ་བོ་ཁུག་རོན་རྨང་དར་གྱིས་ཕུ་བོ་ལ། ཁྱོད་ནི་ཡུལ་ཕྱི་འབྲོག་ལྡང་བྱམ་དུ་སོང་ན་བཞོན་པའི་མི་མེད་ཀྱང་བྱང་སྐར་སྤུན་བདུན་གྱིས་ཞོན་ནས་རྒྱབ་བྱི་འབྲས་དང་བ་ཚྭས་ཚིག་པར་ཤོག སྲབ་འཇོག་པའི་མི་མེད་ཀྱང་རྩྭ་ཡན་པས་རང་ཤུགས་ཀྱིས་སྲབ་སྟེ་ཁ་དྲུང་དུ་རྨ་འཁོར་བར་ཤོག རྗེས་སྙེག་པའི་མི་མེད་ན་ཡང་མགྱོགས་ཤ་ཁྱིས་སྙོགས་ཤིག འཛིན་པའི་མི་མེད་ན་ཡང་རླུང་འཚུབ་ཀྱིས་རྡེག་པར་ཤོག་ཅེས་སྨོན་ལམ་ངན་པ་བཏབ་པས། དེའི་མཐུ་ཡིས་ཀྱང་དམོད་ཕོག་སྟེ། ནམ་རྒྱུན་རི་མགོའི་ཆར་རླུང་དྲག་པོའི་ཁྲོད་ཤ་ཁྱིས་བསྙེགས་པ་དང་རྒྱབ་བྱི་འབྲས་དང་བ་ཚྭས་ཚིག་པ་སོགས་ཀྱི་གནོད་འཚེ་དག་དང་འཕྲད་པ་ཡིན་ཚུལ་བརྗོད་ཡོད་པ་དག་ལས་ངེས་ཤེས་རྙེད་ཐུབ།
དྲུག་པ། ནན་པ་དང་དགྲ་གྲུབ།
ནན་པ་དང་དགྲ་གྲུབ་ཀྱི་སྐོར་ལ་སྤྲུལ་སྐུ་ཀུན་བཟང་ཉི་མའི《ནན་པ་ཆུ་སྲིན་གྲེ་གཏད་ཅེས་བྱ་བ་བཞུགས་སོ་》ཞེས་པ་དང་། རྒྱལ་རོང་ནམ་སྤྲུལ་གར་གྱི་རྡོ་རྗེའི་《གེ་སར་དགྲ་གྲུབ་དཔའ་བོའི་གད་རྒྱངས་བཞུགས་》ཞེས་པ་སོགས་གསུང་རྩོམ་ཧ་ཅང་མང་། འཇུ་མི་ཕམ་ཚང་གི་《མ་སང་དགྲ་གྲུབ་བྱེད་ཚུལ་བཞུགས་》ཞེས་པ་ལས། “བསྭོ། གེ་སར་དགྲ་འདུལ་དམག་རྒྱལ་བསོ། ། མ་སང་ཝེར་མ་མཐུ་ཆེན་བསོ། ། མཐུ་ཆེན་ཝེར་མ་ཉི་ཉ་བསོ། ། གུང་པའི་སྐྱ་ཁྲ་ཆེན་མོ་བསོ། ། དགྲ་འདི་ན་གདའ་འོ་གསོད་རོགས་མཛོད། ། ཨ་ཙི་ཙི་ཝེར་མའི་དམག་ལ་ལྟོས། ། ནམ་མཁའ་དར་གྱིས་གང་ནས་གདའ། ། བར་སྣང་འཕྲུ་ཡིས་གང་ནས་གདའ། ། ས་གཞི་རྟ་ཡིས་གང་ནས་གདའ། ། ཡུལ་ཁམས་འུར་གྱིས་ཁང་ནས་གདའ། ། གནམ་ལ་སེར་སྤྲིན་འཁྲིགས་ནས་གདའ། ། བར་སྣང་འབྲུག་གློག་འཁྲུགས་ནས་གདའ། ། ས་ལ་ཐོག་ཆར་འབེབས་ཤིང་གདའ། ། དགྲ་སུ་ལ་དམག་སྣ་དྲང་རྒྱུ་ཡིན། ། སྨོན་མི་གླིང་གི་རྒྱུད་འཛིན་ལ། ། ཁ་མི་སྙན་གྱོད་གཏམ་བརྡར་ལ་དྲོངས། ། ཨ་ལ་ལ་ཝེར་མའི་དཔུང་རེ་རྔམས། ། ད་མགོན་དུ་བྱོན་པ་ངོ་མཚར་ཆེ། ། ......མངའ་གསོལ་བ་མདའ་དང་དར་སྣས་གསོལ། ། དཔའ་བསྐྱེད་པ་བདུད་རྩིའི་སྐྱེམས་ཀྱིས་བསྐྱེད། ། དགྲ་འདི་གསོད་ལ་བགེགས་འདི་ཆོམས། ། དགྲ་བླ་མཐུ་རྩལ་མ་ཞན་ཅིག ། ཝེར་མ་ལས་ལ་མ་གཡེལ་ཞིག ། དགྲ་བོ་སོད་ལ་དགྲ་མཁར་བཤིག ། དགྲ་ནོར་ཕྲོག་ལ་དགྲ་སྟོབས་ཆོམས། ། ཕོ་ལྷ་དགྱེས་པའི་དར་ཆེན་ཕྱོར། ། དགྲ་བླ་དགའ་བའི་གད་རྒྱངས་སྒྲོགས། ། བདག་ཅག་རྣལ་འབྱོར་སྡེ་དང་བཅས། ། ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། ། ཅེས་བྱས་ལ་དགྲ་མཁར་བཤིག་ནས་ཉལ་ཉོལ་དུ་བརྡུང་ལ། སྟེང་དུ་རྐང་པས་བྲོ་འཁྲབས་ཏེ། བསྭོ་བསྭོ། མ་སང་གེ་སར་ཝེར་མའི་དམག་གིས་དགྲ་བོ་མཱ་ར་ཡ་རྦད་རྦད། མི་ཁ་མཱ་ར་ཡ་དྲུབས། བསམ་ངན་མཱ་ར་ཡ་ཆིངས། སྦྱོར་ངན་མཱ་ར་ཡ་མནན། ཞེས་བྱས་ལ་དགྲ་ཕྱོགས་སུ་བོར། དེས་དགྲ་ཐད་དུ་ལངས་པའང་འཕྲལ་དུ་འཆི་བའམ་བསམ་པ་བཞིན་དུ་འཇོམས་པར་ཐེ་ཆོམ་མེད་”⒀ཅེས་བྱུང་བ་ལྟར་དགྲ་གྲུབ་བྱེད་སྲོལ་ཡོད་ལ། དགྲ་འདྲེ་ཕར་ལ་སྐྲོད་པའམ་དེའི་ནུས་མཐུ་ལ་བརྟེན་ནས་གནོན་པར་བྱེད་ཆེད་དམོད་ཚིག་གྱེར་བའང་ཡོད།
བདུན་པ། རླུང་རྟ།
སྤྱིར་དམངས་ཁྲོད་དད་མོས་ཀྱི་ཁྲོད་དུ་རླུང་རྟ་ནི་བསོད་ནམས་ཞེས་པའི་གོ་དོན་དང་འདྲ་བར་སྣང་ལ། རླུང་རྟ་དར་བ་དང་རླུང་རྟ་རྒུད་པ་ཞེས་པའི་ཟེར་སྲོལ་ཡང་ཡོད། བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་བསང་མཆོད་ཆོ་གའི་ནང་དུ་རླུང་རྟའི་ཐོག་བཀོད་པའི་སྲོག་ཆགས་ལྔ་པོས་སྐྱེ་བོའི་གྲུབ་ཆ་ལྔ་མཚོན་པར་བྱེད་པ་སྟེ། ཁྱུང་གིས་སྲོག་དང་། སྟག་གིས་ལུས། འབྲུག་གིས་དབང་ཐང་། སེང་གེས་རླུང་རྟ། རྟ་ཡིས་བླ་དཔལ་བཅས་མཆོན་པའོ། དེ་དག་གི་ཁྲོད་རྟ་ནི་གྲུབ་ཆ་བྱེ་བྲག་ཅིག་གི་མཚོན་བྱེད་ཡིན་པ་མ་ཟད། གྲུབ་ཆ་སྤྱིའི་མཚོན་བྱེད་ལྟ་བུར་ཡང་བརྩི་སྲོལ་ཡོད་ལ། ཁ་ཅིག་གིས་དེ་ཉིད་སྲོག་གི་མཚོན་བྱེད་དུ་ཡང་བརྩི་བ་ཡིན། ང་ཚོས་རྒྱུན་དུ་རླུང་རྟའི་ལྷ་བཞི་ཞེས་པ་དེ་དང་གནམ་རིག་སྐར་རྩིས་ཁྲོད་ཀྱི་གྲུབ་ཆ་བཞི་ཞེས་པ་དེ་གཉིས་གཞི་གཅིག་ཏུ་གནས་པའི་སྣང་ཚུལ་མཐོང་རྒྱུ་ཡོད། གང་ལྟར་གོང་དུ་བརྗོད་པའི་སྲོག་ཆགས་ལྔ་པོ་རྣམས་བསང་མཆོད་ཀྱི་ཆོ་གའི་ནང་དུ་མཆོད་འབུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དཔེར་ན། 《བསྔགས་ཚིག་》ལས། “སྲིད་གསུམ་ཟིལ་གནོན་བ་ཁྱུང་རྒྱལ་པོ་ཡིས། ། བདག་གི་ཚེ་སྲོག་ནམ་མཁའི་རང་བཞིན་ལྟར། ། འཆི་བདག་བདུད་ཀྱིས་བསྐྱེད་དུ་མེད་པར་མཛོད། ། འགྲན་དོས་མི་རྫི་མཚལ་སྟག་བྱ་རོག་ཅན། ། བདག་གི་སྐུ་ལུས་དཔག་བསམ་ཚུལ་རྒྱས་ནས། ། མི་མཐུན་ནད་གཅོང་འཚེ་བ་མེད་པར་མཛོད། ། སྒྲ་ཡི་རྒྱལ་པོ་གཡུ་འབྲུག་ཐོག་དཔལ་ཅན། ། བདག་གི་དབང་ཐང་དབྱར་མཚོ་འཁྱིལ་བཀང་ནས། ། བསོད་ནམས་སྲིད་ལ་གནོད་པ་མེད་པར་མཛོད། ། གང་གིས་འགྲན་མེད་དུང་སེང་གཡུ་རལ་ཅན། ། བདག་གི་རླུང་རྟ་གངས་རི་ལྟར་དཀར་ནས། ། ལས་དང་བསམ་པ་བར་ཆད་མེད་པར་མཛོད། ། རྫུ་འཕྲུལ་ཤིག་འགྲོས་དབང་རྟ་སྤྲིན་ཤུགས་ཅན། ། བདག་གི་བླ་དཔལ་ཕུན་ཚོགས་ཆར་སྤྲིན་ཕྱུག ། འགལ་བྱེད་རླུང་གིས་དེངས་པ་མེད་པར་མཛོད། །”ཅེས་བྱུང་བ་ལྟ་བུའོ། ཡང་མཚོན་ཚུལ་གཞན་ཞིག་ནི། རླུང་རྟའི་དབུས་སུ་རྟ་མཆོག་གི་གཟུགས་བཀོད་པས་ནོར་བུའི་མཚོན་དོན་དང་། ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་བཀོད་པས་མི་འཇིགས་པ་སྟེ། རྣམ་པར་རྒྱལ་བའི་མཚོན་དོན་དུ་བཤད་སྲོལ་ཡོད། དངོས་དོན་ནི་འབྱུང་བ་མཚོན་བྱེད་དུ་གོ་དགོས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན་པ། ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ། འབྲུག་རྒྱ་མཚོར་གནས་པས་ཆུའི་ཁམས་མཚོན་པ། རླུང་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་པ་བཅས་ཡིན། སེམས་ཅན་དེ་རྣམས་འབྱུང་བའི་མཚོན་དཔེར་བྱས་པ་ནི་འབྱུང་བའི་ཁམས་ཙམ་མིན་པར་འབྱུང་བའི་བྱེད་ལས་ཀྱི་མཚོན་དོན་གཙོ་བོ་མ་བཟུང་བ་ཞིག་ཡིན།
