( དེབ་གོང་མའི་འཕྲོར་མཐུད། )
ཀ་དང་ནས་ནི་མ་དང་བར། །
དམག་གི་རུ་སྒར་བཅོ་ལྔ་ཕྱེས། །
ཆུ་གླང་དར་བེར་དོན་རྐྱེན་གྱིས། །
རྒྱ་བོད་དམག་གི་འཁྲུག་རྩོད་སློང་། །
ས་རྟ་ཉག་ཁོག་རྒྱ་ཡིས་བཟུང་། །
མདོ་སྤྱི་ཆབ་མདོར་གནས་སྤོར་བྱས། །
བསྐལ་པ་ས་རྟའི་དུས་འགྱུར་ཞེས། །
དེང་དུས་རྒན་པོའི་ཁ་ལ་གླེང་། །
ཆུ་སྤྲེལ་ཁྲོན་དམག་སྡེ་དགེ་འབྱོར། །
ལོ་དེར་ཀམ་ཐོག་ཆིངས་ཡིག་འཇོག །
དགའ་ལྡན་ཕོ་བྲང་གི་དུས་སྐབས་འདིར་སྤྱིར་བཀའ་ཤག་གི་སྒྲིག་གཞིའི་ནང་དུ་མདའ་དཔོན་ལ་སོགས་དམག་དཔོན་གྱི་གོ་ཐོབ་ཅན་གྱི་དཔོན་རིགས་ཀྱི་ལས་གནས་ཡོད་ཀྱང་། སྐུ་སྲུང་ལ་སོགས་ཉེར་མཁོའི་རྒྱུན་དམག་ཉུང་ཤས་ལས་མེད་པ་དང་། སྡེ་གཟར་ལ་སོགས་ཀྱི་སྐབས་སུ་ཉེར་མཁོ་དང་བསྟུན་ཡུལ་སོ་སོའི་ཁྲལ་དམག་བསྐོངས་ཏེ་གནས་སྐབས་ཀྱི་དམག་དཔུང་རྩ་འཛུགས་བྱེད་ཅིང་ཡོད་པར་གསལ་ཏེ། སྤྱི་ལོ་1787ལོར་གོར་ཁའི་དམག་འགོག་གྲ་སྒྲིག་བྱེད་སྐབས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་གསུངས་པར། 《དགའ་བཞི་བའིི་བྱུང་བ་བརྗོད་པ།》ལས། “དབུས་གཙང་དུས་ཟིང་བྱུང་ཚུན་ནས་འདི་ལོ་ཕན་དམག་གི་མིང་ཙམ་ཡང་མི་གྲགས་པའི་དུས་བདེ་ཞོད་འཇགས་ལ་སོང་སྟབས་བསྐོར་རེས་གཟིམ་ཆུང་སྒར་པའི་རྐང་དམག་དང་། བཀའ་མདའ་ལས་ཚན་སོགས་ཀྱི་རྟ་དམག་ཁུ་བསྡུས་ལྷ་ལྡན་སྨོན་ལམ་ཆེན་མོའི་རྗེས་འབྲེལ་གཏོར་རྒྱག་ཏུ་ཡོང་སྲོལ་དེ་ཙམ་མ་གཏོགས་དེང་དུས་དང་མི་འདྲ་བར་འདི་སྐབས་བོད་འདིར་ཁྲལ་དམག་ཉིས་འཛིན་བྱེད་མི་ཤ་སྟག་ལས། དམག་མི་ཞེས་དགྲ་བྱུང་ན་དོན་ཆོག་མ་ནི་གཏན་ནས་མེད།”ཅེས་གསུངས་པ་ལས་ཤེས་ཐུབ། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ནི་དུས་ཡུན་ཐུང་ངུ་མི་ལོ་བཅུ་ལྷག་ཙམ་གྱི་རིང་ལ་བོད་ནས་ཡུལ་བྱོལ་ཐེངས་གཉིས་འགྲོ་དགོས་བྱུང་བའི་ཉམས་མྱོང་ལ་གཞིགས་ནས་དམག་དོན་གྱི་གལ་ཆེ་བའི་རང་བཞིན་གཟིགས་ཡོད་པ་འདྲ།
《གཡུ་ཡི་ཕྲེང་བ།》ལས། “ཤིང་སྟག་སྤྱི་ལོ་1914ལོར་སིམ་ལའི་གྲོས་ཚོགས་གྲོལ་ནས་ཡུན་རིང་མ་སོང་བར་བོད་དམག་བཅོས་སྒྲིག་དང་རྒྱ་བསྐྱེད་བཏང་ཏེ་བོད་དམག་དམག་སྒར་གཅིག་ལ་ཉི་ཧོང་གི་དམག་དཔོན་རྙིང་པ། ཡ་སུ་མ་ཇི་ཡ་ནས་ཉི་ཧོང་གི་དྲག་པོའི་ལུགས་སྲོལ་གྱི་དམག་རྩེད་དང་། དམག་སྒར་གཅིག་ལ་ཨུ་རུ་སུའི་དྲག་པོའི་སློབ་སྦྱོང་ཐོན་པ་སོག་པོ་བསྟན་པ་རྒྱལ་མཚན་ནས་ཨུ་རུ་སུའི་ལུགས་ཀྱི་དམག་རྩེད། དམག་སྒར་གཅིག་ལ་དབྱིན་ཇིའི་ལུགས་ཀྱི་དམག་རྩེད། སྔར་ཡོད་རྒྱ་སྦྱོང་དམག་རྩེད་བཅས་ཁག་སོ་སོར་སློབ་སྦྱོང་བྱེད་དུ་བཅུག་སྟེ། དམག་རྩལ་འགྲན་བསྡུར་གྱིས་དམག་རྩེད་གང་ཞིག་དགེ་མཚན་ཆེ་བ་ཡོད་མེད་གཟིགས་ཞིབ་དང་འབྲེལ་བོད་ཆིག་ཁྲི་ཙམ་འཛུགས་རྒྱུའི་འཆར་འགོད་གནང་།
དེའི་སྤྱི་ཁྱབ་དམག་དཔོན་ཆེ་བ་བཀའ་བློན་ཚ་རོང་ཟླ་བཟང་དགྲ་འདུལ་དང་། དམག་སྤྱི་གཞོན་པ་ཐའི་ཇི་ཁྲི་སྨོན་ནོར་བུ་དབང་རྒྱལ་ལ་བསྐོ་གཞག་བསྩལ། དེ་རྗེས་དམག་སྒར་གསར་རྙིང་རྣམས་ཀ་སྡེའི་གོ་རིམ་སྡེ་ཚན་བསྒྲིགས་ཤིང་། དམག་དར་དང་། དམག་སྤྱི་ལས་ཁུངས་ཀྱི་རྩ་འཛུགས་སྒྲིག་གཞི། དམག་ཁྲིམས་སོགས་གཏན་འབེབས་གསལ་བསྒྲགས་གནང་། གོང་གསལ་དམག་སྒར་ཁག་དེ་རྣམས་ལ་དེ་སྔའི་རྒྱ་སྦྱོང་། སྒྲིག་གཞི་གཞིར་བཟུང་དམག་མི་ལྔ་བརྒྱ་རེར་མདའ་དཔོན་རེ་དང་། དེ་འོག་རུ་དཔོན་གཉིས་དང་། བརྒྱ་དཔོན་བཞི། ལྡིང་དཔོན་ཉི་ཤུ། བཅུ་དཔོན་ལྔ་བཅུ་རེ་བཅས་རིམ་བཞིན་བསྐོ་གཞག་བསྩལ་ཞིང་། དེ་ནས་དམག་དོན་མི་སྣ་གསོ་སྐྱོང་ཆེད་རྒྱལ་རྩེར་དབྱིན་ཇིས་དམག་དཔོན་གྱི་སློབ་གྲྭ་བཙུགས་ཏེ་དམག་དོན་མི་སྣ་ཁག་གཅིག་གསོ་སྐྱོང་གིས་རིམ་བཞིན་དམག་སྒར་སོ་སོར་ཁག་བགོས་ཐོག་དམག་དཔོན་གྱི་ལས་འགན་འཁུར་བ་རེད།” ཅེས་གསུངས། ཞིབ་པར་དམག་སྒར་འདི་དག་གི་ལོ་རྒྱུས་དང་སྐབས་དེའི་གནས་སྟངས་ལ་ཞིབ་འཇུག་བྱེད་འདོད་ཡོད་ན་བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཆ་དག་ལ་གཟིགས་དགོས།
ཀ་དང་དམག་སྒར་སྒར་ནི། མདའ་ཤོག་དང་པོ་སྟེ་ཉེན་སྲུང་དམག་དཔུང་ཡིན་ལ། རྟ་དམག་མི་གྲངས་ཆིག་སྟོང་ཡོད་པ་དེའི་མདའ་དཔོན་ཕོ་ལྷ་སྲས་རྡོ་རྗེ་དབང་འདུས། སྲུང་ཡུལ་གཙོ་བོ་ལྷ་ས་ནོར་བུ་གླིང་ཁ། དྲག་ཆས་ལག་ཆ་ལ་མེ་སྒྱོགས་དང་ཨི་སིན་གྷང་བཞི། སྤི་རིན་གྷང་ཞེ་དྲུག །ཨི་སིན་ཀྲེན་གྷང་ཉིས་བརྒྱ། དབྱིན་ཇིའི་ཁ་ཐུང་དྲུག་བརྒྱ། ལག་བོགས་ཆུང་བ་འགའ་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་སྐོར། མདའ་ཤོག་དང་པོ་ནི་ཆིན་རྒྱལ་རབས་ཀྱི་གོང་མ་ཞོན་ཐོང་ཁྲིར་བཞུགས་སྐབས་བཙུགས་ཤིང༌། དེའི་དྲག་ཆས་དང་གྱོན་ཆས་ལེགས་ལ། ཏཱ་ལའི་བླ་མའི་སྐུ་སྲུང་དམག་མི་ཡིན་པར་མ་ཟད། བོད་དམག་གི་གཙོ་ཁག་ཅིག་ཡིན། མདའ་དཔོན་སོ་སོའི་རྒན་པ་ཚོ་དེའི་མདའ་དཔོན་ལ་བཞག་ཅིང་1956ལོར་བཅིངས་འགྲོལ་དམག་ལ་བསྒྱུར་ནས་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལ་ཧྲང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། 1959ལོར་ཟིང་འཁྲུག་ལ་ཞུགས་པས་ཚར་དུ་གཅད་བྱར་འཁེལ་པས་བྲོས་བྱོལ་ཕྱིན།
ཁ་དང་དམག་སྒར་ནི། མདའ་ཤོག་གཉིས་པ་སྟེ་གྲ་ཕྱི་དམག་དཔུང་ཡིན། རྐང་དམག་མི་གྲངས་ཆིག་སྟོང་ཡོད་པ་དེའི་མདའ་དཔོན་བཀྲ་དཔལ་བཀྲ་ཤིས་ཕུན་ཚོགས་དང༌། འོས་རློམ་པ་རྡོ་རྗེ་རྣམ་རྒྱལ་གཉིས་ཡིན། སྲུང་ཡུལ་གཙོ་བོ་ལྷ་ས། དྲག་ཆས་ལག་ཆ་ལ་མེ་སྒྱོགས་བརྒྱད་དང༌། ཐི་རི་སི་མོ་ཊར་དྲུགམེ་སྒྱོགས་ཆེ་བ་བརྒྱད། ལུའུ་སི་གྷང་བཅུ་གཉིས། མ་ཁི་མུས་མེ་ཨི་སིན་གྷང་བཞི། སྦི་རིན་གྷང་བཞི་བཅུ། ཨི་སི་ཀྲེན་གྷང་བཞི་བཅུ། དབྱིན་ཇིའི་ཁ་ཐུང་ཉིས་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་གཉིས་པ་ནི་སྤྱི་ལོ་1792ལོར་བཙུགས་ཤིང༌། ཆིན་དམག་ལ་དཔེ་བལྟས་ནས་བཙུགས་པས་ལོ་རྒྱུས་སྟེང་རྒྱ་སྦྱོང་དམག་ཟེར། ཁ་ཆེ་དང༌། གོར་ཁ། དབྱིན་ཇིའི་བཙན་འཛུལ་བཅས་ལ་ངོ་རྒོལ་བྱེད་པའི་གཡུལ་འགྱེད་དང༌། མཐའ་ཁུལ་དམག་དང༌། དར་བེ། སེ་ར་དགོན་པ་སོགས་ཀྱི་ནང་འཁྲུག་ལ་ཞུགས་མྱོང་ཞིང༌། ས་གནས་སོ་སོའི་ཙུང་ཏུང་སྲུང་དམག་རུ་ཁག་ཚང་མ་མདའ་ཤོག་འདིས་མངགས་དགོས་ཤིང༌། རྟག་ཏུ་རྒྱལ་བའི་དམག་དཔུང་ཞེས་པའི་མཚན་ཡང་ཡོད། མི་གྲངས་ཆིག་སྟོང་ལ་མདའ་དཔོན་གཉིས་སྒྲིག་འཛུགས་བྱས་ཡོད་ལ། ཆབ་མདོ་གཡུལ་འགྱེད་ཁྲོད་ཆ་ཤས་ཤིག་ལ་གཏོར་སྐྱོན་ཐེབས། བསྐྱར་སྒྲིག་བྱས་རྗེས་མདའ་དཔོན་བསམ་ཕོ་བསྟན་འཛིན་དོན་འགྲུབ་དང༌། བཀྲ་དཔལ་རྡོ་རྗེ་ཚེ་བརྟན་གཉིས་ལ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། སྤྱི་ལོ་1959ལོར་ཟིང་འཁྲུག་ལ་ཞུགས་རྗེས་ལ་ལ་ཚར་བཅད། ལ་ལ་བྲོས་བྱོལ་ཕྱིན།
