སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དུ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་དུ་རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་དཔྱིད་ཀའི་རྨོ་འདེབས་ལ་འགན་ལེན་བྱ་ཆེད། རྫོང་དེའི་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣས་ཟླ་2པའི་ཟླ་སྟོད་དུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཏུ་དཔྱིད་ཀའི་རྨོ་འདེབས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་བྱེད་པར་བསྐྱོད་དེ། རྫོང་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ནས། ལོ་ཧྲིལ་པོའི་ཞིང་ལས་ལ་ལོ་ལེགས་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།
བྲག་འགོ་རྫོང་དུ་དཔྱིད་ཀའི་རྨོ་འདེབས་བྱེད་བཞིན་པ།
རྟོག་ཞིབ་བྱེད་པའི་གོ་རིམ་ཁྲོད། ལས་དོན་མི་སྣས་འགྱིག་རོ་ཚུར་བསྡུ་བའི་གནས་ཚུལ་དང་། ཞིང་པའི་ལུད་རྫས་དམིགས་སར་འབྱོར་བའི་གནས་ཚུལ། ཞིང་ལས་འཕྲུལ་ཆས་ཀྱི་རྨོ་སློག་རྒྱག་ཚུལ། ཞིང་པའི་ཁྱིམ་ཚང་ཁག་གི་ས་བོན་གྱི་དགོས་མཁོའི་གནས་ཚུལ་དང་། རྨོ་འདེབས་རྒྱ་ཁྱོན་དང་དེ་བཞིན་ཞིང་སྤྱོད་དངོས་རྫས་སྣ་ཚོགས་དམིགས་སར་འབྱོར་བའི་གནས་ཚུལ་སོགས་ཀྱི་གནད་དོན་རབ་དང་རིམ་པར་རྒྱུས་ལོན་དང་ཐོ་འགོད་བྱས་ཤིང་། ལས་ཀའི་འཆར་གཞི་ཞིབ་ཕྲ་བཟོས་ལ། དུས་ཐོག་ཏུ་རྨོ་འདེབས་བྱེད་པའི་སྐབས་འཕྲད་པའི་དཀའ་ངལ་རྣམས་ཐག་གཅོད་བྱས་པ་མ་ཟད། གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་བཙུགས་པ་རེད།
བྲག་འགོ་རྫོང་དུ་དཔྱིད་ཀའི་རྨོ་འདེབས་བྱེད་བཞིན་པ།
ད་ལོའི་ཟླ་3པའི་ཟླ་སྟོད་དུ། བྲག་འགོ་རྫོང་གི་ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ། འཕྲུལ་ཆས་ཀྱིས་རྨོ་སློག་དང་འདེབས་འཛུགས་བྱེད་པ། འཕྲུལ་ཆས་ཀྱིས་ཆུ་རྐ་འདྲེན་པ། འཕྲུལ་ཆས་ཀྱིས་སྐྱེལ་འདྲེན་བྱེད་པ། ཞིང་ལས་མཐོ་གསར་ལག་རྩལ་ཀྱི་གསོ་སྦྱོང་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་རེད། གསོ་སྦྱོང་བྱེད་པའི་རིང་ལ། ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་གིས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཁྲོད་ཞིང་ལས་འཕྲུལ་ཆས་སྤྱོད་ཚད་མང་བ་དང་བདེ་འཇགས་ཀྱི་འགལ་རྐྱེན་ཅུང་མང་བའི་ཁྱད་ཆོས་ལ་དམིགས་ཏེ། ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་པ་དང་། དུས་མཚུངས་སུ་བདེ་འཇགས་དྲིལ་སྒྲོག་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།
དཔྱིད་ཀའི་རྨོ་འདེབས་ལ་མཁོ་བའི་ལུད་རྫས་རླངས་འཁོར་ནང་ནས་སྐྱེལ་ཡོང་བ།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བྲག་འགོ་རྫོང་ཡོངས་ཀྱི་འགྱིག་འགེབས་ཚུར་བསྡུ་བྱེད་ཚད་90%ཟིན་པ་དང་། རྨོ་སློག་རྒྱག་ཚད་100%ཟིན་ལ། ཞིང་སྤྱོད་དངོས་རྫས་ཚང་མ་དམིགས་སར་འབྱོར་ཡོད། ཟླ་4ཚེས་3ཉིན་ནས་ད་བར་ཁྱོན་ལུད་རྫས་ཏུན་181.3བྲིན་ཚོང་བྱས་པ་དང་། སོན་འདེམས་དང་རྨོ་འདེབས་རྒྱུན་ལྡན་ལྟར་སྤེལ་བ་རེད།