ཡོངས་ཁྱབ་ཏུ་དར་བའི་ཆོ་གའི་ནང་དུ་སྐར་རྩིས་ཀྱི་ནང་དོན་ཁག་གཅིག་གིས་གལ་ཆེའི་ནུས་པ་འདོན་པ་ཡིན་ཏེ། དཔེར་ན།《བསྐྱེད་པ་བཞི་ལྡན་གྱི་གཏོ་ཆོག་》ཅེས་པའི་ཆོ་ག་ཞིག་ཡོད་པ་དེ་སྤེལ་བའི་དམིགས་ཡུལ་ནི་གོང་དུ་བརྗོད་པའི་རླུང་རྟའི་རྒྱུ་བཞི་པོ་རྣམས་རྒྱས་པར་བ་རྒྱུ་དེ་ཡིན་ཞིང་། དེའི་ནང་གི་དམིགས་བསལ་ཅན་གྱི་ནང་དོན་ཞིག་ནི་བསྐྱེད་པ་བཞི་ཡི་ནང་གསེས་དབང་ཞེས་པ་དེ་ཇི་ལྟར་བྱས་ནས་རྒྱས་པར་བ་རྒྱུ་དེ་ཡིན། དབང་གི་མཚོན་བྱེད་ནི་བུམ་པ་དང་། བུམ་པའི་ཟུར་བཞི་ནི་སྒོ་བཞིའི་དཔེར་འཇོག་པ་ཡིན། དེ་ཡང་ཤར་ན་བསོད་ནམས་དང་། ལྷོ་ན་ཁ་རྗེ། ནུབ་ན་སྙན་གྲགས། བྱང་ན་སྟོབས་འབྱོར་བཅས་གནས་པར་འདོད། བསྐྱེད་པ་བཞི་ལས་ཨང་བཞི་པ་ནི་རླུང་རྟ་ཞེས་པ་ཡིན་ཞིང་། དེ་ལ་ཆོ་ག་དང་འབྲེལ་བའི་གཏམ་རྒྱུད་ཐུང་ངུ་ཞིག་ཡོད་པ་དེའི་ནང་དོན་སྟབས་བདེར་བརྗོད་ན་འདི་ལྟ་སྟེ། ལྷ་ཡེ་སྨོན་རྒྱལ་པོ་དང་ཁོང་གི་བཙུན་མོ་སྟེ། བོན་གྱི་འཇིག་རྟེན་ཆགས་ཚུལ་གྱི་གཏམ་རྒྱུད་ནང་འཁོད་པའི་འཇིག་རྟེན་གྱི་བྱེད་པོ་གཉིས་ལ་རླུང་རྟ་ཞེས་པ་དང་། དེ་གཉིས་ལ་ཟི་གཅེན་གཅུང་ལྔ་བྱུང་ཞིང་། དེ་ལྔ་པོ་ནི་བོད་ཀྱི་རྩིས་དང་འབྲེལ་བའི་ཐ་སྙད་ལྔ་སྟེ། མེ་དང་། ས། ལྕགས། ཤིང་། ཆུ་བཅས་ཀྱི་མཚོན་བྱེད་དུ་བརྩི་བ་ཡིན། རླུང་རྟའི་གཅེན་གཅུང་ལྔ་པོས་མི་ལ་སྐུལ་སློང་བྱེད་པ་དང་། མི་རྣམས་ཁོང་ཚོའི་བཀའ་འོག་ཏུ་བསྡུ་བ། སྐྱེ་བོའི་རེ་འདོད་མངོན་འགྱུར་ཡོང་བར་བྱེད་པ། ལུས་ལ་སྟོབས་རྩལ་རྒྱས་པར་བྱེད་པ། དེ་བཞིན་མིའི་སྙན་གྲགས་དབང་ཐང་དང་། གཟི་བརྗིད་སྟོབས་འབྱོར་རྒྱས་པ་བཅས་ཡོང་བར་རོགས་ཕན་བྱེད་པར་ངོས་འཛིན་བྱེད།⒁
གེ་སར་བསྒྲུབ་སྐོར་ལས་རླུང་རྟ་རས་སོགས་ཀྱི་སྟེང་ཇི་ལྟར་འབྲི་བའི་སྐོར་ལ་འཇུ་མི་ཕམ་ཚང་གི་《གེ་སར་སྐྱེས་བུའི་རླུང་རྟ་སྙན་པའི་བ་དན་བཞུགས་》ཞེས་པ་ལས། “རླུང་རྟ་སྙན་པའི་བ་དན་ནི། ། རྒྱུ་བཟང་རས་དང་ཟ་འོག་ལ། ། ཆེ་ཆུང་ཅི་ཙམ་འཚམས་པ་ཡིས། ། དབུས་སུ་སེར་པོ་རྐྱ་མི་རིས། ། གེ་སར་རྒྱན་ཆས་རྫོགས་པར་བྲི། ། ཕྲག་གཡས་ལྗང་གུ་ཁྱུང་ལྡིར་རིས། ། ཕྱག་གཡས་སྔོན་པོ་གཡུ་འབྲུག་རིས། ། སྤྱི་བོ་མདུན་འགོ་རྒྱབ་ཕྱོགས་བཞིར། ། རིམ་པར་དཀར་དམར་ལྗང་གུ་སྔོ། ། དེ་ལ་བ་དན་རེ་རེ་བྲི། ། མདོར་ན་གྲུ་བཞིར་ལྷ་བཞི་དང་། ། གྲུ་བཞི་དྲས་ལ་ལེགས་པར་བཀོད། ། ཕྱི་རིམ་ནང་གི་གྲུ་བཞི་རེའི། ། བཞི་ཆའི་སེར་པོ་མུ་ཁྱུད་དང་། ། ཕྱེད་ཆའི་ལྗང་གུའི་མུ་ཁྱུད་བསྐོར། ། མཐའ་མ་སྐུད་པ་དམར་པོས་འཁྱུད། ། སྟེང་ནས་མས་རིམ་དཀར་སེར་དམར། ། སྔོན་པོའི་དར་ལྕེ་བཞི་བཏགས་ལ། ། གྱེན་དུ་བཞི་ཆ་ཕྲེད་ལིང་རྩེའི། ། ཁྱོན་གཅིག་དང་ནི་ཕྱེད་བཅས་སུ། ། རླུང་བསྐྱེད་སྔགས་བྲི་ལྗང་གུ་ཡི། ། སྟེང་དུ་དུས་སང་སིདྡྷི་བྲི། ། གཡས་སུ་ཧྐྵཾ་བྲི། ། གཡོན་དུ་པདྨ་གསེར་རྡོར་དང་། ། དུང་དཀར་གཡས་སུ་འཁྱིལ་པ་བྲི། ། སྔོན་དུ་ཡེ་དྷར་འདོད་གསོལ་བྲི། ། རྒྱབ་ཏུ་དཀར་པོ་སྦྲགས་ཀྱང་རུང་། ། རྒྱལ་མཚན་དཀར་པོའི་རྩེ་མོ་རུ། ། ནོར་བུ་འབར་བའི་མདུང་ལ་བསྒྲོན། ། ཆོས་དབྱིངས་བདེ་བའི་ཐིག་ལེ་ལས། ། སེང་ཆེན་ཕྲིན་ལས་ཐོགས་མེད་རྩལ། ། ལྷུན་གྲུབ་རང་རྩལ་བཞེངས་པར་བསམ། ། མཁའ་ལ་ཕྱར་ཏེ་དེ་དག་ལ། ། རླུང་རྟ་གཞན་ཡང་བཏགས་ལ་ནི། ། རླུང་རྟ་བསྐྱེད་པའི་ཆོ་ག་བྱ། ། བ་དན་རང་གི་རྟེན་དུ་བཅིངས། ། ནམ་དགོས་མཁའ་ལ་སྒྲོན་ཏེ་བསང་། ། རླུང་རྟ་བཞི་ནི་རི་མཐོར་ཕྱོར། ། ལས་རླུང་རྟེན་འབྲེལ་རབ་དར་བའི། ། ཕུན་ཚོགས་གསར་པའི་ནོར་བུ་འདི། ། ཀུན་ལ་སྦྱིན་པར་ཕོངས་པས་ནི། ། གཞུང་དུ་རླུང་རྟའི་ལྷ་གཟུགས་དང་། ། དར་གྱི་བ་དན་ལྕེ་བཞི་བྱས། ། ཟུར་ཙམ་དག་ལ་སྨྲོས་པ་མེད། ། འདི་ནི་སེང་ཆེན་ནོར་བུ་ཡི། ། ཡང་གསང་རླུང་གི་ཏི་ལ་ཀ ། གང་བསམ་བགྲོད་པ་རྡོ་རྗེའི་རྟས། ། སྐུ་གསུམ་རྒྱལ་བའི་གླིང་དུ་ཁུར། ། ས་མ་ཡ། ། དྷ་ཐིམ། སླར་ཡང་རྟེན་འབྲེལ་རབ་ཏུ་དགེ་བའི་ལྕགས་རྟ་ཟླ་བ་གཅིག་པའི་ཚེས་དགུ་ལ་ཤོག་གུར་ཕབ་པ་བཀྲ་ཤིས་བཀའ་རྒྱ་དམ། མངྒ་ལཾ། །”⒂ཞེས་པ་སོགས་ལྟ་བུ་མང་དུ་བསྟན་ཡོད།
བརྒྱད་པ། ཕྱྭ་གཡང་།
