ཞི་ཅིན་ཕིང་གིས་ཧྲའན་ཞི་ཡི་ལས་དོན་ཐད་མཛུབ་ཁྲིད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-26



         ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས་བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱས་ཏེ་ཧྲའན་ཞི་ཡི་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་པའི་ལེའུ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་བ།
         ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་།  བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ།  ལས་ཞུགས་བརྟན་པོ་དང་།  དངུལ་རྩ་བརྟན་པོ།  ཕྱི་ཕྱོགས་ཉོ་ཚོང་བརྟན་པོ།  ཕྱི་དངུལ་བརྟན་པོ།  མ་འཇོག་བརྟན་པོ།  སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ།  ཡུལ་མིའི་ལས་ཞུགས་འགན་ལེན་དང་།  གཞི་རྩའི་དམངས་འཚོ་འགན་ལེན།  ཁྲོམ་རའི་གཙོ་གཟུགས་འགན་ལེན།  འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་འགན་ལེན།  ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན། གཞི་རིམ་གྱི་འཁོར་རྒྱུག་འགན་ལེན་བཅས་ཀྱི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཐེབས་པའི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་པ་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་པ།  འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བཅས་བྱས་ཏེ།  ཧྲའན་ཞི་ཡི་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་པའི་ལེའུ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
         སྤྱི་ཟླ་བཞི་པར་ཧྲའན་ཞི་ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་བཞད་ཡོད།  སྤྱི་ཟླ་4པའི་ཚེས་20ཉིན་ནས་23ཉིན་བར།  ཞི་ཅིན་ཕིང་ཧྲའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཧོ་ཕིང་དང་ཞིང་ཆེན་གྱི་འགོ་འཛིན་ལིའུ་གོ་ཀྲུང་གི་ཕེབས་རོགས་འོག་སྔ་རྗེས་སུ་ཧྲང་ལོ་དང་།  ཨན་ཁང་།  ཞི་ཨན་བཅས་སུ་ཕེབས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་དང་།  དབུལ་ཕོངས་རི་ཁུལ།  སྡེ་ཁུལ།  སློབ་གྲྭ   ཁེ་ལས་སོགས་ལ་ཟབ་ཞུགས་གནང་སྟེ་ཆིན་ལིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།  དབུལ་སྒྲོལ་འགག་གཏོར།  ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་བཅས་ལ་མཁྱེན་རྟོགས་གནང་བ་དང་།  ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་།  དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་ཐད་བརྟག་ཞིབ་གནང་ཞིང་།  ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཡོད།

         ཆིན་ལིང་རི་རྒྱུད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ར་གལ་ཆེན་ཞིག་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ལིང་རི་གཤམ་གྱི་ཞི་ཨན་མངའ་ཁོངས་སུ་ཁྲིམས་འགལ་ངང་སྤྲོ་ཁང་བསྐྲུན་པའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ཡོད།  སྤྱི་ཚེས་20ཉིན་གྱི་ཕྱི་དྲོ།  ཞི་ཅིན་ཕིང་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་དུ་ཕེབས་ཤིང་དང་ཐོག་ཆིན་ལིང་རི་རྒྱུད་ཀྱི་ཤར་རྒྱུད་དུ་གནས་པའི་ནེའུ་པེ་ལེའང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་པ་དང་། ཞབས་ཐང་ལ་ལིང་ནེའུ་ཀུའུ་ཡི་རང་བྱུང་སྐྱེ་ཁམས་ལ་གཟིགས་གནང་བ་དང་། ཁོང་གིས་འདི་གར་ནི་གསོ་རླུང་མང་བའི་ས་ཆ་ཡག་པོ་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང་ཡོད།
         དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་མཐོ་ཚད་སྨི་1700ཟིན་པའི་ཡུའེ་ལེང་ཡར་ཕེབས་ཏེ་ཆིན་ལིང་ནེའུ་པེ་ལེའང་གི་རི་རྩེར་རྒྱང་གཟིགས་མཛད་པ་དང་།  ཧྲའན་ཞི་ཞིང་ཆེན་གྱིས་ཆིན་ལིང་བྱང་རྒྱུད་རི་གཤམ་དུ་ཁྲིམས་འགལ་ངང་སྤྲོ་ཁང་བསྐྲུན་པའི་གནད་དོན་གྱི་བསླབ་བྱ་བླངས་པ་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་པའི་སྐོར་གྱི་སྙན་སེང་གསན་གནང་ཡོད།  ཞི་ཅིན་ཕིང་གིས།  ཆིན་ལིང་དང་ཧོ་ནན་པེ།  ཙེ་པེ་ཐན་ཞ་བཅས་ནི་རང་རྒྱལ་གྱི་ཆུ་མཛོད་གལ་ཆེན་ཡིན་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་རྒྱུད་པ་དང་ཀྲུང་ཧྭ་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན།  ཆིན་ལིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པ་དེས་ཀྲུང་ཧྭ་མི་རིགས་ཉམས་རྒུད་མི་འགྲོ་བ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ།  རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བཅས་ལ་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།  ཧྲའན་ཞི་ཡིས་ཆིན་ལིང་དུ་ཁྲིམས་འགལ་ངང་སྤྲོ་ཁང་བསྐྲུན་པའི་གནད་དོན་གྱི་བསླབ་བྱ་གཏིང་ཟབ་ལེན་པ་དང་། གཟེར་འཇགས་གཟེར་དྲན།  ཉེན་བརྡ་རྒྱུན་བསྒྲགས་བཅས་བྱས་ཏེ།  ཏང་དང་ལོ་རྒྱུས།  མི་དམངས་བཅས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་དང་།  བརྩེ་བ་དང་བློ་གཤོག་ཆེན་པོས་ཆིན་ལིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་གལ་ཆེ་སར་འཇོག་པ་དང་།  འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ།  ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོབ་པ་ཡག་པོ་བྱེད་པ་ལས་སྔོན་མའི་ནོར་འཁྲུལ་བསྐྱར་དུ་མི་ཐོན་པ་དང་།  ལོ་རྒྱུས་ཐོག་མིང་ཆད་ངན་པ་གཏན་ནས་འཇོག་མི་རུང་།  རང་རྟོགས་སྒོ་ནས་ཆབ་སྲིད་ལ་དང་དོད་དང་།  རྒྱལ་ཁབ་ཀྱི་དོན་ཆེན་ཤེས་པ།  ཏང་ཀྲུང་དབྱང་གིས་གང་ཞིག་ལ་ཐུགས་ཁུར་བྱེད་པ་དང་གང་ཞིག་ནན་སྟོན་བྱེད་པར་དོ་ཁུར་བྱེད་པ། གང་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དང་གང་ཞིག་ནི་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་ཡིན་པའི་ལངས་ཕྱོགས་ལ་གོ་བ་གཏིང་ཟབ་ལེན་པ།  འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་།  བློ་སྤོབས་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱ་སྤྱོད་ངོ་མའི་ཐོག་དོན་འཁྱོལ་ཡོང་བ་ལས་ངག་ཐོག་ནས་འབོད་ཚིག་སྒྲོག་པ་ལྟར་བྱས་ན་མི་འགྲིག་ཅེས་ནན་སྟོན་གནང་ཡོད།
         སྲུང་སྐྱོང་ཁུལ་ནས་ཞལ་གྱེས་ཏེ་རི་ལམ་ཀྱག་ཀྱོག་བརྒྱུད་ཞི་ཅིན་ཕིང་གིས་རླངས་འཁོར་ལ་བཞུགས་ཏེ་ཀྲ་ཧྲུའེ་རྫོང་ཞའོ་ལིང་གྲོང་རྡལ་ཅིན་མི་གྲོང་ཚོར་དབུལ་སྒྲོལ་འགག་གཏོར་གྱི་གནས་ཚུལ་ལ་གཟིགས་གནང་ཡོད།  ཅིན་མི་གྲོང་ཚོ་ནི་ཆིན་ལིང་རི་ཁུག་ཏུ་གནས་ཤིང་དེ་སྔ་ཆེས་དབུལ་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་།  ཉེ་བའི་ལོ་ཤས་རིང་།  མོག་རོ་དང་ཀྲུང་ལུགས་སྨན་རྫས། ཡུལ་སྐོར་སོགས་ཐོན་ལས་གོང་འཕེལ་བཏང་བ་བརྒྱུད་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད།  ཞི་ཅིན་ཕིང་གིས་ཞབས་ཐང་ལ་ཕེབས་ཏེ་གྲོང་ཚོའི་རྣམ་པར་གཟིགས་པ་དང་།  གྲོང་ཚོའི་སྦྱོང་བརྡར་ལྟེ་གནས་དང་རིག་ནུས་མཉམ་འབྲེལ་གྱི་མོག་རོའི་དྲོད་ཁང་ནང་ཕེབས་ཏེ་མོག་རོའི་སྣ་རིགས་དང་འདེབས་འཛུགས་བརྒྱུད་རིམ་མཁྱེན་རྟོགས་གནང་བ་དང་།  མོག་རོའི་རིན་གོང་དང་ཚོང་ལམ།  གྲོང་མིའི་ཡོང་འབབ་སོགས་དྲིས་གནང་ཡོད།  ཁོང་ཚོས་མོག་རོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བསྔགས་བརྗོད་གནང་ཡོད། 