ག་དང་དམག་སྒར་ནི། མདའ་ཤོག་གསུམ་པ་སྟེ་གཞིས་ཀ་རྩེའི་དམག་དཔུང་ཡིན། རྐང་དམག་མི་གྲངས་ཆིག་སྟོང་ཡོད་པ་དེའི་མདའ་དཔོན་དཀར་བྱུང་པ་ཚེ་རིང་དོན་འགྲུབ་དང༌། མུ་བྱ་ཚེ་དབང་ནོར་བུ་གཉིས་ཡིན། སྲུང་ཡུལ་གཙོ་བོ་སྡེ་དགེ །དྲག་ཆས་ལ་མེ་སྒྱོགས་བཅུ་བཞི་དང༌། ཨི་སིན་གྷང་བཞི། ཀྲའོ་ཕན་མེ་མདའ་སྦག་སྦག་བཞི། ཅ་ན་ཏའི་མེ་མདའ་སྦག་སྦག་བཅུ་དྲུགཨི་སི་ཀྲེན་གྷང་སོ་གཉིས། མདའ་རིང་སྟོང་ཕྲག་གཅིག་བཅས་ཡོདལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་འདི་ནི་བོད་དམག་ཁྲོད་ཀྱི་དམག་དཔུང་རྟོལ་ཕོད་ཅན་དུ་རྩི་ལ། མདའ་དཔོན་མུ་བྱ་ཚེ་དབང་ནོར་བུས་ཆབ་མདོའི་གཡུལ་འགྱེད་ཁྲོད་འཐབ་འཛིང་གི་བྱས་རྗེས་བཞག་པས་གཞིས་རྩེའི་ཙུང་ཏུ་ལ་འཕར་བ་དང༌། གཡུལ་འཁྱེད་དེའི་ཁྲོད་དམག་མི་མང་ཤོས་ཞིག་ཕ་རོལ་པས་བསད། བཅོས་སྒྲིག་བྱས་རྗེས་མདའ་ཤོག་དེའི་མདའ་དཔོན་མི་འགྱུར་རྡོ་རྗེ་ལ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ་ཅིང༌། སྤྱི་ལོ་1959ལོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་སྐབས་རང་ཡུལ་དུ་ལོག
ང་དང་དམག་སྒར་ནི། མདའ་ཤོག་བཞི་པ་སྟེ་རྒྱལ་རྩེའི་རྐང་དམག་ཡིན། རྐང་དམག་མི་གྲངས་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་མཚོ་སྒོ་དངོས་གྲུབ་རྡོ་རྗེ་ཡིན། སྲུང་ཡུལ་གཙོ་བོ་ཚོ་པ་སོ་དགུ་དང་སྟེང་ཆེན། དྲག་ཆས་ལག་ཆ་ལ་ཨི་སིན་གྷང་གཅིག་དང༌། སྦི་རིན་གྷང་དགུལུ་སི་གྷང་གཅིགཨི་སི་ཀྲེན་གྷང་བཅོ་ལྔ། དབྱིན་ཇིའི་ཁ་ཐུང་ལྔ་བརྒྱ་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། ལོ་རྒྱུས་འཕེལ་རིམ་དང་གཡུལ་འགྱེད་དུ་ཞུགས་པའི་ལོ་རྒྱུས་སོགས་མདའ་ཤོག་གཉིས་པ་དང༌། གསུམ་པར་མཚུངས་ཤིང༌། སྤྱི་ལོ་1956ལོར་བཅོས་སྒྲིག་བྱས་རྗེས་དེའི་དམག་དཔོན་མདོ་མཁར་བསོད་ནམས་རྡོ་རྗེ་ལ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། སྤྱི་ལོ་1959ལོར་ངོ་ལོག་ཟིང་འཁྲུག་ལ་ཞུགས་པས། ལ་ལ་བསད་པ་དང་ལ་ལ་བྲོས་བྱོལ་ཕྱིན། དེ་ལ་ལོ་རྒྱུས་སྟེང་རྒྱལ་རྩེའི་དམག་དཔུང་ཟེར།