གཡང་ཞེས་པ་ནི་བོད་མིའི་འཚོ་བའི་ཁྲོད་མི་ཡི་ཚེ་དང་། བསོད་ནམས། ལོངས་སྤྱོད་དབང་ཐང་སོགས་ཚང་མར་འབྲེལ་ཡོད་ཅིང་། གཡང་དར་ན་དེ་དག་དར་བ་དང་། རྒུད་ན་དེ་དག་ཉམས་པར་ངོས་འཛིན་བྱེད། གླིང་རྗེ་གེ་སར་རྒྱལ་པོས་རྫོང་ཁག་མི་འདྲ་བ་མང་པོ་ཕབ་ནས་དབང་དུ་བསྡུས་པ་ནི་དོན་དུ་ཡུལ་དེ་དག་གི་རྒྱུ་ནོར་སོགས་ཀྱི་གཡང་བཀུག་ནས་གླིང་དཀར་སྟོད་ཀྱི་མི་སྡེ་ཀུན་ལ་ཐོབ་པར་བྱས་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་རྡོ་རིང་གི་ཡི་གེ་དག་ན་གཉའ་ཁྲིའི་ཡན་ཆད་ནས་རང་གི་སྲས་རྣམས་ཚེ་རིང་བའི་ཆེད་ལྷ་གསོལ་དང་། འདྲེ་འདུལ། གཡང་འགུག ཚེ་སྒྲུབ་སོགས་ཀྱི་ཆོ་ག་སྣ་ཚོགས་སྒྲུབ་སྲོལ་ཡོད་པར་བཤད། གཡང་འགུག་པ་ནི་ཟས་ནོར་ལོངས་སྤྱོད་སོགས་འགུག་བྱེད་ཀྱི་ཆོ་ག་ཞིག་ཡིན་པ་དང་། ཆོ་ག་དེ་ལ་བརྟེན་ནས་རང་གི་འདོད་པའི་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་བར་དད་ལྡན་པ་རྣམས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་པ་ཡིན། གཡང་འབོད་ནི་ཆོ་ག་སྒྲུབ་པའི་དུས་སུ་ཆོ་ག་སྒྲུབ་མཁན་གྱིས་རང་གི་སེམས་འདུན་དེ་ངག་སྒོ་ཕྲ་མོ་ལས་སྙན་པའི་དབྱངས་རྟ་ལ་བསྐྱོན་ནས་བླངས་པའི་གླུ་ཚིག་གམ་གཏམ་བརྗོད་སྙན་མོ་དེར་ཟེར་བ་ཡིན། དེ་འདྲའི་གཡང་འབོད་བྱེད་སྲོལ་ནི་བོད་ཀྱི་སྲོལ་རྒྱུན་ལས་རིགས་ཁག་ལས་མཐོང་ཐུབ་པའོ།
གཡང་ཞེས་པར་《རྒྱ་བོད་ཚིག་མཛོད་ཆེན་མོ་》རུ།“དཔལ་འབྱོར་ཕུན་སུམ་ཚོགས་པའི་ཕྱྭའམ། བཅུད་དམ། བསོད་ནམས་”ཞེས་འགྲེལ་འདུག་ནའང་། གླིང་སྒྲུང་དང་བོད་ཀྱི་སྤྱི་ཚོགས་དངོས་ལས་མངོན་པ་ལྟར་ན། དེའི་ནང་དོན་དེ་ལས་ཀྱང་རྒྱ་ཆེ་ཞིང་ཟབ་པ་ཡོད་དེ། གཡང་ལ་གང་ཟག་མི་ཡི་ཐོག་ཏུ་གནས་པའི་གཡང་དང་། ཕྱི་རོལ་དངོས་པོར་བརྟེན་ནས་གནས་པའི་གཡང་ཡང་ཡོད་པར་འདོད་པའི་ཕྱིར། དེ་མིན་གཡང་མི་འདྲ་བ་ལ་རྟེན་གཞི་ཡང་མི་འདྲ་བ་ཡོད་ཅིང་། རྟེན་གཞི་དེར་གཡང་འཕེལ་འགྲིབ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་གྱི་ལྷ་ཞིག་ཀྱང་ཡོད་པར་འདོད། དཔེར་ན། 《སྟག་གླིང་གཡུལ་འགྱེད་》ལས། “རྟ་གཡང་ཟླ་བ་མགོ་གསུམ་དང་། ། ནོར་གཡང་ཨརྱ་ཛམ་བྷ་ལ། ། གསེར་གཡང་གསེར་གྱི་མཎྜལ་གྱིས། ། འབྲི་གཡང་ཁྱུང་གི་སྒོ་ང་ཙམ། ། ཚོང་གཡང་འགུགས་པའི་ལྕགས་ཀྱུ་དང་། ། ཤིང་ཐོག་མངར་རིགས་འབྲུ་སྣ་ཚོགས། ། ལུག་གཡང་གང་བ་བཟང་པོ་སོགས། ། དེ་འདྲའི་ནོར་བུ་ཆ་བདུན་དང་། ། མཛོ་གཡང་གང་མ་དུང་རྭ་རེལ །”⒃ཞེས་རྟ་གཡང་རྟ་ལ་བརྟེན་ནས་གནས་པ་དང་། དེའི་ལྷ་ལ་ཟླ་བ་མགོ་གསུམ་ཞེས་པ་དང་། ནོར་གཡང་ནོར་ལ་བརྟེན་ནས་གནས་པ་དང་། ནོར་གཡང་འཕེལ་བར་བྱེད་པའི་ལྷ་ལ་ཨརྱ་ཛམ་བྷ་ལ་ཞེས་སོགས་བསྟན་པ་ལས་རྟོགས་ཐུབ། སྤྱིར་བཏང་གཡང་གི་ལྷ་ནི་ཛམ་བྷ་ལ་དང་། ལྷ་མོ་དཔལ་ཆེན་མོ། དབྱངས་ཅན་མ་བཅས་ཡིན་པར་བཤད། བོན་གྱི་གཞུང་ལས་ཕྱྭའམ་གཡང་ཞེས་པ་ནི་གདོད་མའི་མི་རྣམས་ཀྱི་ཐུན་མོང་གི་སེམས་ཁམས་ན་བག་ལ་ཉལ་བའི་ལྐོག་གྱུར་རམ་ཁྱད་པར་ཅན་གྱི་རྟེན་འབྲེལ་རང་བཞིན་ཅན་གྱི་ཆོས་ཤིག་སྟེ། མི་དབང་ཐང་ཅན་དང་ཁ་ལས་རླུང་རྟ་ཅན་གྱི་སྟེང་ན་མི་གཡང་ཡོད་པ་དང་། རྒན་པོ་ལོ་མང་ཐུབ་པ་ནད་མེད་བདེ་ཐང་ཅན་གྱི་སྟེང་ན་ཚེ་གཡང་ཡོད་པ། རྟ་ནོར་ལུག་གསུམ་རྒྱུད་བཟང་འཕེལ་ཁ་ཅན་གྱི་སྟེང་ན་ཕྱུགས་གཡང་ཡོད་པར་བཤད་པ་ལ་བལྟས་ན། བཅུད་དང་བསོད་ནམས། དཔལ་དང་དབང་འབྱོར་སོགས་བཀྲ་ཤིས་པའི་བྱ་ལས་སྣ་ཚོགས་ལ་གཡང་གི་མིང་བཏགས་པར་འདོད། གཡང་འགུག་པའི་ཆོ་ག་དེ་འདྲ་གནའ་དུས་བོན་གྱི་ཁྱིམ་ཚང་ན་ཡོད་པ་ལ་དུས་ཕྱིས་བན་གྱི་ཁྱིམ་དུའང་དར་བ་ཡིན་ཏེ། བན་བོན་གྱི་དད་པ་ཅན་ཚང་མས་གཡང་ཞེས་པ་ལ་ནོར་དང་། ཕྱུག་པོ་དང་། བཅུད་དམ་སྙིང་པོའི་དོན་འདུས་ཡོད་ལ། གཡང་འགུག་པ་ནི་ཁྱིམ་ཚང་ཕྱུག་པོར་འགྱུར་བ་དང་རྒྱུ་ཟོག་མི་ཉམས་གོང་འཕེལ་ཡོང་ཆེད་ཀྱི་ཆོ་ག་མེད་དུ་མི་རུང་བ་ཞིག་ཡིན་པར་འདོད་པའི་ཕྱིར།
གཞན་ཡང་གཡང་འགུག་པ་ནི་ནོར་ལོངས་སྤྱོད་རྒྱས་པར་བྱེད་པའི་ཆོ་ག་ཁོ་ན་ཙམ་མ་ཡིན་པར། ད་དུང་མི་རང་ཉིད་ཀྱི་ཚེ་རིང་བ་དང་། ནད་མེད་པ། ཤེས་རིག་དར་བ། དཔལ་སྟོབས་རྒྱས་པ། བདེ་སྐྱིད་འབྱུང་བ་བཅས་ཀྱི་རྐྱེན་གལ་ཆེན་ཞིག་ཏུ་ཡང་བརྩི་ཚུལ་《ཕུད་མཆོད་ཕྱྭ་གཡང་སྤྲིན་ཆེན་བཞུགས་》ཞེས་པ་སོགས་ལས་ཤེས་ཐུབ་སྟེ། དེ་ལས། “ཕུད་མཆོད་ཕྱྭ་གཡང་སྤྲིན་ཆེན་ནི། བཟའ་བཏུང་ཡོ་བྱད་སོགས་ཅི་ཡང་རུང་སྟེ། བྱིན་གྱིས་བརླབས་ནས་ཡིད་ཀྱིས་སེང་ཆེན་གཏེར་བདག་ཝེར་མའི་ཚོགས་ལ་འདི་ལྟར་མཆོད་པར་བྱའོ། ། ཨོཾ་ཨཱ་ཧཱུྃ། ། མདུན་གྱི་ནམ་མཁའ་མདུད་རྩིའི་སྤྲིན་དཀར་དབུས། ། ཕྱྭ་གཡང་བསམ་འཕེལ་ཡིད་བཞིན་ནོར་བུ་ནི། ། གེ་སར་དགྲ་བླའི་རྒྱལ་པོ་ཆེན་པོ་ལ། ། རྨ་རྒྱལ་ལ་སོགས་གཏེར་བདག་ཝེར་མས་བསྐོར། ། བཟའ་བཏུང་འབྱོར་པ་མཁོ་རྒུའི་ཡོ་བྱད་ཚོགས། ། ཡེ་ཤེས་བདུད་རྩིའི་འདོད་རྒུའི་འབྱུང་གནས་སུ། ། བྱིན་གྱིས་བརླབས་པའི་མཆོད་པ་དམ་པ་འདི། ། སྐྱེས་མཆོག་ནོར་བུ་འཁོར་དང་བཅས་ལ་འབུལ། ། སྣང་སྲིད་མ་ལུས་སྒྲིབ་མེད་ས་ལེར་གཟིགས། ། མཆོག་དམན་བར་མའི་འགྲོ་བ་ཀུན་ལ་བརྩེ། ། འདོད་དོན་ཡིད་བཞིན་ནོར་བུའི་ཚུལ་སྩོལ་བ། ། ཡིད་བཞིན་རེ་སྐོང་ཝེར་མའི་ཚོགས་ལ་བསྟོད། ། ཐུགས་རྗེས་དགོངས་ཤིག་མཐུ་ལྡན་དགྲ་བླའི་རྗེ། ། བསླུ་མེད་གཡུང་དྲུང་ནོར་བུའི་ཐུགས་ཀློང་ན། ། རྨ་གཡང་ཟས་ནོར་འདོད་རྒུའི་ཆར་ཆེན་པོས། ། རེ་བའི་ཤིང་རྟ་ཡོངས་སུ་བཀང་བར་མཛོད། ། ཅེས་ཇ་མཆོད་སོགས་ལ་སྦྱར་ཏེ། འདི་ཉིད་རང་ཉིད་གཞིས་བྱེས་གང་དུ་འདུག་ཀྱང་ཟས་ནོར་རྙེད་པར་འདོད་ན་ཉིན་རེ་བཞིན་ནམ། དུས་དུས་སུ་བསྒྲགས་པས་ཚེ་དཔལ་འབྱོར་གཡང་གི་ནོར་བུ་རྣམ་བཞི་ལག་ཏུ་བཅིངས་ནས་དགོས་འདོད་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་ཡོད་”⒄ཅེས་གེ་སར་དགྲ་བླའི་རྒྱལ་པོ་ཆེན་པོ་དང་རྨ་རྒྱལ་ལ་སོགས་གཏེར་བདག་ཝེར་མ་དག་ལ་མཆོད་པས། རྨ་གཡང་ཟས་ནོར་འདོད་རྒུ་འབྱུང་བར་བསྟན་པ་ལྟ་བུའོ།