         ཞི་ཅིན་ཕིང་གིས།  དབུལ་སྐྱོར་ཐོན་ལས་གོང་འཕེལ་གྱི་གཙོ་གནད་ནི་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་དེ་ཡིན་པ་དང་། དཀའ་གནད་ནི་རྒྱུན་མཐུད་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རེད།  ཐོན་ལས་འབྲེལ་ཐག་རིང་དུ་བསྲིངས་པ་དང་།  ཉེན་འགོག་ནུས་པ་མཐོ་རུ་གཏོང་བར་སྔར་བས་བརྟན་པའི་ཁེ་ཕན་མཉམ་འབྲེལ་གྱི་སྒྲིག་གཞི་བཟོས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བ་བྱེད་དགོས།  དབུལ་ཞྭ་ཕུད་པ་ནི་མཐའ་མའི་དམིགས་ཡུལ་མིན་པར་དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན།  ཕྱིས་འབྱུང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་གྲོང་གསེབ་ཀྱི་ཐོན་ལས་དང་།  ཤེས་ལྡན་མི་སྣ།  རིག་གནས།  སྐྱེ་ཁམས།  སྒྲིག་འཛུགས་སོགས་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
         ཨན་ཁང་གྲོང་ཁྱེར་ནི་ཆིན་པ་རི་ཁུལ་གྱི་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ས་ཁུལ་གྱི་ལྟེ་བ་ཡིན།  སྤྱི་ཚེས་21ཉིན་གྱི་སྔ་དྲོ།  ཞི་ཅིན་ཕིང་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཤན་གྲོང་རྡལ་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ཡོད།  ཅིན་ཕིང་སྡེ་ཁུལ་དུ་དབུལ་ཕོངས་མང་ཚོགས་ཀྱི་ཐེམ་དུད་1346དང་མི་4173གནས་སྤོ་བཀོད་སྒྲིག་བྱས་ཡོད།  ཞི་ཅིན་ཕིང་གིས་ས་ཆ་དངོས་སུ་སྡེ་ཁུལ་གྱི་གློག་རྡུལ་ལས་སྣོན་བཟོ་གྲྭ་དང་།  རྩེད་ཆས་བཟོ་གྲྭ  གོས་རྒྱན་ཀུང་སིའི་ཐོན་ལས་འགྲེམས་སྟོན་ཚོམས་ཆེན་བཅས་ལ་གཟིགས་པ་དང་།  ས་གནས་དེ་གའི་རི་སྟེང་དུ་ཐོན་ལས་དར་རྒྱས་གཏོང་བ་དང་།  རི་གཤམ་དུ་སྡེ་ཁུལ་བསྐྲུན་པ།  སྡེ་ཁུལ་ནང་བཟོ་གྲྭ་གཉེར་བ་སོགས་ཀྱི་གོང་འཕེལ་རིག་ལམ་ལ་གདེང་འཇོག་གནང་བ་དང་།  ཁེ་ལས་ནས་རིམས་ནད་ཀྱིས་ཐེབས་པའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ཏེ་རྒྱལ་ནང་གི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་དགོས་པའི་སྐུལ་མ་གནང་ཡོད། 
         ཞི་ཅིན་ཕིང་གིས།  ད་ལོ་ནི་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག་ཡིན་པས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  བྱ་ཐབས་སྣ་ཚོགས་བརྒྱུད་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ལ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
         གྲོང་རྡལ་གྱི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་ཤེས་རྗེས་གཅིག་མཇུག་གཉིས་མཐུད་ངང་སྲང་ལམ་ཐོག་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད།  ཞི་ཅིན་ཕིང་གིས་ཡུལ་མི་རྣམས་འཚོ་བ་བདེ་ཞིང་སྐྱིད་པ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།
         ནང་སྡོད་ཀྱི་ཡོད་པ་དང་།  འགྲོ་སའི་ལམ་ནི་རི་ལམ་ཀྱག་ཀྱོག་ཤ་སྟག་ཡིན་པས་ལས་གང་ཞིག་བྱེད་དགོས་བསམས་རུང་སྟབས་བདེ་པོ་མེད། སྡེ་ཁུལ་དུ་སྤོས་རྗེས།  ནང་མི་ཚང་མ་དེང་རབས་ཅན་གྱི་ཐོག་ཁང་ནང་སྡོད་རྒྱུ་བྱུང་བ་མ་ཟད་ངེད་བཟའ་ཚོ་གཉིས་ཀྱང་འགྲམ་དུ་ལས་ཀ་བྱེད་ཀྱི་ཡོད་པས།  རྒན་རྒོན་ལའང་ལྟ་རྟོག་ཐུབ་ཀྱི་འདུག  སྔོན་མ་བསམ་ཡུལ་དུའང་འཁོར་མྱོང་མེད་པའི་འཚོ་བ་སྐྱིད་པོ་ཞིག་བསྐྱལ་རྒྱུ་བྱུང་སོང་ཞེས་ཞུ་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་།  ཁོང་གིས།  