ཅ་དང་དམག་སྒར་ནི། མདའ་ཤོག་ལྔ་པ་སྟེ་དིང་རི་དམག་དཔུང་ཡིན། རྐང་དམག་མི་གྲངས་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་བྲག་འཇུན་པ་བསྟན་པ་ཚེ་རིང་ཡིན། སྲུང་ཡུལ་གཙོ་བོ་ནག་ཆུ་ས་ཁུལ། དྲག་ཆས་ལ་ཨི་སིན་གྷང་གཉིས། སྦི་རིན་གྷང་བཞི་བཅུ། མདའ་རིང་སྣ་ཚོགས་སུམ་བརྒྱ་ཉི་ཤུ་རྩ་ལྔ་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་ལྔ་པ་ལ་ལོ་རྒྱུས་སྟེང་དིང་རི་དམག་དཔུང་ཟེར་ཞིང༌། དེའི་ལོ་རྒྱུས་འཕེལ་རིམ་དང་གཡུལ་འགྱེད་ལ་ཞུགས་པའི་ལོ་རྒྱུས་སོགས་མདའ་ཤོག་གཉིས་པ་དང་གསུམ་པར་མཚུངས། སྤྱི་ལོ་1957ལོར་བོད་སྲིད་གཞུང་གི་ནོར་སྲིད་ལ་དཀའ་ངལ་བྱུང་བས་མདའ་ཤོག་འདིའི་དམག་མི་མང་ཤོས་རང་ཡུལ་དུ་ལོག
ཆ་དང་དམག་སྒར་ནི། མདའ་ཤོག་དྲུག་པ་ཡིན། འདི་ནི་མེ་སྒྱོགས་དམག་དཔུང་ཡིན་ལ་དམག་མི་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་འཇུན་པ་ངག་དབང་པད་མ་ཡིན། སྲུང་ཡུལ་གཙོ་བོ་ཚོ་པ་སོ་དགུ་དང་རི་བོ་ཆེ། དྲག་ཆས་ལ་མེ་སྒྱོགས་དྲུག་དང༌། སྦི་རིན་གྷང་བཅུ། ཨི་སི་ཀྲེན་གྷང་བཞི་བཅུ། མདའ་རིང་བཞི་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་དྲུག་པ་ནི་སྤྱི་ལོ་1912ལོའི་མཇུག་ཏུ་གཟིམ་ཆུང་བ་ཁ་ཤས་རྐང་འཛིན་གྱིས་སྒྲིག་འཛུགས་བྱས་ལ། མིང་ལ་སྒྱོགས་དམག་དམག་དཔུང་ཟེར་ཡང་དོན་ལ་མེ་སྒྱོགས་ཆུང་ཆུང་དྲུག་ལས་མེད། དེ་སྔ་དར་བེ་དང༌། འབའ་སོགས་ཀྱི་གཡུལ་འགྱེད་ཁྲོད་རྩ་ཐོར་དུ་སོང༌། སྤྱི་ལོ་1952ལོར་ལྷ་སའི་ཉེན་རྟོག་དམག་དཔུང་ལ་བསྒྱུར་ཅིང༌། གྲོང་ཁྱེར་ནང་དུ་ཉེན་རྟོག་ས་ཚིགས་ཉེར་བདུན་བཙུགས། བཅོས་སྒྲིག་བྱས་རྗེས་མདའ་དཔོན་འཇུན་པ་ཚེ་རིང་རྡོ་རྗེ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། 1959ལོར་ངོ་ལོག་ཟིང་འཁྲུག་ལ་ཞུགས་པས་ལ་ལ་ཚར་བཅད་ལ་ལ་བྲོས་བྱོལ་ཕྱིན།
ཇ་དང་དམག་སྒར་ནི། མདའ་ཤོག་བདུན་པ་ཡིན། རྐང་དམག་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་ཕུ་ལུང་པ་གྲགས་པ་ཚེ་བརྟན་ཡིན། སྲུང་ཡུལ་གཙོ་བོ་རི་བོ་ཆེ། དྲག་ཆས་ལ་མེ་སྒྱོགས་བཞི་དང༌། ཨི་སིན་གྷང་གཉིས། སྦི་རིན་གྷང་བཞི་བཅུ། དབྱིན་ཇིའི་ཁ་ཐུང་བཞི་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་བདུན་པ་མི་ལྔ་བརྒྱས་གྲུབ་ཅིང༌། སྤྱི་ལོ་1912ལོའི་ལོ་མཇུག་ཏུ་སྒྲིག་འཛུགས་བྱས། ཆབ་མདོའི་གཡུལ་འགྱེད་ཁྲོད་དམག་མི་ཁ་ཤས་མགོ་བཏགས། རྗེས་སུ་ཡོངས་རྫོགས་གྲལ་འཐོར་ཏུ་སོང༌། །
