རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཐོན་འབོར་ལོན་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-26
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག་ཚང་མའི་རིམས་ནད་ཀྱི་ཉེན་ཁའི་ཚད་གཞི་དེ་ཉེན་ཁ་ཆུང་བའི་ས་ཁུལ་གྱི་ཚད་གཞིར་ཕབ་ཡོད། ཉིན་ཤས་བསྟུད་མར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་ཁྲིད་དེ་ཧོང་ཧྲི་གྲོང་ཁྱེར་དང་ཝུའུ་ཧན་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་དང་ཞིབ་ཚགས་བཅས་བྱས་ཏེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་འདེད་བརྟན་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝུའུ་ཧན་གྲོང་ཁྱེར་དུ་གནས་གཏན་འཁེལ་གྱི་སྨན་ཁང་5ཡོད་པ་ཕུད་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ཚང་མ་སྒོ་ཕྱེ་བ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་ལོ་རིམ་ཟླ་5པའི་ཟླ་སྟོད་དུ་སློབ་འགོ་ཚུགས་རྒྱུ་རེད། སུན་ཁྲུན་ལན་གྱིས་ཧན་ཁོའུ་སྨན་ཁང་དང་། ཝུའུ་ཧན་གྲོང་ཁྱེར་སློབ་འབྲིང་གཉིས་པ། ཝུའུ་ཧན་ཐེན་ཏི་ཚོང་ལས་ཁྲོམ་གཞུང་བཅས་སུ་ཕེབས་ནས་རྟོག་ཞིབ་གཏིང་ཟབ་གནང་བ་མ་ཟད། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྨན་བཅོས་སྒྲིག་གཞི་ཁག་གིས་སྨན་ཁང་གི་སྔོན་འགོག་དང་ཚོད་འཛིན་གྱི་ལམ་ལུགས་ནན་པོ་བཟོས་ནས་སྨན་ཁང་དུ་ཡོང་མཁན་ལ་ཚ་བ་ལྟ་བ་དང་བདེ་ཐང་ཨང་རྟགས་བཤེར་དགོས་པ་མ་ཟད། སྨན་ཁང་དུ་སྡོད་མཁན་ནད་པ་དང་དེ་བཞིན་ནད་གཡོག་ཚང་མར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧོང་ཧྲི་སྨན་བཟོ་ཁེ་ལས་དང་། ལེ་ཧྲན་མཚེའུ་ཡི་གསོ་ཚགས་རྟེན་གཞི། སྐྱེད་ཚལ་སྟོན་ཚོགས་གླིང་བཅས་སུ་རྟོག་ཞིབ་གནང་སྐབས། སུན་ཁྲུན་ལན་གྱིས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་ཡོད། དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལག་གདང་སྦྲེལ་ནས་རོགས་རམ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་མིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཤ་སྨི་འབྲུག་དབྱིབས་མ་དང་། དཔྱིད་ཇ། ཤ་མོ་སོགས་འཕྲལ་མཁོ་ཆེ་བའི་ཞིང་ལས་ཐོན་རྫས་བྲིན་འཚོང་གི་ལས་དོན་ཡག་པོ་སྒྲུབ་རོགས་བྱེད་པ། ཁྲལ་རིན་གཉིས་གཅོག་དང་། མ་དངུལ་བསྡུ་སྒྲིལ་དང་ནུས་རྒྱུ་སྤྱོད་པའི་མ་གནས་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་གང་མགྱོགས་བྱེད་པ་དང་ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱས་ཏེ་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།