༄༅།།མི་ཉག་རུ་ཡོང་བཟའ་དང་གཏེར་གནས་འབྲོང་རི་སྨུག་པོ།

གསེར་ཀུན་དགའ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-27



                                                                     གསེར་ཀུན་དགའ།
             

        དེ་ཡང་བོད་ཀྱི་རྒྱལ་རབས་དང་ཡིག་ཚང་རྣམས་སུ་རུ་ཡོང་བཟའ་བྱ་བའི་བཙུན་མོ་མི་འདྲ་བ་གཉིས་སྔ་ཕྱི་རིམ་པ་ལྟར་བྱུང་ཡོད་ལ། སྔ་མ་དེ་དགེ་འདུན་ཆོས་འཕེལ་གྱིས་གོ་བདེར་མཛད་པའི་《ཏུན་ཧུང་ཡིག་རྙིང་གི་ཤོག་དྲིལ་ཁ་པ》་རུ། ཁྲི་སྒྲ་སྦུང་བཙན། དེའི་སྲས་ཁྲི་ཐོག་བཙན། དེ་དང་རུ་ཡོང་བཟའ་སྟོང་རྒྱལ་མཚོ་མར་བཤོས་པའི་སྲས་ལྷ་ཐོ་དོ་སྙ་བཙན། ཞེས་དང་། རྗེ་རིན་པོ་ཆེའི་དངོས་སློབ་པཎྚི་ཏ་ཆེན་མོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《ཉི་མའི་རིགས་ཀྱི་རྒྱལ་རབས》་སུ་ཡང་། ཁྲི་ཐོག་རྗེ་བཙུན་དེས་རུ་ཡོང་ཟ་སྟོང་རྒྱལ་ཚ་མོ་བཞེས་པའི་སྲས། ལྷ་ཐོ་ཐོ་རུ་སྙན་བཙན་ཏེ། ཞེས་འཁོད་པ་དང་། ཡང་ཚངས་སྲས་བཞད་པའི་རྗེའམ་ལྔ་པ་ཆེན་མོས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》་སུ། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོའི་སྲས་སུ་དཔལ་དགེ་ལེགས་ཀུན་ཏུ་འབར་བའི་བཟང་པོའི་སྣང་བ་ཅན་གྱི་རྣམ་འཕྲུལ། ལྷ་ཐོ་ཐོ་རུ་གཉན་བཙན་འཁྲུངས་ཏེ། ཞེས་གོང་མཚོན་གྱི་རྒྱལ་རབས་དང་དེབ་ཐེར་ཁག་དུ་མར་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རུ་སྙན་བཙན་གྱི་འཁྲུངས་ཡུམ་ལའང་རུ་ཡོང་བཟའ་ཞུ་བ་གསལ་པོར་བསྟན་པར་མ་ཟད་བཙུན་མོ་འདིའི་མཚན་ཆ་ཚང་ལ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་མོ་ཞེས་བྱའོ།།