ཡུལ་གཞན་དུ་གནས་སྤོ་བྱེད་པ་ནི་ཡུལ་ཞིག་གིས་ཡུལ་དེའི་མི་རྣམས་གསོ་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་པ་དང་།  དབུལ་ཕོངས་མང་ཚོགས་རྣམས་མཆོང་བརྒལ་རྣམ་པའི་གོང་འཕེལ་ཡོང་བའི་རྩ་བའི་ཐབས་ལམ་ཞིག་རེད་ལ།  དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།  གནས་སྤོས་ཐུབ་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་རྗེས།  རྗེས་མཐུད་ཟུར་སྐྱོར་བྱེད་ཡུལ་གཙོ་བོ་དེ་ནི་ལས་ཞུགས་རེད།  ལས་བརྩོན་ཐུབ་ན་བདེ་སྡོད་ཡོང་ཞེས་པ་བཞིན།  ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ན།  ད་གཟོད་གནས་སྤོས་ཡུལ་མི་རྣམས་གནས་སྤོས་ཐུབ་པ་དང་།  རིམ་བཞིན་ཕྱུག་འགྱུར་ཐུབ་པ།  དབུལ་ལོག་མི་ཐེབས་པ་བཅས་ཡོང་ཐུབ།  གནས་སྤོས་མང་ཚོགས་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཡིན་པས།  སྡེ་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་རེད།  གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གྱིས་སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་ལས་དོན་ལ་དམ་འཛིན་ཡག་པོ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།  

         དེ་རྗེས།  ཞི་ཅིན་ཕིང་གིས་ལའོ་ཤན་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཕེབས་ནས་གཞི་རིམ་གྱི་འཕྲོད་བསྟེན་རིམས་འགོག་དང་། སྨན་བཅོས་འགན་སྲུང་ལས་དོན་ཐད་མཁྱེན་རྟོགས་གནང་བ་མ་ཟད་གཞི་རིམ་གྱི་རིམས་འགོག་འཐབ་ས་མདུན་མར་ཡོད་པའི་རྒྱ་ཆེའི་སྨན་དོན་མི་སྣར་ལྷག་བསམ་དག་པའི་འཚམས་འདྲི་གནང་ཡོད།  ཞི་ཅིན་ཕིང་གིས།  སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་ཁ་གསབ་ཀྱིས་གྲོང་གསེབ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།
         གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་བཞི་པ་ནས་དྲུག་པའི་སློབ་མ་སྤྱི་ཟླ་4པའི་ཚེས་20ཉིན་སློབ་འགོ་ཚུགས་ཡོད།  ཞི་ཅིན་ཕིང་གིས་སློབ་ཁང་དུ་ཕེབས་པ་དང་།  ཕྲུ་གུ་རྣམས་ཀྱིས་སྐད་གསང་མཐོན་པོས་སྤོ་བོ་ཞི་ལགས་སྐུ་ཁམས་བཟང་ཞེས་བཤད།  ཞི་ཅིན་ཕིང་གིས་ཕྲུ་གུ་ཚོར་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་།  ཁོང་གིས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གཞི་གཅིག་ཅན་གྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཧེ་བག་ཆུང་དུ་བཏང་ནས་སློབ་གསོ་གཞུང་དྲང་ཡོང་རྒྱུར་སྐུལ་འདེད་དང་མི་རབས་ནས་མི་རབས་དབུལ་པོར་གྱུར་བའི་རྐྱེན་ངན་སེལ་དགོས་ཞེས་གསུངས་ཡོད།  ཞི་ཅིན་ཕིང་དེ་རྗེས་མུ་མཐུད་དེ་སློབ་གྲྭའི་ཟ་ཁང་ནང་ཕེབས་ནས་སློབ་མ་ཚོའི་ཁ་ལག་དང་རིམས་ནད་རྗེས་ཀྱི་སློབ་འགོ་འཛུགས་པ་དང་སློབ་འགོ་ཚུགས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཁྱེན་རྟོགས་གནང་བ་དང་།   སློབ་གྲྭའི་གཙོ་གནད་ས་ཁུལ་དུ་དུག་སེལ་བྱ་རྒྱུར་ཤུགས་སྣོན་གྱིས་རིམས་ནད་རྗེས་ཀྱི་སློབ་འགོ་འཛུགས་རྒྱུར་བདེ་འཇགས་ལྡན་པའི་ཁོར་ཡུག་གཏོད་དགོས་པའི་བཀའ་མངགས་གནང་ཡོད།

         ལའོ་ཤན་གྲོང་རྡལ་ཅང་ཅཱ་ཕིང་གྲོང་ཚོར་གནས་པའི་ཉུལ་ཝ་ཧྥོང་ཧོང་ཇ་ལས་དེང་རབས་དཔེ་སྟོན་གླིང་ནི་སུའུ་ཧྲའན་ཟུར་སྐྱོར་རོགས་ལས་ཀྱི་རྣམ་གྲངས་གྲས་ཤིག་ཡིན་པ་དང་།  ཏང་ཀྲི་པུའུ་དང་སྣེ་ཁྲིད་ཁེ་ལས།  དབུལ་ཕོངས་ཐེམ་དུད་བཅས་གསུམ་སྣོན་གྱི་མ་དཔེ་བརྒྱུད་དེ་དབུལ་ཕོངས་ཐེམ་དུད་བརྒྱ་ལྷག་སྣེ་ཁྲིད་ཐུབ་ནས་མི་རེའི་ཆ་སྙོམ་ཡོང་འབབ་སྒོར་ཆིག་སྟོང་ཡན་ཟིན་ཡོད།  རི་ཁུལ་གྱི་ལུང་ཁུག་ཏུ་དཔྱིད་ཀྱི་སྦྲང་ཆར་བབས་ཤིང་།  རི་རྩེ་ཐམས་ཅད་སྨུག་པས་གྲིབ་ཡོད།  ཞི་ཅིན་ཕིང་གིས་ཇ་གླིང་དུ་ཕེབས་ནས་ལམ་བར་གྱི་ཇ་ཤིང་གི་སྐྱེ་ཚུལ་ལ་གཟིགས་ཞོར།  ཇ་འདེབས་མཁན་གྱི་སོ་ནམ་ཚོ་དང་མཛའ་བརྩེའི་སྤེལ་རེས་གནང་བ་དང་།  ཇ་ལོའི་ཐོན་འབབ་དང་རིན་གོང་།  གྲོང་མིའི་ས་ཞིང་འཁོར་རྒྱུག  ཡོང་འབབ་བགོ་འགྲེམ། ངལ་རྩོལ་གླ་ཆ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཡོད།  ཁོང་གིས།  མི་ཡིས་སྔོ་ལྗང་རི་ཆུར་གནོད་པ་མ་སྐྱེལ་ན།  སྔོ་ལྗང་རི་ཆུས་མི་ལ་དྲིན་ལན་འཇལ་ངེས་རེད།  སྔོ་ལྗང་གི་རི་ཆུ་ནི་རང་བྱུང་རྒྱུ་ནོར་རེད་ལ།  དཔལ་འབྱོར་རྒྱུ་ནོར་ཡང་རེད།  ཡུལ་མི་ཚོས་འབྱུང་ཁམས་སྔོན་འཇོག་དང་།  འབག་མེད་གོང་འཕེལ་གྱི་ལམ་བུའི་ཐོག་ཏུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ་ཇ་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་པ་དང་།  ཇ་ལ་བརྟེན་ནས་ལས་ཀ་གཏོད་པ།  ཇ་ལ་བརྟེན་དབུལ་གྲོལ་འབྱོར་འབྲིང་ཐུབ་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་གནང་ཡོད།
         སྤྱི་ཚེས་22ཉིན།  ཞི་ཅིན་ཕིང་གིས་ཞི་ཨན་དུ་ལས་ཐོན་སླར་གསོ་དང་དཔལ་འབྱོར་སྤྱི་ཚོགས་སླར་གསོ་སོགས་ཀྱི་གནས་ཚུལ་ཐད་རྟོག་ཞིབ་གནང་ཡོད།  ཧྲའན་ཞི་རླངས་འཁོར་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནི་ནུབ་བྱང་ས་ཁུལ་དུ་ཤུགས་རྐྱེན་ཆེས་ཆེར་ལྡན་པའི་བཟོ་སྐྲུན་ཁེ་ལས་ཤིག་རེད།  ཞི་ཅིན་ཕིང་གིས་ཐོན་རྫས་ཞིབ་བཟོ་དང་།  ཐོན་སྐྱེད།  བྲིན་འཚོང་།  ལས་ཐོན་སླར་གསོ་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།  ཁོང་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཀྱིས་ཐོན་སྐྱེད་དང་བྲིན་འཚོང་གི་ལོ་རྒྱུས་ཟིན་ཐོ་གསར་པ་གཏོད་པར་ཚད་མཐོའི་བསྔགས་བརྗོད་གནང་ཡོད།   སྤྱི་སྒྲིག་འཁོར་ཁང་ནང་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད།  ཞི་ཅིན་ཕིང་གིས།  རླངས་འཁོར་གྱི་ནང་རྒྱན་ཐོན་སྐྱེད་ལས་རིམ་དང་།  སྤྱི་སྒྲིག་ཐོན་སྐྱེད་ལས་རིམ་ལ་གཟིགས་ཞིབ་གནང་བ་དང་།  སྒྲིག་སྦྱོར་ཟིན་པའི་དམངས་སྤྱོད་ལྗིད་ཐེག་རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་སྒྱུར་ཁང་དུ་འཛུལ་ནས་ལག་རྩལ་མི་སྣར་ཐོན་རྫས་དེའི་བྱེད་ནུས་དང་བཀོལ་སྤྱོད་བྱེད་སྟངས་སོགས་བཀའ་འདྲི་གནང་ཡོད།  ཞི་ཅིན་ཕིང་གིས།  བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྲག་རྩ་ལྟ་བུ་རེད།  གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱིས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་འགྲོའི་འོག  གོང་འོག་ཐོན་ལས་དང་ཁེ་ལས་འབྲིང་ཆུང་སྒོ་ཀུན་ནས་ལས་ཐོན་སླར་གསོ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་།  ཁོང་གིས།  དུས་རབས་གསར་པར་ཧྲའན་ཞི་ཡིས་དཔའ་ངར་ཆེན་པོས་རླབས་རྒྱུན་གྱི་མདུན་དུ་ལངས་ནས་དུས་རབས་ཀྱི་རླབས་གཤག་པ་ཞིག་བྱེད་པའི་བློ་སྟོབས་དང་དཔའ་ཉམས་ལྡན་པ་བྱེད་དགོས།  གཅིག་ནས། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སོགས་ཀྱི་གོ་སྐབས་ཆེན་མོར་དམ་འཛིན་བྱེད་དགོས་ལ།  གཉིས་ནས་མིག་སྔའི་ཉམས་ཉེན་དང་འགྲན་རྩོད་ཁྲོད་ནས་གོ་སྐབས་དམ་འཛིན་དང་གོ་སྐབས་གཏོད་མཁས་པ་བྱས་ཏེ།  རྣམ་པ་གསར་པ་དང་།  ལས་རྣམ་གསར་པ།  ལག་རྩལ་གསར་པ།  ཐོན་རྫས་གསར་པ་བཅས་རྒྱུན་ཆད་མེད་པར་གོང་འཕེལ་བཏང་ནས་ལས་ཀའི་གྲུབ་འབྲས་དེ་བས་ཆེ་བ་གཏོད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་གསུངས་ཡོད།