དེ་མིན་《གེ་སར་སྐྱེས་བུའི་གཡང་སྒྱེ་དྲུབ་ཚུལ་ངོ་མཚར་གཡང་མཛོད་བཞུགས་》ཞེས་པ་ལས། འདོད་དགུ་འབྱུང་ཞིང་དོན་དགུ་འགྲུབ་པ་དང་སྐྱེ་དགུ་བདེ་ཞིང་བསམ་དོན་འགྲུབ་པ། ལེགས་དགུ་ཚང་ཞིང་ཡོད་དགུ་འཕེལ་བ། གཡང་དགུ་ཆགས་ཤིང་དཔལ་དགུ་བརྟན་ཞིང་བཀྲ་ཤིས་བདེ་ལེགས་ཕུན་ཚོགས་རྒྱས་ཆེད་གཡང་རྒྱས་བཟོ་བའི་ཚུལ་བསྟན་པ་ནི། “ཐ་གྲུ་མཉམ་པའི་གྲུ་བཞི་ལ། ། བཞི་ལྟེབ་བྱས་པའི་གྲུ་བཞི་གཅིག ། ནུ་མ་བརྒྱད་དེ་གྲུ་བཞི་གཅིག ། འོག་གི་ནུ་མ་མཆེ་བ་ཡིན། ། གྲུ་བཞི་གཉིས་ནི་གཡང་སྐྱེའི་ཁུག ། ནུ་བརྒྱད་བཞི་ལིང་གྲུ་བཞི་ལྟེབ། ། དེ་ནས་གྲུབ་ལྟེབ་བྱས་ཏེ་བཅད། ། དུམ་བུ་བརྒྱད་པོ་གྲུར་ལྟེབ་པའི། ། ཆེ་ངོས་གྱེན་དུ་བསྟན་པ་ཡིས། ། ནུ་མ་བརྒྱད་འབྱུང་འོག་གི་ནི། ། ནུ་ཆེན་ཆེ་ངོས་གྱེན་སྟན་ནང་། ། ཁ་ཡི་བར་དུ་ཡས་མས་སྦྱར། ། ཁ་ནི་གྲུ་བཞི་ཕྱེད་དེ་ཕྱེད་གཤག་བྱ། ། དེ་ལྟར་བྱས་ན་ཅུང་ཟད་ལྷག་པ་འོང་། ། ཡང་ན་ཕྱེད་དེའི་སྟེང་ན་སུམ་ཆ་བསྣན། ། ནུ་མ་གཉིས་དེ་འོག་ནུའི་དཀྱིལ་དྲངས་སྦྱར། ། སྟེང་ཐུག་དམར་སེར་འཇའ་རིས་དང་། ། འོག་གསུམ་ལྗང་མཐིང་འཇའ་རིས་མཛེས། ། ཁ་བུད་ཚར་ལོས་བརྒྱན་པ་ཡི། ། ངོ་མཚར་གཡང་གི་མཛོད་དུ་གྲུབ། ། ལོགས་དྲུག་རིན་ཆེན་ཟུར་དྲུག་ལ། ། འབྱོར་དྲུག་རྒྱས་པའི་རྟེན་འབྲེལ་ཡོད། ། རྩེ་གསུམ་ནོར་བུ་སུམ་ཚུགས་ལ། ། སྲིད་གསུམ་གཡང་འདུས་རྟེན་འབྲེལ་ཡོད། ། ཁ་ཁྱེར་དཔལ་བེའུ་ཟུར་དྲུག་ལ། ། དགོས་འདོད་འབྱུང་བའི་རྟེན་འབྲེལ་ཡོད། ། ཐུར་དུ་སྦུབ་ན་བུམ་བཟང་ནི། ། འབྲུ་ཡི་གདན་ལ་བཞག་པ་འདྲ། ། ཚེ་བསོད་འཛད་མེད་རྟེན་འབྲེལ་ཡོད། ། ཡང་ན་མ་སང་བུ་ཐོགས་འདྲ། ། འོག་གི་ནུ་མ་གསུམ་པོ་མཆན། ། རིགས་རྒྱུད་ཚེ་འཕེལ་རྟེན་འབྲེལ་ཡོད། ། ཡང་ན་འདོད་འཇོའི་བ་ནུ་འདྲ། ། བཟའ་བཏུང་དཀར་འཕེལ་རྟེན་འབྲེལ་ཡོད། ། གྱེན་བསྟན་ནོར་བུ་འབར་བ་འདྲ། ། གཡང་འཕེལ་ནོར་གྲུབ་རྟེན་འབྲེལ་ཡོད། ། ཡང་ན་འབྲས་ཀྱི་སྙེ་མ་འདྲ། ། བང་མཛོད་འབྲུ་འཕེལ་རྟེན་འབྲེལ་ཡོད། ། ཡང་ན་དཔག་བསམ་ཤིང་ཆེན་འདྲ། ། འཁོར་འབངས་གཉེན་རྒྱས་རྟེན་འབྲེལ་ཡོད། ། ཡང་ན་གསེར་སྙིང་སྤྲིན་ཆེན་འདྲ། ། སྙན་གྲགས་རྙེད་འཕེལ་རྟེན་འབྲེལ་ཡོད། ། ཡང་ན་རི་རྒྱལ་རི་སྐོར་འདྲ། ། ཆུས་སྲིད་བསྟན་དང་རྟེན་འབྲེལ་ཡོད། ། དེ་གསུམ་ཕྱྭ་གཡང་དཔལ་གསུམ་གྱིས། ། རྟེན་འབྲེལ་ཐམས་ཅད་འདི་ལ་ཚང་། ། རྟེན་འབྲེལ་གཡང་གི་མཛོད་ཆེན་པོ། ། འཆང་བ་ཙམ་གྱིས་གཡང་ཆགས་སོ། ། ཁ་ཅིག་ཕྱྭ་གཡང་འབབ་པ་ཡིན། ། ནུ་དགུ་ཕྱྭ་གཡང་འཁྱིལ་ས་ཡིན། ། འདྲ་བ་ཆོས་ཀྱི་འབྱུང་གནས་འདྲ། ། གདེངས་ཀ་ཆེ་བ་གྱེན་དུ་བསྟན། ། ནམ་མཁའི་མཐའ་མཉམ་ཕྱྭ་གཡང་འཁྱིལ། ། རྩ་བ་ཕྲ་བ་ཐུར་དུ་ཟུག ། དཔག་བཅས་རྩ་བ་བརྟན་ཞེས་བྱ། ། ”⒅ཞེས་བྱུང་བ་ལྟར་ཡིན། གཞན་ཡང་《གེ་སར་རྒྱལ་པོའི་གཡང་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་བཞུགས་སོ་》ཞེས་པ་དང་། 《གེ་སར་རྡོ་རྗེ་ཆེའི་རྒྱལ་པོའི་གཞུང་》ཞེས་པ།《མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་》ཞེས་པ་སོགས་ཚེ་གཡང་སྒྲུབ་པའི་གཞུང་དང་མན་ངག་ཁྱད་པར་བ་ཡང་མང་དུ་བཞུགས་སོ།
དགུ་པ། བསྐང་བཤགས།
བསྐང་བཤགས་ནི་ལྷ་སྲུང་གསོལ་བ་དང་འབྲེལ་ཉེས་འགལ་འཁྲུལ་བར་བཤགས་པ་འབུལ་བ་སྟེ། ཆོས་སྐྱོང་སྲུང་མའི་ཐུགས་དགྱེས་པར་བྱེད་ཅིང་ཉམས་ཆག་གི་ཉེས་པ་གསོ་བར་བྱེད་པའི་ཆོ་ག་ཞིག་ཡིན། ཆོ་ག་དངོས་གཞིའི་སྐབས་སུ་རྫས་སྣ་ཚོགས་པ་དགོས་པ་ཡིན། དེ་ལ་རྒྱལ་རོང་ནམ་སྤྲུལ་དཔའ་སེང་གར་གྱི་རྡོ་རྗེ་ཡི་《གེ་སར་སྐོང་བ་འདོད་ཡོན་མཆོད་སྤྲིན་བཞུགས》ཞེས་པ་ལས། “སྐོང་མདོས་ཡོ་བྱད་ཚང་བར་འདུ་བྱས་ལ། ། བསངས་སྦྱངས་བྱིན་རླབས་དབྱངས་དང་བཅས། ། སྐྱབས་གནས་དཀོན་མཆོག་རྩ་གསུམ་ཐུགས་དམ་བསྐང་། ། དགྲ་འདུལ་སེང་ཆེན་རྒྱལ་པོའི་ཐུགས་དམ་བསྐང་། ། རྡོ་རྗེའི་རྐྱང་རྒོད་འཕེལ་བའི་ཐུགས་དམ་བསྐང་། ། ......ཡབ་རྗེ་གཉན་ཆེན་གེ་མཛོའི་ཐུགས་དམ་བསྐང་། ། མ་ཡུམ་འགོག་བཟའ་ལྷ་དཀར་ཐུགས་དམ་བསྐང་། ། ཕུ་བོ་དུང་ཁྱུང་དཀར་པོའི་ཐུགས་དམ་བསྐང་། ། ནུ་བོ་ཀླུ་སྦྲུལ་འོད་ཁྱིམ་ཐུགས་དམ་བསྐང་། ། སྲིང་ལྕམ་ཐ་ལེ་འོད་འཕྲོའི་ཐུགས་དམ་བསྐང་། ། དགྲ་ལྷ་གཉན་སྟག་དམར་པོའི་ཐུགས་དམ་བསྐང་། ། ......”⒆ཞེས། འགྲོ་དོན་སྐྱོང་ཞིང་པ་པདྨའི་སྔགས་རྒྱུད་རིག་འཛིན་རྣམས་ཀྱི་སྦྱོར་སྒྲོལ་གསང་བའི་ལམ་མཆོག་མཐར་ཕྱིན་པ་དང་། ཚེ་བཅུད་བདུད་རྩིའི་འོ་མཚོ་འཕྱུར་བ། རླུང་རྟ་དར་ཞིང་ཟས་གོས་ལོངས་སྤྱོད་ཆར་དུ་འབབ་པ། ལུས་ངག་ཡིད་གསུམ་གྱི་འཕྲིན་ལས་རྒྱས་ཤིང་སྐུ་གསུམ་གདོད་མའི་དབྱིངས་སུ་གྲོལ་བ་དམིགས་སུ་བཟུང་ནས་བསྐང་གསོལ་འབུལ་བའི་ཚུལ་བསྟན་པ་དང་། བཤགས་པ་འབུལ་བའི་སྐོར་ལ་སྐྱབས་རྗེ་བླ་མ་རིག་འཛིན་ཉི་མའི་《གཏེར་འབུམ་མཐོང་བ་རང་གྲོལ་བཞུགས་སོ་》 ཞེས་པ་ལས། “བདག་ནི་མ་རིག་ཉོན་མོངས་དབང་གྱུར་པའི། ། དུག་ལྔའི་རང་གཟུས་རཱུ་ཏའི་སེམས་ནོངས་པའི། ། རྩ་གསུམ་བསྲུང་མའི་ཐུགས་དང་ཅི་འགལ་བ། ། སེང་ཆེན་ཝེར་མ་ཁྱོད་ལ་མཐོལ་ཞིང་བཤགས། ། འཁྲུགས་པ་སོར་ཆུད་གདོད་མའི་རང་མདངས་ངོམས། ། ཉེས་ཀུན་སེམས་ཀྱི་དབྱིངས་སུ་གཟོད་པར་གསོལ། ། ཨོབཛྲ་ས་ཏྭ། ། ”⒇ཞེས་དང་། འཇུ་མི་ཕམ་ཚང་གི་《གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ་》ཞེས་པ་ལས།“རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར་བུ་ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། བདག་ཅག་མ་རིག་འཁྲུལ་བའི་གཞན་དབང་གིས། ། སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི ། དམ་ཚིག་ཆག་ཉམས་འགལ་བ་ཅི་མཆིས་པ། ། ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་པའི་ཚོགས། ། འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་། ། མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། ། བཛྲ་ས་མ་ཡ་ཨ། །”(21)ཞེས་སོགས་བྱུང་།
བཅུ་པ། སྦྱིན་སྲེག
སྦྱིན་སྲེག་ནི་ཡམ་ཤིང་སོགས་འབར་བའི་མེའི་མཆོད་སྦྱིན་ལ་གོ་ཞིང་། སྤྲུལ་སྐུ་རིག་འཛིན་ཉི་མའི་《གེ་སར་རྒྱལ་པོའི་ཆོས་སྐོར་དགྲ་ལྷའི་རྒྱལ་པོ་ལ་བརྟེན་ནས་སྦྱིན་བསྲེགས་ཉོན་མོངས་གཡུལ་འཇོམས་བཞུགས་སོ་》ཞེས་པར། སྦྱིན་སྲེག་གི་ཆོ་གའི་གོ་རིམ་ཅུང་ཁ་གསལ་ཙམ་ཞིག་བསྟན་ཡོད་དེ། དང་ཐོག་ལས་བུམ་པ་བསྐྱེད་ཅིང་ཁ་ཆབ་བླངས། སྐུ་སྔགས་དམ་ཚིག་འཛིན། ཐོད་ཆིང་པང་ཁེབ་མེ་དར་དང་བཅས་སྔགས་རྫས་བྱིན་རླབས་ཅན་དགོས་ལ། དེ་ནས་མེ་སྤར། རླུང་སྐུལ་བ་དང་ཐབ་བསྐྱེད་པ་དང་མེ་དར་གཡབ་ཅིང་སྤྱན་འདྲེན་པ། ཕྱག་འཚལ་བ། མཆོད་པ་འབུལ་བ། རྫས་འབུལ་བ་ལའང་ཡམ་ཤིང་འབུལ་བ་དང་། མར་ཁུ་འབུལ་བ། ཏིལ་དཀར་ནག་འབུལ་བ། ཡུངས་དཀར་འབུལ་བ། དེ་བཞིན་ཟས་མཆོག་དང་། འབྲས་དཀར། ནས། གྲོ། སྲན་མ། དུར་ཝ། ཀུ་ཤ ཤིང་ཏོག དཀར་གསུམ། མངར་གསུམ། སྨན་སྣ། མེ་ཏོག སོ་རྩི། རེག་བྱ། ཨ་གར་དྲི་ཡི་རིགས་སོགས་འབུལ་བ་ཡིན། དེ་དག་འབུལ་སྐབས་རྩ་སྔགས་འདོན་རིམ་བཞིན་འབུལ་དགོས་ལ། དེ་རྗེས་ཟས་སྣ་དང་ཐུན་རྫས་བསྲེས་པའི་གཏོར་མ། རྩང་དམར་ནག་དང་མཚོན། རྫས་རྣམས་སྔགས་ཉེར་གཅིག་རེ་ཕུལ་ནས་འདོད་གསོལ་ཞུ་བ་དང་། རྫས་འདུ་འབུལ་ཞིང་བསྟོད་པ་དང་བསྐང་གསོལ་འབུལ་བ་དང་། དངོས་གྲུབ་ལེན་ཞིང་བསྲེགས་གཏོར་ཕུལ་ཏེ་བྱིན་གྱིས་རླབས་དགོས་པ་ཡིན། མཐར་ཡིག་བརྒྱ་བཟླས་ནས་ལྷག་ཆད་ཁ་བསྐང་ཞིང་ནད་ཡམས་འཁྲུག་རྩོད་མུ་གེ་དང་རྒྱལ་གདོན་འགོང་པོའི་ནུས་པ་བཟློག་ཅིང་བཀྲ་ཤིས་ཀྱིས་མཇུག་བསྡུ་བ་ཡིན། སྦྱིན་སྲེག་གི་དམིགས་ཡུལ་ནི་ཕྱོགས་བཞིའི་དགྲ་བཞི་འདུལ་བ་དང་དུས་ཀྱི་འཁྲུག་རྩོད་ཞི་ཞིང་། བསྟན་པ་དང་བསྟན་འཛིན་དར་ཞིང་རྒྱས་ལ་བསྟན་པའི་སྦྱིན་བདག་མངའ་ཐང་རྒྱས་ཕྱིར་ཡང་ཡིན་པར་གསུངས་སོ།
སྦྱིན་སྲེག་ལ་སྦྱིན་སྲེག་འབུལ་བ་པོའི་འཚོ་བའི་ཆ་རྐྱེན་ལ་བལྟོས་ཏེ་སྟབས་བདེ་དང་རྒྱས་པོ་ཞེས་རིགས་གཉིས་སུ་དགར་ཆོག སྟབས་བདེའི་སྦྱིན་སྲེག་ནི་ཏིལ་གྱི་རྫས་ཁོ་ནར་བསྟེན་ནས་འབུལ་ཆོག་ཅིང་། དེ་ལ་ཡོངས་གྲགས་སུ་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ཟེར། སྦྱིན་སྲེག་རྒྱས་པ་ལ་རྫས་ཆེན་བཅུ་གསུམ་འཛོམས་དགོས་ཤིང་། མ་མཐར་ཡང་མར་རྒྱ་མ་ཉི་ཤུ་ལྷག་དགོས་པས། མར་ཁུའི་འགྲོ་སོང་ཧ་ཅང་ཆེ། དེ་བས་བཅུ་ཆའི་སྦྱིན་སྲེག་ཅེས་པ་ནི་ཧ་ཅང་རྒྱ་ཆེ་བའི་སྦྱིན་སྲེག་ཅིག་ཡིན་པས། དེ་ལ་ཕལ་ཆེར་མར་རྒྱ་མ་ཉིས་བརྒྱ་ལྷག་དགོས་པར་བཤད། སྦྱིན་སྲེག་གང་ཞིག་ཡིན་ཡང་སྔགས་བཟླས་ནས་གྲངས་ངེས་ཅན་ཞིག་ལ་ཐོན་པ་ན་ད་གཟོད་རྫས་རྣམས་ལྡུག་དགོས་པར་བཤད་ཅིང་། དེའི་མཚོན་དོན་ཡང་སྤྱིར་སྒྲུབ་པ་པོ་རང་གི་བསྒྲུབ་བའི་ལྷ་དེ་བསྒྲུབས་ནས་གྲུབ་པའི་གསོལ་སྟོན་མཚོན་པར་བྱེད་པ་ཡིན་ནོ།
བཅུ་གཅིག་པ། གེ་སར་ཟ་ངུ་།
《སྐྱབས་རྗེ་བླ་མ་རིག་འཛིན་ཉི་མའི་གཏེར་འབུམ་མཐོང་བ་རང་གྲོལ་བཞུགས་སོ་》ཞེས་པ་ན་བཞུགས་པའི་གེ་སར་ཟ་ངུ་ཞེས་པའི་ཆོ་ག་དེ་ནི་རང་གི་བར་ཆད་སེལ་བ་དང་རང་ལ་སྡང་བ་རྣམས་བཟློག་པའི་ཆོ་ག་ཞིག་ཡིན་པར་འདོད་དེ། གཞན་གྱིས་གནོད་མི་ཐུབ་པ་དང་། བྱས་ཉེས་རང་གི་སྟེང་ཕྱིར་འཁོར་མི་ཐུབ་ཅིང་ལྟས་ངན་བཟློག་པའི་ཆོ་ག་ཞིག་ཡིན་པའི་ཕྱིར། དེ་ལ་བླ་མ་རིག་འཛིན་ཉི་མས། “ཧཱུཾ༔ རྒྱལ་བའི་ཕྲིན་བསྒྲུབ་བར་ཆད་གདོན་གྱིས་དཀུགས༔ བྱམས་དང་སྙིང་རྗེས་རང་རྒྱུད་མ་བརླན་པའི༔ ཉམས་པ་འདྲེས་ཁྱེར་བདག་ལ་སྡང་བ་རྣམས༔ བཀའ་སྡོད་ཕོ་ཉའི་ཚོགས་ཀྱི་ཟ་ངུ་གྱིས༔ བསྟན་དང་བསྟན་འཛིན་སྐྱོང་བའི་སྡེ་ཚོགས་རྣམས༔ ཁྱེད་ཀྱི་བྱམས་དང་སྙིང་རྗེས་སྐྱོངས་པར་མཛོད༔ ” (22)ཅེས་སོགས་རང་ལ་སྡང་བ་འགོག་པ་དང་བར་ཆད་སེལ་ཕྱིར་གེ་སར་ལ་སྐྱབས་སུ་རེ་ཚུལ་གསུངས་ཡོད།
བཅུ་གཉིས་པ། གེ་སར་གར་འཆམ་གྱི་ཆོ་ག
གཅིག གེ་སར་འཆམ།