        རུ་ཡོང་བཟའ་ཕྱི་མ་ནི་བོད་རྒྱལ་སོ་གཉིས་སམ་སོ་གསུམ་པ་སྟེ་བཙན་པོ་སྲོང་བཙན་སྒམ་པོ་ལ་ཕྱི་ནང་གི་བཙུན་མོ་ལྔ་ཡོད་པ་ལས་མོང་བཟའ་ཁྲི་ལྕམ་དང་། ཞང་ཞུང་བཟའ་ལི་ཐིག་སྨན། མི་ཉག་རུ་ཡོང་བཟའ་ཞེས་རིགས་མཐུན་གྱི་བཙུན་མོ་གསུམ་དུ་གྲགས་པའི་ཡ་གྱལ་མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན་ཞེས་པ་དེ་ཉིད་ཡིན་ལ། བཙུན་མོ་འདི་ཉིད་ཀྱིས་རྣམ་དཀར་དགེ་བ་ལ་བརྩོན་ནས་ལྷ་ཁང་སོགས་བཞེངས་པ་ལས་རྒྱལ་པོ་ལ་བུ་སྲིད་མཛད་པ་སོགས་ཀྱི་ལོ་རྒྱུས་ནི་མེད། དེ་མིན་སྔོན་གྱི་ཆོས་འབྱུང་དང་དེབ་ཐེར་ཁག་ཏུ་བཙུན་མོ་འདི་བའི་མཛད་རྣམ་གྱི་ཆ་ཤས་འཁོད་ཡོད་པ་ནི་འདི་ལྟར། དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཆོས་འབྱུང་རྒྱས་པ》རུ། རུ་ཡུང་བཟས་ནུབ་བྱང་མ་མོའི་ཉལ་སར་རྣམ་པར་སྣང་མཛད་བཞེངས་ནས་བྲག་ལྷ་མགོན་པོར་མཚན་གསོལ་ཞེས་དང་། དུས་རབས་བཅུ་གཉིས་པར་གཏེར་ལས་བཏོན་པར་གྲགས་པའི་《མ་ཎི་བཀའ་འབུམ》་ལས། ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ། ཇོ་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་གྱིས་རང་གི་གསེར་དངུལ་གྱི་རྒྱན་བཀྲོལ་ནས་མཎྜལ་བྱས། ཡོ་བྱད་ཐམས་ཅད་མ་ཚང་བའི་རྟེན་དུ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱས། ཞེས་འཁོད་པ་དང་། 《བཀའ་ཆེམས་ཀ་ཁོལ་མ》་ལས། ཁྲི་བཙུན་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བྲག་ལྷ་མགོན་པོ་ཀུན་ཏུ་ཞལ་གྱི་ལྷ་ཁང་བཞེངས་པ་ལ། ལྕགས་པོ་རི་ལ་བྲག་ཕུག་གི་ལྷ་ཁང་བཞེངས་སྙམ་ནས། རྡོ་བྲེ་རེ་ཕོད་ན་ཚྭ་བྲེ་རེའི་བརྔན་པ་སྦྱིན་པས་ཚར་རོ།  ཞེས་དང་། ཡང་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན》་ལས།  རུ་ཡོངས་བཟས་བྲག་ལྷ་ཀླུ་ཕུག་གི་རང་བྱུང་རྣམས་གསལ་བར་བརྐོས་སྟེ་ཚྭ་ལ་བརྒྱད་བཅུ་སྡེའི་དུས་བྲག་ཕྱེ་བྲེ་རེ་ཕེད་པ་ལ་ཚྭ་བྲེ་རེ་བྱིན་ནས་བྲག་ལ་སྐོར་ཁང་བརྐོས།  ཞེས་སོགས་འཁོད་པ་བཞིན་བྲག་ལྷ་མགོན་པོའི་ལྷ་ཁང་ནི་ལྷ་སའི་ལྕགས་པོ་རིའི་གཤམ་འོག་ཏུ་ཡོད་ཅིང་བྲག་ལྡེབས་ངོས་སུ་བརྐོས་པའི་བྲག་ལྷ་མགོན་པོའི་དབུ་བརྙན་ཡང་དེང་སང་བར་མཇལ་རྒྱུ་ཡོད། གཞན་དུང་དཀར་ཚིག་མཛོད་དང་ཉེ་དུས་ཀྱི་ལོ་རྒྱུས་དཔེ་ཆ་དུ་མར་བཙུན་མོ་འདི་བས་བྲག་ལྷ་མགོན་པོའི་ལྷ་ཁང་བཞེངས་པའི་སྐོར་ཐོ་རེ་ལོང་ངེ་བ་ཙམ་འཁོད་ཡོད་མོད། འོན་ཀྱང་དེ་ནི་སྔ་མ་སྔ་མ་དག་ཕྱི་མ་ཕྱི་མའི་ཁུངས་སུ་གྱུར་པ་ལས་དམིགས་བསལ་གྱི་གཏམ་ཅི་ཡང་མིན་པས་འདིར་མ་སྤྲོས་སོ།།