         འགྲིམ་འགྲུལ་སློབ་ཆེན་ནུབ་སྤོས་ཀྱི་བཤམས་མཛོད་ཁང་ནི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཤིང་ཆིང་སློབ་ཁུལ་དུ་གནས་ཡོད།  དུས་རབས་གོང་མའི་ལོ་རབས་ལྔ་བཅུར།  འགྲིམ་འགྲུལ་སློབ་ཆེན་བ་ཁག་ཅིག་གིས་ཏང་གི་འབོད་སྐུལ་དང་ལེན་གྱིས།  རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་ཧྲང་ཧའེ་ནས་ཤི་ཨན་དུ་གནས་སྤོས་བྱས་ཡོད།     བཤམས་མཛོད་ཁང་གི་ཐོག་བརྩེགས་གཉིས་པ་དང་གསུམ་པའི་འགྲེམས་ཁུལ་དུ།  འགྲིམ་འགྲུལ་སློབ་ཆེན་ནུབ་སྤོས་ཀྱི་ལས་གཏོད་འཕེལ་རིམ་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་བཤམས་ཡོད།  ཞི་ཅིན་ཕིང་གིས་འདྲ་པར་རེ་རེ་དང་།  ཅ་དངོས་རེ་རེ་ཕྱག་ཏུ་བསྣམས་ནས་གཟིགས་ཞིབ་ནན་ཏན་གནང་བ་དང་།  ཐོག་བརྩེགས་དང་པོའི་ཚོམས་ཆེན་ནང་ཞི་ཅིན་ཕིང་གིས་ནུབ་སྤོས་དགེ་རྒན་ཆེན་མོ་བ་14དང་ཐུགས་འཕྲད་གནང་ནས།  ཁོང་རྣམ་པ་སྐུ་གཟུགས་གསལ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།  ཞི་ཅིན་ཕིང་གིས།  ནུབ་སྤོས་སྙིང་སྟོབས་ཀྱི་སྲོག་ཤིང་ནི་རྒྱལ་གཅེས་རིང་ལུགས་ཡིན་པ་དང་།  དེའི་སྙིང་དོན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲངས་པ།  ཏང་དང་རྒྱལ་ཁབ་དང་།  མི་རིགས་དང་མི་དམངས་མཉམ་དུ་དབུགས་མཉམ་རྔུབ་དང་ལས་དབང་གཅིག་མཐུན་བྱེད་པ་དེ་ཡིན་པས།  དེར་གཏིང་ཟབ་པའི་དོན་དངོས་རང་བཞིན་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན་ཡོད།  ཏང་གིས་མཐོ་སློབ་ལས་དོན་ལ་སྒོ་ཀུན་ནས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས།  བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས་རྩེར་སོན་གྱི་ཤེས་ལྡན་མི་སྣ་མང་ཙམ་གསོ་སྐྱོང་བྱེད་དགོས་ཞེས་དང་།  ཁོང་གིས།  རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ནུབ་སྤོས་སྙིང་སྟོབས་དར་སྤེལ་དང་དུས་རབས་གསར་པའི་གོ་སྐབས་གསར་པར་དམ་འཛིན་གྱིས་མེས་རྒྱལ་གྱི་ཆེས་དགོས་མཁོ་ཆེ་སར་བྱས་རྗེས་འཇོག་པ་དང་།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོ་མི་རབས་འདིར་དབང་བའི་ལོ་རྒྱུས་ཀྱི་བྱས་རྗེས་འཇོག་དགོས་ཞེས་སྐུལ་མ་གནང་ཡོད་པ་རེད།    
         ས་སྲོད་མཚམས་སུ།  ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཏ་ཡན་མཆོད་རྟེན་ཉེ་འགྲམ་གྱི་ཏ་ཐང་མཚན་མོའི་རྐང་ཐང་ཁྲོམ་གཞུང་དུ་ཕེབས་ཡོད།    རིམས་ནད་ཐོན་ཚུན།    དེ་སྔ་འདུ་འཛི་ཆེ་བའི་རྐང་ཐང་ཁྲོམ་གཞུང་དེ་སྐབས་ཤིག་རིང་མི་མེད་སྟོང་པར་གྱུར་ཞིང་ད་ཆ་སླར་ཡང་འཁྲུག་ཆ་དོད་དུ་འགྲོ་འགོ་ཚུགས་ཡོད།    ཞི་ཅིན་ཕིང་རྐང་ཐང་ཁྲོམ་གཞུང་དུ་ཕེབས་ནས་དེ་གའི་ཚོང་གཉེར་སླར་གསོ་བྱུང་ཚུལ་མཁྱེན་རྟོགས་གནང་ཡོད།    ལམ་བར་དུ་ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དེ་གར་ཕེབས་པ་མཐོང་འཕྲལ་དགའ་ཚོར་ཆེན་པོ་བྱས་པ་དང་ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་ཡང་སེ་གནང་ནས་གུས་ལན་ཞུས་གནང་ཡོད།    ཞི་ཅིན་ཕིང་ལོ་རྒྱུས་རིང་བའི་ཞི་ཨན་ཟ་ཁང་ནང་ཕེབས་རྗེས་ཁོང་གིས་དེ་གའི་ལས་མི་དང་ཟ་འཐུང་བྱེད་མཁན་ཚོ་དང་ཐུགས་སེམས་སྤྲོ་བའི་བཀའ་མོལ་གནང་བ་དང་ཁོང་གིས།   ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་འགྲོའི་འོག་རིགས་ཁག་གི་ཚོང་ཁང་དང་ཁྲོམ་ར་སླར་གསོ་ཐུབ་རྒྱུར་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ་དང་རྒྱུན་ལྡན་གྱི་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་གང་ཐུབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། 