ཉ་དང་དམག་སྒར། ནི་མདའ་ཤོག་བརྒྱད་པ་ཡིན། རྐང་དམག་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་གླ་ཡ་བྱ་རིགས་པ་བསོད་ནམས་དབང་ཕྱུག་ཡིན། སྲུང་ཡུལ་གཙོ་བོ་བྲག་གཡབ། དྲག་ཆས་ཨི་སིན་གྷང་དང༌། སྦི་རིན་གྷང་གཉིས་ཁྱོན་བསྡོམས་པས་ཞེ་གཉིས། མདའ་རིང་ལྔ་བརྒྱ་བཅས་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་སྐོར། མདའ་ཤོག་བརྒྱད་པ་ནི་སྤྱི་ལོ་1950ལོའི་ཟླ་བ་10པར་ཆབ་མདོའི་གཡུལ་འགྱེད་ཁྲོད་ཡོངས་རྫོགས་བཙན་གྱིས་མགོ་སྒུར་དུ་བཅུག་རྗེས་ས་དེ་གར་རྩ་འཐོར་དུ་སོང༌།
ཏ་དང་དམག་སྒར་ནི། མདའ་ཤོག་དགུ་པ་ཡིན། རྐང་དམག་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་སྡེ་དགེ་སྲས་བསྐལ་བཟང་དབང་འདུས་ཡིནསྲུང་ཡུལ་གཙོ་བོ་སྨར་ཁམས། དྲག་ཆས་ཨི་སིན་གྷང་དང༌། སྦི་རིན་གྷང་གཉིས་ཁྱོན་བསྡོམས་པས་བཞི་བཅུ་ཞེ་གཉིས། ཨི་སི་ཀྲེན་གྷང་བཅོ་ལྔ། མདའ་རིང་ལྔ་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་དགུ་པ་ནི་སྤྱི་ལོ་1950ལོའི་ཟླ་བ་10པའི་ཚེས་བཅུ་གཅིག་ཉིན་སྨར་ཁམས་སུ་འོས་ལངས་བྱས་ཤིང༌། སྤྱི་ལོ་1951ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྐང་དམག་ཐོན་དགུ་པར་བསྒྱུར། སྤྱི་ལོ་1956ལོའི་མདའ་ཤོག་དེའི་མདའ་དཔོན་བསྐལ་བཟང་དབང་འདུས་ལ་ཏ་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ་ཅིང༌། དེ་སྔ་ཆབ་མདོའི་ཉེན་རྟོག་བདེ་སྲུང་ཁུལ་དུ་བསྡད་དེ་སི་ལིན་ཡོན་གཞོན་པ་སོགས་ཀྱི་ལས་ཀའི་འགན་བཞེས་མྱོང༌།
ཐ་དང་དམག་སྒར་ནི། མདའ་ཤོག་བཅུ་པ་ཡིན། རྐང་དམག་མི་གྲངས་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་ཤག་བྱང་ཟུང་པ་ངག་དབང་རྒྱལ་མཚན་ཡིན། སྲུང་ཡུལ་གཙོ་བོ་རྒྱ་མདའ། དྲག་ཆས་ཨི་སིན་གྷང་དང༌། སྦི་རིན་གྷང་གཉིས་ཁྱོན་བསྡོམས་པས་ཞེ་གཉིས་དང༌། མདའ་རིང་ལྔ་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་བཅུ་པ་ནི་ཆབ་མདོའི་གཡུལ་འགྱེད་ཁྲོད་མགོ་མི་སྒུར་ཐབས་མེད་བྱུང་རྗེས་ས་དེ་ག་ནས་ཐོར་ཏེ་རང་ཡུལ་དུ་ལོག