གླིང་གེ་སར་གྱིས་གཙོས་གླིང་གི་དཔའ་རྟུལ་རྣམས་ཀྱི་མི་སྣའི་སྣང་བརྙན་ལྟད་མོ་བའི་མིག་ལམ་དུ་མངོན་ཐབས་ལ་གེ་སར་གར་འཆམ་བྱུང་བ་ཡིན། དེ་ཡང་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་གྲུབ་དབང་རྫོགས་ཆེན་དགོན་ནི་གླིང་སྒྲུང་དེ་བཞིན་དམངས་ཁྲོད་ཀྱི་རིག་གནས་ནས་དགོན་པའི་རིག་གནས་སུ་བཅུག་པའི་དགོན་སྡེ་ཐོག་མ་དེ་ཡིན་ཞིང་། གེ་སར་འཆམ་ཐོག་མར་གསར་གཏོད་མཛད་མཁན་ནི་རྫོགས་ཆེན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཡིན། ཁོང་ནི་གེ་སར་ནོར་བུ་དགྲ་འདུལ་ལ་ཐུན་མོང་མ་ཡིན་པའི་དུང་བ་དང་དག་སྣང་ཡོད་མཁན་ཞིག་ཡིན་པ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོ་འཁོར་ཚོགས་དཔའ་རྟུལ་བརྒྱད་ཅུ་དང་བཅས་པའི་སྣང་བརྙན་རྣམས་ཇི་ལྟར་གར་འཆམ་དུ་འབེབས་པར་དོ་སྣང་ཆེན་པོ་མཛད་མཁན་ཞིག་ཡིན། ནུབ་གཅིག་ཁོང་གི་གཟིམས་ལམ་དུ་སེང་ཆེན་ནོར་བུ་དགྲ་འདུལ་སྐུ་གཟི་བརྗིད་ལྟ་བས་ཆོག་མི་ཤེས་པ་དང་བཅས་པ་རྨིས་པས། དེ་ཕྱིན་ཆད་ཁོང་གིས་གེ་སར་འཆམ་གྱི་ཞལ་འབག་དང་། གྱོན་པ། ཉམས་འགྱུར་དང་བཅས་པ་རྨི་ལམ་ལ་ཇི་ལྟར་ཤར་བ་དེ་ལྟར་ཇུས་འགོད་ཀྱི་བགྱི་བ་ལྷུར་བཞེས་པར་གྲགས། གང་ལྟར་འདིའི་ཡན་དུ་གེ་སར་འཆམ་མ་བྱུང་བར་མངོན། རྫོགས་ཆེན་དགོན་དུ་གེ་སར་འཆམ་ཐོག་མར་གཏོད་པ་ནས་བཟུང་རིམ་བཞིན་བོད་ཀྱི་ཡུལ་དགོན་མང་པོ་ཞིག་ཏུ་དར་བར་སྣང་། དེ་ཡང་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་རྗེས་ནས་ཁམས་ཕྱོགས་ཀྱི་དགོན་པ་མང་པོར་དར་ཞིང་། ཨ་མདོ་ཕྱོགས་སུ་ཡང་མགོ་ལོག་རྨ་སྟོད་ཀྱི་ཧོར་སྐོར་དགོན་པའི་གླིང་འཆམ་དང་། རྨ་ཆེན་རྟོགས་ལྡན་དགོན་གྱི་གླིང་འཆམ། དགའ་བདེ་ལུང་སྔོན་དགོན་གྱི་གླིང་འཆམ། ལུང་སྐྱ་དགོན་གྱི་རྟ་འཆམ། དུར་བུད་སྡེ་པའི་གླིང་འཆམ། ཤ་ཤིང་སྡེ་པའི་གླིང་འཆམ། དར་ལག་རྫོང་ཁྲ་གླིང་དགོན་གྱི་གླིང་འཆམ། པདྨ་རྫོང་དྷི་མདའ་དགོན་གྱི་གླིང་འཆམ། གཅིག་སྒྲིལ་རྫོང་ཨ་བཟོད་དགོན་གྱི་གེ་སར་རྟ་འཆམ། སྟག་ལུང་དགོན་པའི་གླིང་འཆམ། དེ་བཞིན་དུ་མཚོ་ལྷོའི་ཁྲི་ཀའི་མཛོ་སྣ་དང་སྐེ་བའི་གེ་སར་འཆམ། མཚོ་སྔོན་པོའི་ས་ཐོ་དགོན་པའི་གེ་སར་འཆམ། ཡུལ་ཤུལ་ཁྲི་འདུ་དང་འབྲི་སྟོད། བོད་ལྗོངས་ཆབ་མདོ་རི་བོ་ཆེ་དགོན་སོགས་སུའང་གེ་སར་ལྷ་འཆམ་ཞེས་པ་སོགས་དར་ཡོད། དེང་སྐབས་གེ་སར་འཆམ་ལ་དགོན་པར་འཁྲབ་པ་དང་ཕྱི་རུ་རྟ་ཐོག་ཏུ་འཁྲབ་པའི་རིགས་གཉིས་མཆིས།
གཉིས། གེ་སར་ཟློས་གར།
གེ་སར་ཟློས་གར་ནི་དགོན་པའི་འཆམ་དང་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་ཟློས་གར་གྱི་ཤན་ཞུགས་པའི་རིག་གནས་སྣང་ཚུལ་ཞིག་ཡིན་ཞིང་། དེ་ཉིད་ཀྱི་དར་དུས་ཅུང་འཕྱི་ལ། དེང་སྐབས་གར་སྟེགས་འཁྲབ་སྟོན་གྱི་རིགས་སུ་གཏོགས་པས། དགོན་པའི་རིག་གནས་ལས་བརྒལ་ཏེ་དམངས་ཁྲོད་རང་བཞིན་ཅུང་ཆེ་བར་གྱུར་ཡོད། ༡༩༧༩ལོར་ཡུལ་ཤུལ་གྱིས་《གཡུལ་བསྐྱོད་》ཅེས་པའི་འཁྲབ་སྟོན་ཞིག་བྱས་པ་དེ་ནི་རྒྱལ་ནང་གི་གེ་སར་ཟློས་གར་ཐོག་མ་དེ་ཡིན་པ་དང་། ད་ལྟའི་ཆར་མདོ་ཁམས་ཀྱི་རྫོང་ཕལ་ཆེ་བ་ན་གེ་སར་ཟློས་གར་འཁྲབ་རྒྱུ་ཡོད། དེ་དག་གི་ཁྲོད་ནས་ཉེ་རབས་འབྲི་སྟོད་རྫོང་གིས་འཁྲབ་སྟོན་བྱེད་བཞིན་པའི་《སྐྱ་ལོའི་སྟོན་འཇོག་》ཅེས་པ་མིང་གྲགས་ཅུང་ཆེ་བ་ཡོད། དེ་མིན་གསེར་རྟ་ནས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་བླ་སྤྲུལ་ཆེ་ཁག་གི་གཞོགས་འདེགས་བཟང་པོའི་འོག ༡༩༨༡ལོར་ཁོང་རང་ཉིད་ཀྱིས་དབུ་འཛིན་མཛད་དེ་གསེར་རྟ་རྫོང་བོད་ཀྱི་རྣམ་ཐར་ཚོགས་པ་ཞེས་པ་གསར་འཛུགས་གནང་བ་དང་། དེ་རྗེས་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་དང་འབྲེལ་བའི་《རྟ་རྒྱུགས་》དང་།《མངའ་རིས་གསེར་རྫོང་》《ཨ་སྟག་ཀླུ་མོ་》《འདན་མའི་ནས་རྫོང་》སོགས་ཀྱི་འཁྲབ་གཞུང་གསར་དུ་བཟོས་ཏེ་གར་སྟེགས་སུ་སྤོས་ནས་འཁྲབ་སྟོན་བྱས། ༡༩༨༣ལོར་མཚོ་སྔོན་མཚོ་ལྷོ་ཁུལ་གྱིས་《ཧོར་གླིང་གཡུལ་འགྱེད་》ཀྱི་ཟློས་གར་འཁྲབ་པ་མིང་དུ་གྲགས་པས། རིམ་བཞིན་《ཧོར་གླིང་གཡུལ་འགྱེད་》ཙམ་མ་ཟད། 《བདུད་འདུལ་》《འཇང་ཕྲུག་》སོགས་འཁྲབ་སྟོན་བྱས། དེ་བཞིན་རྨ་ལྷོ་རྩེ་ཁོག་ཟློས་གར་ཚོགས་པས་《གསེར་གླིང་》དང་《ཨ་སྟག་ལྷ་མོ་》སོགས་འཁྲབ་པ་དང་། མགོ་ལོག་ཟློས་གར་ཚོགས་པས་《རྟ་རྒྱུགས་རྒྱལ་འཇོག་》སོགས་འཁྲབ་ཅིང་། མགོ་ལོག་གི་དམངས་ཁྲོད་ནའང་གེ་སར་ཟློས་གར་གྱི་ཚོགས་པ་མང་པོ་ཡོད་དོ།
གསུམ། གེ་སར་བྲོ་གར།
བྲོ་གར་ནི་རོལ་དབྱངས་འགྱུར་ཁུག་དང་བསྟུན་ཏེ་རྐང་ལག་གི་ལྡེམ་མྱུར་དང་། གདོང་གི་རྣམ་འགྱུར། སེམས་ཀྱི་འཁྱེར་སོ་སོགས་སྟོན་པ་ཞིག་ཡིན་ཞིང་། བཙན་པོ་དེ་ཤོ་ལེགས་ཀྱི་སྐབས་རང་རེའི་བོད་དུ་གླུ་གར་དར་བར་གྲགག གེ་སར་བྲོ་གར་ཇི་ལྟར་ཡིན་ཚུལ་ཐད་ཇུ་མི་ཕམ་ཚང་གི་《གླིང་བྲོ་བདེ་ཆེན་རོལ་མོ་》ཡི་བརྗོད་བྱ་དཔེ་མཆོན་དུ་དྲངས་ན་འདི་ལྟ་སྟེ།“ཕོ་རྣམས་ཀྱིས། ཨོཾ། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། ། དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ། ། བག་བྲོ་གཟི་བྱིན་ཐིབས་སེ་བྱོན་ནས། ། གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག ། ཕོ་རྒྱུད་དཔའ་བོའི་བྱིན་ཆེན་ཕོབས་ཤོག ། ཨ་ཧོ་ཡ། ཨ་ཧོ་ཡ། བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད། ། ངས་ནི་མི་བརྗེད་གསོལ་བ་འདེབས་སོ། ། ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས། ། རྐང་པའི་བྲོ་དང་ལག་པའི་གར་སྟབས། ། ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། ། མཁྱེན་པའི་ཉི་མ་གསལ་བའི་ལྷ་སྲས། ། བརྩེ་བའི་ཟླ་བ་རྒྱས་པའི་མི་རྗེ། ། བྱིན་རླབས་གློག་ལྟར་མྱུར་བའི་སེང་ཆེན། ། སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། ། འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག ། སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག ། དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག ། བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག ། འཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག ། ཨ་ཧོ་ཡ། ཨ་ཧོ་ཡ། ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། ། མ་གཡེང་ཐུགས་རྗེས་དགོངས་ཤིག་ནོར་བུ། ། ཕ་ཡིས་བུ་དེ་བརྗེད་པ་མི་སྲིད། ། མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག ། ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག ། ཨ་ཧོ་ཡ། ཨ་ཧོ་ཡ། མོ་རྣམས་ཀྱིས། ཨོཾ། སྟོང་ཉིད་ལྷ་མོ་ཆོས་ཀྱི་མཚོ་མོ། ། མ་ཚོགས་མཁའ་འགྲོའི་འཁོར་དང་བཅས་ཏེ། ། བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ཤོག ། གཡོན་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག ། མོ་རྒྱུད་མཛེས་པའི་བྱིན་ཆེན་ཕོབས་ཤོག ། བུ་མོས་ཨ་མ་བརྗེད་པ་མི་སྲིད། ། ངས་ནི་མི་བརྗེད་གསོལ་བ་འདེབས་སོ། ། ཡིད་ལ་དྭངས་སྨན་ཌཱ་ཀཱི་དྲན་ནས། ། རྐང་པའི་བྲོ་དང་ལག་པའི་གར་སྟབས། ། ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། ། མཁྱེན་པའི་ཉི་མ་གསལ་བའི་མཁའ་འགྲོ། ། བརྩེ་བའི་ཟླ་བ་རྒྱས་པའི་ཡུམ་ཆེན། ། བྱིན་རླབས་གློག་ལྟར་མྱུར་བའི་དྭངས་སྨན། ། དགྱེས་ཡུམ་བཀྲ་ཤིས་གསང་བའི་ལྷ་མོ། ། འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག ། སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག ། དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག ། བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག ། འཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག ། ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། ། མ་གཡེལ་ཐུགས་རྗེས་དགོངས་ཤིག་སྒྲོལ་མ། ། མ་ཡིས་བུ་མོ་བརྗེད་པ་མི་སྲིད། ། མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག ། ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག ། ཨ་ཧོ་ཡ། ཨ་ཧོ་ཡ། གླིང་བྲོ་ལན་ཚན་བཞི་པ། ། ཧོཿ རྩ་གསུམ་ཀུན་འདུས་སེང་ཆེན་རྒྱལ་པོ། ། མཆོག་གསུམ་བཀྲ་ཤིས་སྙན་པའི་ནོར་བུ། ། སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། ། བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་མཛོད། ། ཨེ་མ་ཧོ། ཨེ་མ་ཧོ། སྐུ་ཡི་བཀྲ་ཤིས་ཡིད་འོང་བྱིན་ཆགས། ། ནད་སེལ་བདེ་སྐྱིད་འཕེལ་བའི་རང་བཞིན། ། མི་ནུབ་རྒྱལ་མཚན་ལྟ་བུའི་བཀྲ་ཤིས། ། འདིར་འཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། གསུང་གི་བཀྲ་ཤིས་དགའ་སྐྱིད་གླུ་དབྱངས། ། སྙན་གྲགས་ས་སྟེང་ཁྱབ་པར་སྒྲོགས་པ། ། འགག་མེད་དུང་སྒྲ་ལྟ་བུའི་བཀྲ་ཤིས། ། འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། ཐུགས་ཀྱི་བཀྲ་ཤིས་ཆོས་ཀྱི་ཞིང་ས། ། བདེ་སྟོང་གསལ་འབར་བག་དྲོ་ལྷུན་ཆགས། ། མི་འགྱུར་ནམ་མཁའ་ལྟ་བུའི་བཀྲ་ཤིས། ། འདིར་ཚོགས་ཡོངས་ལ་འཇོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། ཡོན་ཏན་བཀྲ་ཤིས་དགོས་འདོད་ཀུན་འབྱུང་། ། ཆོས་སྲིད་ཕུན་ཚོགས་བསྟན་པ་དར་རྒྱས། ། བསམ་འཕེལ་ནོར་བུ་ལྟ་བུའི་བཀྲ་ཤིས། ། འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། འཕྲིན་ལས་བཀྲ་ཤིས་མཐུ་སྟོབས་དཔལ་འབར། ། ཕྱོགས་ལས་རྣམ་རྒྱལ་དབུ་འཕང་མཐོ་བའི། ། དགུང་ལ་ཉི་ཟླ་ལྟ་བུའི་བཀྲ་ཤིས། ། འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། གནས་འདི་མཁའ་སྤྱོད་མཐོང་བ་ཀུན་སྨོན། ། འདིར་ཚོགས་དཔའ་ཐུལ་དང་སྨན་རིག་འཛིན། ། མི་འབྲལ་ཚོམ་བུ་གཅིག་ཏུ་ཚོགས་ནས། ། བདེ་ཆེན་འགྲུབ་པའི་བཀྲ་ཤིས་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ་”ཞེས་བྱུང་བ་ལྟར་ཡིན།
བཅུ་གསུམ་པ། གཞན་པའི་སྐོར།