         སྤྱི་ཚེས་23ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཧྲའན་ཞི་ཡི་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་ཀྱང་ཡིན། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ང་ཚོའི་གཏན་འཁེལ་ཟིན་པའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱ་རྒྱུར་འགྲན་རྩོད་བཟོས་ཡོད། ཧྲའན་ཞི་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དམ་པ་དོན་གཉེར་བྱས་ནས་དུས་རབས་གསར་པའི་ལས་དོན་ཁག་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཐོབ་པ་བྱས་ཏེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།
         ཞི་ཅིན་ཕིང་གིས། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་པའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། ཡིད་ཆེས་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་སུ་གཏོང་བ་དང་། དངོས་གཟུགས་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཏན་ཏིག་དང་སྟོབས་ཆེར་གཏོང་བ། 5Gདང་། ཟོག་སྦྲེལ་དྲ་བ། མི་ཐབས་རིག་གནས། བཟོ་འཕྲིན་དྲ་བ་སོགས་རྨང་གཞིའི་འཛུགས་སྐྲུན་གསར་པར་མ་འཇོག་བྱེད་པར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་སོགས་ཁྱབ་ཁོངས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ། འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་ཚང་མེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་གསར་གཏོད་སྦྲེལ་ཐག་བཀོད་སྒྲིག་དང་གསར་གཏོད་སྦྲེལ་ཐག་ལ་དམིགས་ནས་ཐོན་ལས་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་དགོས་ཞེས་ནན་སྟོན་གནང་ཡོད།

         ཞི་ཅིན་ཕིང་གིས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་དམིགས་ཏེ་རྨང་གཞིའི་རང་བཞིན་དང་། རྩ་བའི་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྐམ་སའི་ས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གནས་བབ་ཧྲིལ་པོ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ནུབ་མ་བཅས་ཀྱི་རྒྱལ་ཁབ་ལ་ཁ་ཕྱོགས་པའི་བགྲོད་ལམ་དང་། ཚོང་དོན་ཟོག་འདྲེནལྟེ་གནས། ཐོན་ལས་གལ་ཆེན། མི་ཆོས་རིག་གནས་ཀྱི་སྤེལ་རེས་རྟེན་གཞི་བཅས་མགྱོགས་མྱུར་ཆགས་པ་བྱས་ཏེ་སྐམ་སའི་ས་ཁུལ་གྱི་ལས་ཆོད་མཐོ་བ་དང་། མ་གནས་དམའ་བ། ཞབས་ཞུ་ལེགས་པ་བཅས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་བགྲོད་ལམ་བསྐྲུན་དགོས་ཞེས་བསྟན་ཡོད།
         ཞི་ཅིན་ཕིང་གིས། ཧྲའན་ཞི་ཡི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རང་ངོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་རྒྱུན་མཐུད་གོང་འཕེལ་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤྱི་ཡོངས་གནབ་བབ་དང་ཡང་འབྲེལ་བ་ཡོད། རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་རི་དང་ཆུ་བོ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁོངས་ས་ཆའི་བར་ཁམས་གསར་སྤེལ་གྱི་རྣམ་པ་ལེགས་སུ་གཏོང་བ། ས་ཁོངས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་བྱེད་པ། དྭངས་གཙང་ཐོན་སྐྱེད་འཕེལ་རྒྱས་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནམ་སྔོན་པོ་དང་། ཆུ་དྭངས་བ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་དགོས། ཞིང་དོར་ནགས་གསོ་དང་རྩྭ་འདེབས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཐང་རྒོད་ཅན་དུ་འགྱུར་བ་དང་ས་ཆུ་ཤོར་བ་ཕྱོགས་བསྡུས་ཐོག་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། རྨ་ཆུ་རྒྱུག་ཁུལ་དུ་ཐེ་ཇུས་བྱེད་དྲགས་པ་དང་། བེད་སྤྱོད་བྱེད་དྲགས་པ་ནས་རང་ཤུགས་སུ་ཉམས་གསོ་དང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྨ་ཆུ་རྒྱུག་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱ་དགོས་ཞེས་ནན་བཤད་གནང་ཡོད།