དེས་ན་མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་རྒྱུ་མཚན་ཅི་ཞིག་གིས་བྲག་ལྷ་མགོན་པོའི་ལྷ་ཁང་བཞེངས་པ་དང་། ཡང་ན་ཅི་ཞིག་ལ་བཙུན་མོ་རང་གི་ལྷ་ཁང་ལ་བྲག་ལྷ་མགོན་པོའི་མཚན་གསོལ་བ་རེད་ཅེ་ན། དེ་ནི་ཅིས་ཀྱང་བསྐྱུར་དུ་མི་བྲ་བའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཡིན་ནམ། དེ་ཡང་སྤྱིར་བྲག་ལྷ་མགོན་པོ་ཞེས་པ་ནི་དེང་གི་དབལ་ཤུལ་གསེར་ཐལ་ཡུལ་གྱི་གཏེར་གནས་ཆེན་པོ་གསེར་གྱི་འབྲོང་རི་སྨུག་པོ་ལ་གོ་སྟེ། དུས་རབས་བདུན་པའི་ནང་བྱོན་པའི་ལོ་ཙཱ་བ་ཆེན་མོ་པ་གོར་བེེ་རོ་ཙ་ནས་མཛད་པར་གྲགས་པའི་《ཨོཾཿཟབ་ཆོས་མཁའ་འགྲོའི་སྙིང་ཐིག་ལས༔གཏེར་གནས་འབྲོང་རིའི་དཀར་ཆག༔》ལས། གཤིན་རྗེ་ལྷ་ཚོགས་གྲངས་ལས་འདས་པ་བཞུགས༔ སྒོ་སྲུང་ཆོས་སྐྱོང་བྲག་ལྷ་མགོན་པོ་མཐིང༔ ཞེས་དང་། ཡང་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི་《འབྲོང་རིའི་བསང་ཡིག》་ལས། གནས་ལས་མིང་བཏགས་འབྲོང་རི་སྨུག་པོ་སྟེ། །མཚན་ནས་བརྗོད་ན་རྒྱལ་རོང་བྲག་ལྷ་མགོན། ། ཞེས་གསུངས་པ་དང་། རྫོགས་ཆེན་དཔལ་དགེའི་སྤྲུལ་སྐུ་ལ་ལྷ་སྲས་བསོད་ནམས་རྡོ་རྗེས་གསུངས་པར་གྲགས་པའི་《འབྲོང་རིའི་གསོལ་མཆོད》་ལས། དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཁྱད་པར་ཚོགས་བདག་ཡབ་ཡུམ་དང་། ། བྲག་ལྷ་མགོན་པོ་འབྲོང་རི་སྨུག ། ཅེས་དང་། ཁོང་གི་སྐུ་སྲས་ལྷ་སྲས་བསོད་ནམས་ནོར་བུས་མཛད་པའི་འཇིག་རྟེན་ལུགས་ཀྱི་《འབྲོང་རིའི་བསང་མཆོད》་དུའང་། མཆོད་ན་མགོན་མཛད་པ། བསྐུལ་ན་རྒབ་ཡངས་པ། རྦད་ན་མཐུ་ཆེ་བ། བཅོལ་ན་ལུས་མྱུར་བ། མཐུ་སྟོབས་རྫུ་འཕྲུལ་གྱི་མངའ་བདག་དཔལ་ལྡན་བྲག་ལྷ་མགོན་པོ་ཞེས་དང། གཞན་ཡང་གཏེར་སྟོན་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་《གུ་བཀྲའི་ཆོས་འབྱུང》་དུའང་རྒྱལ་རོང་བྲག་ལྷ་མགོན་པོ་ཞེས་འཁོད་ཡོད་པ་སོགས་ལ་གཞིགས་ན། བྲག་ལྷ་མགོན་པོ་ནི་དེང་གི་གསེར་སྟོད་ཀྱི་མགོན་པོ་འབྲོང་རི་ལ་བྱ་བ་ཡིག་ངག་ཀུན་ནས་མངོན་སུམ་བདེན་པ་ཉིད་དུ་གྲུབ་ཐུབ་བོ།།

        འདི་ལྟར་སྔ་མ་སྔའི་ལོ་རྒྱུས་ལ་ཕྱི་མ་ཕྱི་མའི་ལུང་རིག་གིས་ཕུ་འདེད་བྱེད་པའི་ཚུལ་ལས་ང་ཚོས་རྟོགས་ཤིང་དཔྱོད་ཐུབ་པ་ནི་བྲག་ལྷ་མགོན་པོའམ་འབྲོང་རི་སྨུག་པོ་ནི་སྔོན་གྱི་ཚེ་ན་བོད་ཤར་མཐའ་བ་ལྡོང་མི་ཉག་ཡུལ་བས་ཀྱང་མཆོད་ཅིང་བསྟོད་པའི་གནས་རི་ཞིག་ཡིན་པར་མ་ཟད། ཕྱིས་སུ་མི་ཉག་རུ་ཡོང་བཟའ་བཙན་པོ་སྲོང་བཙན་སྒམ་པོ་ལ་ཇོ་མོ་བྱེད་དུ་འགྲོ་སྐབས། སྔར་རང་ཡུལ་གྱི་གནས་རི་སྟེ་གཞི་བདག་བྲག་ལྷ་མགོན་པོ་དེའང་དབུས་སུ་སྤྱན་དྲངས་ནས་རང་གི་རྫོངས་སྐལ་གྱི་ལྷ་གང་ཉིད་གདན་འཇགས་སའི་ལྷ་ཁང་གི་མཚན་དུ་བྲག་ལྷ་མགོན་པོ་ཞེས་གསོལ་བ་དེ་རེད། དེ་ཡིན་པའི་སྒྲུབ་བྱེད་གཞན་ཞིག་ནི་མི་ཉག་རུ་ཡོང་བཟའ་ཞེས་པའི་མི་ཉག་རུ་ཡོང་ནི་མི་ཉག་གི་ཡུལ་གྲུ་བྱེ་བྲག་ཅིག་གི་མིང་ལ་གོ་དགོས་པ་ཡིན་ཏེ། བོད་ཀྱི་བཙན་པོ་ན་རིམ་གྱི་བཙུན་མོ་རྣམས་ཀྱི་མིང་གི་སྔོན་དུ་རང་ཡུལ་གྱི་མིང་ནས་བོས་ཡོད་པ། རྒྱ་ནག་ནས་འོང་བའི་བཙུན་མོ་ལ་རྒྱ་བཟའ་ཀོང་ཇོ་དང་། བལ་ཡུལ་ནས་འོང་པའི་བཙུན་མོ་ལ་བལ་བཟའ་ཁྲི་བཙུན། ཞང་ཞུང་ནས་འོང་པའི་བཙུན་མོ་ལ་ཞང་ཞུང་བཟའ་ལི་ཐིག་སྨན་སོགས་བྱུང་བ་ལྟ་བུ་རེད། འོ་ན་མི་ཉག་རུ་ཡོང་ཞེས་པའི་རུ་ཡོང་ནི་མི་ཉག་གི་ཡུལ་གྲུ་གང་ལ་གོ་དགོས་ཞེ་ན། ཤར་པ་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི་《ཤར་པའི་ཆོས་འབྱུང》་དུ། ཟལ་མོ་སྒང་འདིའི་ཕུ་ངོས་ལ། མི་གཉགས་རི(རུ)་མང་ཟེར། མདའ་ངོས་ལ་ཚ་མོ་རོང་ཟེར་བ་ཡིན། ཞེས་གསུངས་པ་ལས་མི་གཉགས་རུ་མང་གི་ཡུལ་དེ་ནི་རུ་ཡོང་བཟའི་སྐྱེད་ཡུལ་མིན་ནམ་སྙམ་པ་དང་། གཞན་ཡང་རྒྱལ་རོང་ས་ཁུལ་ནས་རྙེད་པའི་བོན་གྱི་ཡིག་རྙིང་《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》་ཞེས་པ་རུ་ཡང་། སྨད་དུ་ཡང་། སྨར་སྒང་། འབྲི་སྒང་། ཟླ་སྒང་། རྨ་སྒང་དང་རུ་ཟ་སྒང་ཞེས་མི་ཉག་རབ་སྒང་ལ་རུ་ཟ་སྒང་ཞེས་བྲིས་ཡོད་པས། སྔོན་གྱི་ཚེ་ན་དེང་གི་མི་ཉག་རབ་སྒང་གི་རི་རྒྱུད་དང་ཤར་རྒྱལ་མོ་ཚ་བ་རོང་གི་མགོ་སྟོད་ཀྱི་ཡུལ་སོགས་ལ་རུ་ཟའམ་རུ་མང་ཞེས་“རུ”ཡིག་གི་སྒྲ་འཐོན་པར་འབོད་ཀྱིན་ཡོད་པ་དངོས་སམ་བརྒྱུད་ནས་རྟོགས་ཐུབ་བོ།།


        དེ་ལྟར་ན་མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན་ཡང་སྨད་མདོ་ཁམས་སྒང་དྲུག་ལས་རུ་ཟ་སྒང་ངམ་མི་ཉག་རབ་སྒང་གི་སྟོད་རྒྱུད་དང་། ཤར་པའི་ཆོས་འབྱུང་དུ་བསྟན་པ་ལྟར་ཤར་རྒྱལ་མོ་ཚ་བ་རོང་གི་ཕུ་ངོས་སྟེ་དེང་གི་གསེར་སྟོད་ཀྱི་མགོན་པོ་འབྲོང་རིའི་སའི་ཆར་རམ་སྔོན་གྱི་ཚེ་ན་མི་ཉག་རུ་མང་བྱ་བའི་ཡུལ་ངོས་ནས་འོང་པ་ཞིག་ཡིན་པ་གོང་གི་ལོ་རྒྱུས་སོགས་ཀྱི་བབ་ལ་ལྟོས་ནའང་ཤེས་ཐུབ་པས། གཏེར་གནས་འབྲོང་རི་སྟེ་བྲག་ལྷ་མགོན་པོ་ནི་སྔར་མི་ཉག་རུ་མང་ཡུལ་གྱི་གདོད་གནས་ཀྱི་གནས་རིའམ་གཞི་བདག་ཅིག་ཡིན་ཞིང་། ཕྱིས་སུ་མི་ཉག་རུ་མང་ཡུལ་གྱི་བུ་མོ་རུ་ཡོང་བཟའ་བོད་ཀྱི་བཙན་པོ་ལ་ཇོ་མོ་བྱེད་དུ་སོང་བ་དང་ལྷན་དུ་དབུས་སུ་སྤྱན་དྲངས་ནས་བཙུན་མོ་རང་གིས་བཞེངས་པའི་ལྷ་ཁང་གི་ནང་རྟེན་དུ་གདན་འཇགས་པ་ཞིག་མིན་འགྲོ་སྙམ་པས། ནམ་ཞིག་དཔྱད་གཏམ་འདི་ཙམ་ཡང་དགོངས་པའི་ཀློང་རྡོལ་ཞིང་མགྲིན་པའི་མདུད་རྩ་གྲོལ་བའི་གཙུག་ལག་སྨྲ་བའི་ཞབས་ཀྱི་སྤྱན་སྔར་སོན་ཚེ། ཅིས་ཀྱང་མནོག་ཆུང་དུ་མི་སེམས་པར་གནད་འདི་ལ་ཡང་དུ་བསྲེག་བཅད་བརྡར་གསུམ་བྱས་ནས་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཆུ་ལ་ཆུ་བཞག་གི་དཔེ་ལྟར་ཕན་ཚུན་གོ་བསྒྲིགས་ཏེ་ར་སྤྲོད་བྱེད་རྒྱུ་ནི་མཐར་ཐུག་གི་རེ་བའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1