གཞན་པའི་སྐོར་ལ་འཇུ་མི་ཕམ་ཚང་གི་《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས་》ཞེས་པ་ལས། གེ་སར་རྒྱལ་པོ་ལ་བརྟེན་ནས་སྦ་ལྕག་ཚིག་གསུམ་པའམ་བཀྲ་ཤིས་པའི་ཤིང་སོགས་ཀྱིས་སྦ་ལྕག་ཇི་ལྟར་བཅའ་བ་དང་། དེ་ལ་སྔགས་ཇི་ལྟར་འཇུག་པ་སོགས་ལྕག་ཚན་ཡིད་བཞིན་ནོར་བུ་སྒྲུབ་ཚུལ་བསྟན་པ་དང་། 《གེ་སར་སྲོག་འཁོར་བཞུགས་སོ་》ཞེས་པ་ལས་གེ་སར་གྱི་སྲུང་བ་སྲོག་འཁོར་བླ་རྡོ་ཇི་ལྟར་སྒྲུབ་ཚུལ་བསྟན་པ། 《གེ་སར་སྐྱེས་བུའི་གཡང་སྒྱེ་དྲུབ་ཚུལ་ངོ་མཚར་གཡང་མཛོད་》ཅེས་པ་ལས་གཡང་སྒྱེ་ཇི་ལྟར་དྲུབ་ཚུལ་བསྟན་པ་ཡང་གཡང་འབོད་ཀྱི་ཆོ་གའི་སྐབས་སུ་བཤད་ཟིན་པ་ལྟར་དང་། 《གེ་སར་སྐྱེས་བུའི་རླུང་རྟ་སྙན་པའི་བ་དན་བཞུགས་》ཞེས་པར་གེ་སར་རླུང་རྟ་ཇི་ལྟར་འབེབས་ཚུལ་གསལ་པོར་བསྟན་པ། 《ཨ་བུ་དཀར་ལོའི་གེ་སར་རིག་གནས》ཞེས་པར་གེ་སར་རླུང་རྟའི་དར་ཆེན་ནི་རང་ཕྱོགས་ཀྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། དམ་ཅན་སྲུང་མ་དང་དགྲ་ལྷ་ཝེར་མའི་བླ་རྟེན་ཡང་ཡིན་པར་བཤད་ཡོད་ལ། དེ་ལས་ད་དུང་གླིང་ཆེ་རྒྱུད་དང་འབྲིང་རྒྱུད། ཆུང་རྒྱུད་ཀྱི་དར་ཆ་དང་གེ་སར་སྒྲུབ་མཆོད་ཀྱི་གཏོར་མ། གླིང་གི་མདའ་དར། གླིང་གི་ཐིག་ནག གླིང་གི་ཕུད་ཀོང་སོགས་ཀྱི་བཟོ་དབྱིབས་དང་བེད་སྤྱོད་བྱེད་སྟངས་ཀྱང་བསྟན་པ་བཅས། གོང་གསལ་དེ་རྣམས་ཀྱང་ཆོ་ག་དང་འབྲེལ་བ་ཡོད་པ་ཞིག་གོ
མཇུག་བསྡུའི་གཏམ།
དེང་སྐབས་ཀྱི་དམངས་ཁྲོད་དད་མོས་གཞུང་ལུགས་སུ་ཆོ་ག་སྒྲུབ་པའི་བྱེད་ནུས་ལ་གཞིགས་ནས་ཆོ་གར་ནད་སེལ་དང་། ལུང་བསྟན། སྐྱབས་བཅོལ། བླ་འགུགས། དམོད་ཚིག སྲུང་བ། དམོད་བོར་བ་སོགས་རིགས་བདུན་དུ་དགར་ཞིང་། ཆོ་གའི་དམིགས་ཡུལ་གཙོ་བོ་ནི་ཞིང་ལ་ལོ་ལེགས་འབྱུང་བ་དང་། ཕྱུགས་ལ་གོད་ཁ་མེད་པ། གཡུལ་ལས་རྣམ་པར་རྒྱལ་བ། ཟས་གོས་ལོངས་སྤྱོད་འཛོམས་པ། མི་རྣམས་ནད་མེད་ཚེ་རིང་བ་སོགས་ཀྱི་ཆེད་དུ་ཡིན་པར་འདོད། མ་གཞི་ཆོ་ག་ནི་དད་མོས་ཀྱི་སྤྱོད་ཚུལ་ཞིག་ཡིན་ནའང་། ཐོན་སྐྱེད་ཀྱི་ནུས་པ་ཤིན་ཏུ་དམའ་བའི་སྐབས་སུ་མི་རྣམས་ལ་སེམས་ཤུགས་སྟེར་བ་སོགས་བཟང་ཕྱོགས་ཀྱི་ནུས་པ་ངེས་ཅན་ཐོན་ཡོད་པས། དེ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལས་འདས་པའི་སྟོབས་ཤུགས་སྤྱད་ནས་རང་བྱུང་ཁམས་ལ་ཚོད་འཛིན་བྱས་པའི་རྟགས་མཚན་ཞིག་ཏུ་འཁུམས། གོང་དུ་བསྟན་པའི་གེ་སར་དད་མོས་ཀྱི་ཆོ་ག་དག་ཀྱང་ཕལ་ཆེར་དེ་ལྟར་ཡིན། འོན་ཀྱང་ཆོ་ག་ལ་མི་རིགས་དང་ས་ཁུལ་མི་འདྲ་བ་དང་། ཚད་མི་འདྲ་བ། རྣམ་པ་མི་འདྲ་བ་བཅས་ཀྱི་ཐོག་ནས་ཕན་ཚུན་དབར་ཁྱད་པར་ཡང་ཆེན་པོ་ཡོད། དམངས་ཁྲོད་དད་མོས་གཞུང་ལུགས་ཀྱི་འགྲེལ་སྟངས་ལྟར་ན། གེ་སར་དད་མོས་ཁྲོད་ཀྱི་གཡང་འབོད་དང་། བསང་མཆོད། བསྐང་གསོལ་བཅས་ནི་དགེ་བའི་ཕྱོགས་སམ་དཀར་ཕྱོགས་ཀྱི་སྒྲུབ་ཚུལ་ཞིག་ཡིན་པས། ཆབ་དཀར་གྱི་རིགས་སུ་གཏོགས་པ་དང་། གེ་སར་དད་མོས་ཁྲོད་ཀྱི་དམོད་བོར་བ་ནི་གདོད་མའི་དུས་ནས་བྱུང་བའི་ཆེས་གསང་བ་ལྐོག་གྱུར་གྱི་རྫུ་འཕྲུལ་གྱི་རིགས་ཤིག་སྟེ། དམོད་ཚིག་སོགས་འབྲེལ་ཡོད་ཐབས་རྩལ་ལ་བརྟེན་ནས་ཕ་རོལ་པོ་འཇོམས་པར་བྱེད་པས། དྲག་པོའི་རིགས་སུ་གཏོགས་ལ། ནན་པ་དང་བཟློག་པ། དགྲ་གྲུབ། ཟོར་གཏོར་བཅས་ཀྱང་རིགས་འདིར་གཏོགས་པ་ཡིན། མོ་ལྟས་ནི་དམངས་ཁྲོད་དུ་དར་ཆེ་བའི་ལྟས་ལ་བརྟག་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་། བྱ་ཐབས་ཤིག་ལ་བརྟེན་ནས་མ་འོངས་པའི་དོན་ལ་སྔོན་དཔག་བྱེད་པ་ཞིག་ལ་ཟེར། མིའི་རིགས་ཀྱི་མོ་ལྟས་ལ་དུས་ཡུན་རིང་པོའི་ལོ་རྒྱུས་ཡོད་ཅིང་། གེ་སར་དད་མོས་ཁྲོད་ཀྱི་པྲ་དང་མོ་ཡང་འདིའི་ཁོངས་སུ་གཏོགས་པ་ཡིན།
མིའི་རིགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་དུ་སྐྱབས་བཅོལ་དང་། བླ་འགུགས། འདྲེ་འདུལ་སོགས་ཀྱི་ཆོ་ག་ནི་ཡོངས་ཁྱབ་ཏུ་གནས་ཡོད་ཅིང་། ཆོ་ག་སྒྲུབ་པའི་དམིགས་ཡུལ་ཡང་ཕྱུགས་ལ་གོད་ཁ་མེད་པ་དང་། མི་ལ་ན་ཚ་མེད་པ། ལོ་ལེགས་འབྱུང་ཞིང་ཁ་ལས་རླུང་རྟ་དར་བ། བསམ་དོན་ཡིད་བཞིན་འགྲུབ་ཕྱིར་ཡིན་པས། གེ་སར་དད་མོས་ཀྱི་ཆོ་གའི་དམིགས་ཡུལ་ཡང་དེ་ལས་མ་འདས་སོ། །
ལུང་འདྲེན་དཔྱད་ཡིག
②⑩⒀⒄⒅(21)འཇུ་མི་ཕམ། 《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤ་༦༢ནས་༧༤ ༨༢ནས་༨༣ ༩༡ ༩༣ ༩༣ ༤༨བཅས་ན་གསལ།
③④དོན་ཀུན་གྲུབ་པ། 《མོ་དཔེ་ཕྱོགས་བསྒྲིགས་》ནང་ཁུལ་དུ་བཀྲམས་པའི་ལྕགས་དཔར་མ། ཤ་༡༧༢ ༡༧༥བཅས་ན་གསལ།
⑤《མནོལ་བསང་ཉམས་གྲིབ་ཀུན་སེལ》ལག་བྲིས་མ། ཤ་༣༣ན་གསལ།
⑥བསྟན་འཛིན་གྲགས་པ། 《གེ་སར་བསང་མཆོད་》ནང་ཁུལ་དུ་བཀྲམས་པའི་ལྕགས་དཔར་མ། ཤ་༢༢ནས་༢༥ན་གསལ།
⑦དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤ་༩༧༤ན་གསལ།
⑧མཁར་རྩེ་རྒྱལ། 《འཇིག་རྟེན་མཆོད་བསྟོད་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོ། ཤ་༡༨༢ན་གསལ།
⑨《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༨༢ན་གསལ།
⑩《ཁུ་བྱུག་སྔོན་མོའི་གསུང་སྙན་》བསྐྱར་དཔར། (日)国立民族学博物馆调查报告ཤ་༡༦༡ན་གསལ།
⑾⑿(20)(22)《སྐྱབས་རྗེ་བླ་མ་རིག་འཛིན་ཉི་མའི་གཏེར་འབུམ་མཐོང་བ་རང་གྲོལ་བཞུགས་སོ་》དམངས་ཁྲོད་དཔེ་ཆ་སྣ་རིང་མ། ཤ་༡༨ ༡༨ ༥༤༣ ༥༤༡བཅས་ན་གསལ།
⒁⒂མཁར་རྨེའུ་བསམ་གཏན། 《མདའ་དང་འཕང་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ལོ། ཤ་༣༠༢ ༣༠༢ན་གསལ།
⒃《སྟག་གླིང་གཡུལ་འགྱེད་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༧༩ལོ། ཤ་༢༡༤ན་གསལ།
⒆རྒྱལ་རོང་ནམ་སྤྲུལ་དཔའ་སེང་གར་གྱི་རྡོ་རྗེ། 《ཡང་ཟབ་ཐུགས་ཐིག་མཁའ་འགྲོའི་གསང་མཛོད་》དམངས་ཁྲོད་དཔེ་ཆ་སྣ་རིང་མ། ཤ་༤༦ན་གསལ།