         ཞི་ཅིན་ཕིང་གིས། དམངས་འཚོ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རྨང་གཞི་དང་སྤྱི་ཚོགས་ཞི་མཐུན་ཡོང་བའི་རྩ་བ་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོའི་བྱ་བ་དངོས་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནད་འཕིགས་ཇུས་འདོན་བྱེད་པ་དང་། དབུལ་ཕོངས་མི་འབོར་ལྷག་མ་རྣམས་དབུལ་སྒྲོལ་ཐུབ་པའི་ལས་དོན་ཡག་པོ་བསྒྲུབ་པ། ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། དབུལ་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་གཞི་མགྱོགས་མྱུར་འཛུགས་པ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཐབས་མང་མཉམ་བཟུང་གིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་འཐིམས་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ཏེ་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
         ཞི་ཅིན་ཕིང་གིས། ད་ཐེངས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནི་ཉམས་ཚོད་ཆེན་པོ་ཞིག་ཡིན་ཞིང་། དེའི་ཐོག་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་བྱེད་ཤུགས་ཆེན་པོ་གང་ལེགས་མངོན་ཡོད་ལ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་མངོན་པ་དང་དུས་མཚུངས་སུ་ཏང་རྩ་འཛུགས་ཁག་གཅིག་གི་འགོ་ཁྲིད་ནུས་པ་ཞན་པ་དང་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་འཇོན་ཐང་མི་འདང་བ། སྤྱོད་ཚུལ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ཡང་མངོན་ཡོད། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་ཡོང་བ་བྱ་དགོས་ཞེས་ནན་བཤད་གནང་ཡོད།
         ཞི་ཅིན་ཕིང་གིས། ཡན་ཨན་གྱི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མི་སྐྱེད་སྲིང་བྱས་ཡོད་པས་དེ་ནི་རང་རེའི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། ཡན་ཨན་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཐོག་མའི་བསམ་འདུན་དང་བླ་སྲོག་ལ་བརྟེན་ནས་དད་སེམས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། ཏང་གཤིས་ཀྱི་ཧེ་བག་འཚོལ་བ། མདུན་སྐྱོད་ཀྱི་ཁ་ཕྱོགས་དག་བཅོས་བཅས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་སྲོལ་ཡིག་གི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པ་བཟོ་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་དང་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་བྱ་གཞག་ཁག་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱ་དགོས་ཞེས་སྟོན་གནང་ཡོད།

         ཞི་ཅིན་ཕིང་གིས། ཧྲའན་ཞི་ནི་ཀྲུང་ཧྭ་མི་རིགས་དང་ཧྭ་ཞ་ཤེས་དཔལ་གྱི་འབྱུང་གནས་གལ་ཆེན་གྱི་གྲས་ཤིག་ཡིན། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ། སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་དགོས་ཞེས་ནན་སྟོན་གནང་ཡོད།
         ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ནས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1