༄༅།།སའི་གོ་ལ། མིའི་རིགས་ཀྱི་མ་ཡུམ་ཆེན་མོ།

ཨ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-23


 ཨ་མགོན།

ཉི་མའི་ཁྱིམ་རྒྱུད་ཀྱི་ཚེ་སྲོག་གི་རྒྱུ་སྐར་ཕྱུག་མོ་སྟེ། སའི་གོ་ལ། 
ཁྱེད་ཀྱིས། ང་ཚོ་སྟེ་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་རུམ་ནས།
དུས་ཀྱི་གོམ་ཁ་ལྷོད་མ་མྱོང་བའང་ང་ཚོའི་ཆེད་རེད།

ཨ།  སའི་གོ་ལ།  ཚེ་སྲོག་གི་འབྱུང་གནས།
ཁྱེད་ཡོད་པས།  ད་གཟོད་ང་ཚོར་འདི་འདྲའི་བདེ་སྐྱིད་ཀྱི་རྡོག་སྒྲ་འགྲིག་བྱུང་ལ།
ཞི་བདེ་དང་འཆམ་མཐུན་ཀྱི་དཔུང་བའང་མཉམ་བྱུང་།
གལ་ཏེ།  ཁྱེད་ལ་འདི་འདྲའི་གཏོང་ཕོད་དང་།
འདིའི་འདྲའི་གཅེས་སེམས་ཤིག་མེད་ཚེ།
ང་ཚོ་སྟེ་གཡོ་བ་བཅུད་ཀྱི་ཚེ་སྲོག་དག །
གནས་ཐབས་ཡས་ནས་བྲལ་བས།
ཁྱེད་ཉིད།  སྲིད་གསུམ་ན་དཀོན་པའི་ཡུམ་ཆེན་ལགས་སོ། །

ཡུམ་ཆེན་ལགས་སའི་གོ་ལ། མིའི་རིགས་ཀྱི་སྤྱི་མཐུན་གྱི་མ་ཡུམ་ཆེན་མོ།
ཁྱེད་ལ་མངའ་བ་ནི་བྱམས་བརྩེ་དང་།
ཁྱེད་ལ་གནས་པ་ནི་གཞན་ཕན།
ད་དུང་ཁྱེད་ལ་ལྡན་པ་ནི་ལྷག་བསམ་ལགས་པས།
ཁྱེད་ཀྱི་ནུ་ཞོ་མངར་མོས་གྲངས་མེད་པའི་ཚེ་སྲོག་དག །
མ་བསྐྱངས་པ་སུ་དང་།  མ་སྐྱབས་པའང་སུ།

ཨ།  ཡུམ་ཆེན་ལགས།  ཚེ་སྲོག་གི་བདག་མོ།
ཁྱེད་ནི་མིའི་རིགས་ཀྱི་འབྱུང་གཞི་དང་།
མཁོ་དགུ་བསྩོལ་བའི་དགོས་འདོད་ཀུན་འབྱུང་ལགས།
བརྟན་གཡོའི་སྣོད་བཅུད་མ་ལུས།
ཁྱེད་ལ་བརྟེན་ཞིང་།  ཁྱེད་ཀྱིས་བསྐྱངས།

ལོ་ངོ་གྲངས་མེད་ཅིག་གིས་མནར་གཅོད་འོག །
རང་ཉིད་གཤག་བཅོས་བྱེད་པའང་ཐེངས་གཅིག་མིན་པས།
འབྱུང་བཞིའི་བདེ་དྲོད་དང་རང་བྱུང་གི་ཐོན་ཁོངས།
མིའི་རིགས་ལ་སྐྱེས་སུ་གནང་ནའང་།
ང་ཚོ་སྟེ་མིའི་རིགས་ལ་ཕམ་པ་ཆེ་དྲགས་པས།
ཁྱེད་ཀྱི་ནང་བཅུད་སྔོག་འདོན་མི་བྱེད་མཁན་སུ་དང་།
ཁྱེད་ལ་སྦྱོར་རྩུབ་ཀྱིས་རྨ་ཁ་མ་བཟོས་པའང་སུ
སའི་གོ་ལ།  ཚེ་སྲོག་གི་རྟེན་གནས།
ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་།  འོ་བརྒྱལ་མྱངས་སོང་།

ཀྱེ་ཀྱེ།  ཡུམ་ཆེན་ཀྱི་བྲང་གཞུང་ན་འཚོ་བའི་ འགྲོ་བ་མིའི་རིགས་ཡ།
ང་ཚོའི་ཕྱིས་འབྱུང་གི་ལས་དབང་སྨུག་པོར་ཚེ་སྲོག་བསྒོ་ན། 
མ་ཡུམ་ཟླུམ་གཟུགས་གོ་ལའི་བདེ་སྡུག་ལ་བརྩེ་སེམས་གཏོར་ཏེ།
ད་ནི།  ཡུམ་ཆེན་ལགས་ལ་སྲུང་སྐྱོབས་བྱེད་རན་རེད་ཡ །
ཨ།  གོ་ལ་འདིའི་བདག་པོ་ཚོ།
མ་ཡུམ་གོ་ལ་འདིའི་ཟུངས་ཁྲག་ཟད་ན།  ཇི་ལྟར་བྱ།
ང་ཚོས་དོན་དམ་པར།  གོ་ལ་གསར་བ་ཞིག་གང་ནས་བསུ།
གང་ནས་བསུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1