༄༅།།གྱང་གིས་མི་ཁོག་པའི་ཆོམ་རྐུན།

རྡོ་ཉི་ཟླས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 04-26


        ཉིན་ཤས་སྔོན་ལ། ཟི་ལིང་གི་ཆང་གྲགས་ཅན་འཚོང་སའི་ཚོང་ཁང་ཞིག་གི་གྱང་ལ་ཁུང་བུ་བརྟོལ་ནས་སྒོར་མོ་ཡོད་ཚད་བརྐུས་ལ་ཤོར་སོང་། ཟླ4པའི་ཚེས10ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་ཡན་ལག་ཅུས་ཕིན་ཅཱ་ཀྲའེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་བཅར་འདྲི་བྱས་ཏེ། བརྐུས་ཤོར་གྱོད་དོན་འདིའི་མགོ་རྔ་བར་གསུམ་ལ་རྒྱུས་བླངས།

        “མའེ་ལིས། ཚོང་ཁང་ནང་གི་སྒོར་མོ་བརྐུས་ལ་ཤོར་འདུག ཁྱོད་རེམ་མ་བལྟ་རུ་ཤོག”
        ལས་གཡོག་པས་ཁ་པར་འབྱོར་རྗེས། མའེ་ལིས་ལམ་སང་རང་གིས་གཉེར་བཞིན་པའི་ཚོང་ཁང་དུ་སོང་སྟེ་བལྟས་པར་ཚོང་ཁང་གི་ཉིས་ཐོག་ལ་འགོ་སའི་རྡོ་སྐས་ཞབས་ཀྱི་གྱང་ངོས་ལ་ཁུང་བུ་ཆེན་པོ་ཞིག་བརྟོལ་འདུག
        ཟླ3པའི་ཚེས12ཉིན། མའེ་ལིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་ཡན་ལག་ཅུས་ཕིན་ཅཱ་ཀྲའེ་མངག་གཏོང་ཁང་དུ་སོང་སྟེ“མཚན་གཅིག་གི་རིང་ལ་ངའི་ཚོང་ཁང་གི་གྱང་ངོས་སུ་ཁུང་བུ་ཞིག་བརྟོལ་འདུག་ལ། ཁྱིམ་གྱི་སྒོར་མོ་ཡང་བརྐུས་ལ་ཤོར་འདུག” ཅེས་གྱོད་དོན་སྙན་སེང་ཞུས་འཕྲལ། ཕིན་ཅཱ་ཀྲའེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མའེ་ལིས་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཧྭེ་ཧྭོལ་ས་ཁུལ་དུ་ཡོད་པའི་མོའི་ཚོང་ཁང་དུ་སོང་སྟེ་བལྟས་པ་ན། ཚོང་ཁང་གི་ཉིས་ཐོག་ལ་འགོ་སའི་རྡོ་སྐས་ཞབས་ཀྱི་གྱང་ངོས་ལ་ཁུང་བུ་ཆེན་པོ་ཕུག་འདུག་པ་མཐོང་།
        ཉིན་དེར། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ལས་ཤེས་དོན། ཚོང་ཁང་འདིའི་རུ་སྐོར་ཚང་གིས་ནད་ཡམས་ཀྱི་རྐྱེན་གྱིས་ཁྱིམ་གྱི་རྒྱན་སྤྲས་ཀྱི་ལས་ཀ་མཚམས་བཞག་སྟེ་བསྐྱུར་འདུག  དེ་དང་ཆབས་ཅིག་ཏུ། མི་དམངས་ཉེན་རྟོག་པས་ལྟ་སྐུལ་ཚོད་འཛིན་གྱི་བརྙན་མིག་ལ་བལྟ་བསམ་དུས། དོགས་ཡོད་ཉེས་ཅན་གྱིས་གཞན་པས་མི་མཐོང་བའི་ཆེད་དུ་བརྐུས་མ་བྱས་པའི་སྔོན་ལ་གློག་སྒོ་བཅད་པ་ཤེས། དེའི་རྗེས་སུ། མི་དམངས་ཉེན་རྟོག་པས་གཞི་གྲངས་ཆེན་མོའི་ཉེར་སྤྱོད་ལྟེ་གནས་ལ་མཉམ་འབྲེལ་དང་། ལོགས་ཀྱི་རུ་སྐོར་ཁྱིམ་མཚེས་དག་ནས་རྒྱུས་གསལ་པོ་བླངས་ཏེ་རྟོག་དཔྱོད་ཞིབ་མོ་བྱས་པ་ལས། ཞའོ་ཅོན་ལ་བརྐུས་ཉེས་བསགས་པའི་དོགས་པ་ཆེན་པོ་ཡོད་པ་དང་། དེ་ཉིད་སྔོན་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ལ་བྲོས་ཟིན་པ་ཤེས།
        ཟླ3པའི་ཚེས17ཉིན། མི་དམངས་ཉེན་རྟོག་པས་དུར་ལམ་རྫོང་ནས་ཞའོ་ཅོན་འཛིན་བཟུང་བྱས།
        འདྲི་གཅོད་བྱས་པ་བརྒྱུད། ཞའོ་ཅོན་གྱིས་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ཁས་བླངས་པ་སྟེ། བརྐུས་ཀྱིས་དབང་གིས་ཁོ་རང་ཐེངས་གཉིས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱས་མྱོང་། ད་ལོ་ཡང་ཁོ་སྔར་ལས་ལ་ཞུགས་ཏེ།  ཟི་ལིང་གྲོང་ཁྱེར་གྱི་སྲང་བར་སོ་སོ་ནས་མྱུལ་མྱུལ་མཐར་ཧྭེ་ཧྭོལ་ས་ཁུལ་དུ་ཡོད་ཅིང་། ད་ལྟ་རྒྱན་སྤྲས་བྱེད་སྒང་ཡིན་ལ་སྒོ་ཟྭ་ཡང་བརྒྱབ་མེད་པའི་ཁང་མིག་ཅིག་རྙེད་ལ། ནང་དུ་འཛུལ་རྗེས་གམ་གྱི་ཉིས་ཐོག་གི་ཚོང་ཁང་དང་བར་དུ་འགྱིག་ལེབ་ཀྱིས་བཅད་ཡོད་པ་ཤེས་རྗེས། ས་ན་ཡོད་པའི་འཇོར་ཞིག་གིས་གྱང་ངོས་ལ་ཁུང་བུ་བརྟོལ་ནས་ཕ་རོལ་ཚོང་ཁང་དུ་འཛུལ་ཏེ། དེའི་ཁྱིམ་ན་ཡོད་པའི་སྒོར་མོ9000བརྐུས། དེ་ལས་ཞའོ་ཅོན་གྱིས་སྒོར5915བརླགས་ཤིང་། ལྷག་མའི་སྒོར3985ཉེན་རྟོག་པས་ཕྱིར་བླངས།
        མིག་སྔར། དོགས་ཡོད་ཉེས་ཅན་ཞའོ་ཅོན་གྱིས་བརྐུས་ཉེས་བསགས་པས་མཁར་ནུབ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། གྱོད་དོན་ད་ལྟ་ཞིབ་གཅོད་བྱེད་བཞིན་པའི་སྒང་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1