དཔྱིད་ཀའི་རྨོ་འདེབས་ལ་བྲེལ་བའི་ཞིང་པའི་ཁྱིམ་ཚང་།
སྙེ་པ་ཤང་གི་ཞིང་པ་ཚེ་རིང་མཚོ་མོས་བརྗོད་དོན། “ལོ་འགོའི་རིམས་ནད་ཀྱི་སྟབས་ཀྱིས། ང་ཚོས་ད་ལོའི་རྨོ་འདེབས་ནར་འགྱངས་བྱེད་མིན་ལ་སེམས་ཁྲལ་ཆེན་པོ་བྱས་པ་ཡིན། འོན་ཀྱང་རྫོང་གི་ཐུགས་ཁུར་འོག་ང་ཚོའི་གྲོང་ཚོར་ཞིང་ལས་དུས་ཚོད་ནར་འགྱངས་བྱས་མེད་ལ། ཞིང་འབྲོག་ཅུས་ཀྱི་ལས་བྱེད་པ་ཚོ་སྔོན་ཆད་དང་འདྲ་བར་ང་ཚོའི་ས་གནས་འདིར་ཡོང་ནས་ང་ཚོ་ལ་ཞིང་ལས་འཕྲུལ་ཆས་གསར་པ་བེད་སྤྱོད་བྱེད་སྟངས་ཁྲིད་པ་མ་ཟད། ང་ཚོར་ས་བོན་མཁོ་སྤྲོད་བྱས་བྱུང་། ད་ལོར་ངེད་ཚང་གིས་ནས་དང་པད་ཁ་བཏབ་པ་ཡིན”ཞེས་བརྗོད་པ་དང་། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ནི་ད་ལོའི་དཔྱིད་ཀའི་རྨོ་འདེབས་གནས་ཚུལ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
བྲག་འགོ་རྫོང་དུ་དཔྱིད་ཀའི་རྨོ་འདེབས་བྱེད་བཞིན་པ།
བསྡོམས་རྩིས་བྱས་པར་གཞིགས་ན། བྲག་འགོ་རྫོང་སྙེ་པ་ཤང་གིས་ད་ལོར་སྔོན་དཔག་ལྟར་ན་ས་མུའུ་5700ལྷག་ཙམ་ལ་རྨོ་འདེབས་བྱ་རྒྱུ་ཡིན་པ་དང་། དེའི་ནང་ས་མུའུ་2940ལ་ནས་འདེབས་རྒྱུ་ཡིན་ལ། གྲོ་མུའུ་968དང་། སྲན་མ་མུའུ་230དང་། ཞོག་ཁོག་མུའུ་280དང་། པད་ཁ་མུའུ་150བཅས་ཡོད་པ་རེད། ཡར་སྡེ་ཤང་གིས་ཁྱོན་བསྡོམས་ལུད་རྒྱ་མ་ཁྲི་10ལྷག་ཙམ་གསོག་འཇོག་བྱས་ཡོད་པ་དང་། སྔོན་དཔག་ལྟར་ན་ཤང་ཡོངས་སུ་ནས་མུའུ་4000འདེབས་འཛུགས་བྱ་རྒྱུ་རེད། ཤིས་མདོ་གྲོང་རྡལ་གྱིས་ཁྱོན་བསྡོམས་ལུད་རྒྱ་མ་ཁྲི་9གསོག་འཇོག་བྱས་ཡོད་པ་ཚང་མ་ཞིང་ནང་དུ་སྐྱེལ་ཟིན་པ་དང་། སྔོན་དཔག་ལྟར་ན་གྲོང་རྡལ་ཡོངས་ཀྱི་རྨོ་འདེབས་རྒྱ་ཁྱོན་མུའུ་4300ལྷག་ཙམ་ཟིན་ངེས་ཡིན། གཞི་མདའ་ཤང་གིས་སྔོན་དཔག་ལྟར་ན་ནས་མུའུ་4500འདེབས་རྒྱུ་ཡིན་པ་དང་། གྲོ་མུའུ་1500འདེབས་རྒྱུ་རེད།
བྲག་འགོ་རྫོང་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་བརྗོད་དོན། “མིག་སྔའི་བར། རྫོང་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཀྱི་ལུད་ཏུན་220དང་། སྙེ་ནག་ས་བོན་བསྲེས་རྫས་ཏུན་1དང་། ཏིང་ཚིལ་གྱི་རྩྭ་སྨན་ཏུན་1བཅས་ཚང་མ་དམིགས་སར་འབྱོར་ཡོད་ཅིང་། ཤིས་མདོ་གྲོང་རྡལ་དང་གཞི་མདའ་ཤང་ནི་ལོ་ཏོག་འདེབས་སྔ་ཤོས་ཡིན་པ་དང་། མིག་སྔའི་བར་སོན་འདེབས་མྱུར་ཚད་70%ཟིན་ལ། ཤང་དང་གྲོང་རྡལ་གཞན་དག་གི་སོན་འདེབས་མྱུར་ཚད་ཀྱང་60%ཟིན་ཡོད། གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱིས་ཞིང་ཁའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་སྟེ། དུས་ཐོག་ཏུ་རྨོ་འདེབས་ལས་དོན་ཚོ་ཆུང་དང་ཞིང་ལས་ལག་རྩལ་པ་ཞིང་ནང་དུ་མངགས་ནས། ལག་རྩལ་ཞབས་ཞུའི་སྐོར་མཛུབ་ཁྲིད་བྱེད་པ་དང་། ད་དུང་དམིགས་ཡུལ་ཡོད་པའི་སྒོ་ནས་ཞིང་ཁའི་དོ་དམ་ལག་རྩལ་ཇུས་གཞི་བཟོས་ཏེ། གྲོང་གསེབ་ཏུ་སྐྱོད་སྐབས་རྩིས་ཁྲ་ཡོད་པ་དང་ལོ་ཏོག་ཐོན་སྐྱེད་ཐད་ཟིན་ཐོ་ཡོད་པར་བྱས་ནས། ལོ་ཧྲིལ་པོའི་ཞིང་ལས་ལོ་ལེགས་ཡོང་བར་རྨང་གཞི་ཡག་པོ་ཞིག་འདིང་རྒྱུ་རེད”ཅེས་ཟེར།