ད་དང་དམག་སྒར་ནི། མདའ་ཤོག་བཅུ་གཅིག་པ་སྟེ་ཕུ་ལི་སི་ཉེན་རྟོགདམག་ཤོག་ཡིན། རྐང་དམག་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་ཚ་རྡེ། སྲུང་ཡུལ་གཙོ་བོ་གྲོང་ཁྱེར་ལྷ་ས། དྲག་ཆས་ལ་གང་ཡོད་མ་གསལ། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་བཅུ་གཅིག་པ་ནི་བདེ་སྲུང་དམག་དཔུང་ཡིན་ཞིང༌། གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཀའི་འགན་ཁུར་ཡོད་པ་དང༌། གྲོང་ཁྱེར་ལྷ་སའི་མཁར་དཔོན་གྱིས་མདའ་དཔོན་གྱི་གོ་གནས་གཅིག་ལྕོགས་བྱས་ཡོད་ཅིང༌། ལོ་རྒྱུས་སྟེང་ཕུ་ལི་སི་ཟེར།
པ་དང་དམག་སྒར་ནི། མདའ་ཤོག་བཅུ་གསུམ་པ་ཡིན། རྐང་དམག་མི་གྲངས་ཆིག་སྟོང་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་མཁར་སྣ་པ་མཁའ་སྐྱོད་བདེ་ཆེན་དང༌། གུ་གུར་ཚེ་དབང་རིག་འཛིན། ཕུན་རབས་པ་ཚེ་རིང་བསྟན་འཛིན་བཅས་ཡིན། སྲུང་ཡུལ་གཙོ་བོ་འབྲི་རུ། ལྷ་རི། དྲག་ཆས་ལ་གང་ཡོད་དང༌། ལོ་རྒྱུས་འཕེལ་རིམ་སོགས་མི་གསལ།
ཕ་དང་དམག་སྒར་ནི། མདའ་ཤོག་བཅུ་བཞི་པ་ཡིན། རྐང་དམག་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་དགའ་བདེ་པ་རྣམ་རྒྱལ་རྡོ་རྗེ་དང༌། ཚེ་དབང་བསྟན་འཛིན་བཅས་ཡིན། སྲུང་ཡུལ་གཙོ་བོ་ནག་ཆུའི་སོག་སྡེའི་ས་ཁུལ། དྲག་ཆས་གང་ཡོད་དང་ལོ་རྒྱུས་འཕེལ་རིམ་གང་ཡིན་མི་གསལ།
བ་དང་དམག་སྒར་ནི། མདའ་ཤོག་བཅོ་ལྔ་པ་ཡིན། རྐང་དམག་མི་གྲངས་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་ཤག་བྱང་པ་བསོད་ནམས་རྡོ་རྗེ་ཡིན། སྲུང་ཡུལ་གཙོ་བོ་དང༌། དྲག་ཆས་ལ་གང་ཡོད་བཅས་ཀྱི་ཡིག་ཆ་ལག་སོན་མ་བྱུང་། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་བཅོ་ལྔ་པ་ནི་སྤྱི་ལོ་1932ལོར་བཙུགས་ཤིང༌། དེ་རྗེས་ཐོར་པ་དང༌། བཅིངས་འགྲོལ་འཐོབ་ཁར་བསྐྱར་གསོ་བྱས་ཏེ་མདའ་ཤོག་བཅུ་བཞི་པ་དང་བསྲེས།
མ་དང་དམག་སྒར་ནི། མདའ་ཤོག་བཅུ་དྲུག་པ་ཡིན། དམག་མི་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་ཞ་སྒབ་པ་བློ་བཟང་དོན་གྲུབ་ཡིན། སྲུང་ཡུལ་གཙོ་བོ་དང༌། དྲག་ཆས་ལ་གང་ཡོད། ལོ་རྒྱུས་འཕེལ་རིམ་གང་ཡིན་སོགས་ཡིག་ཆ་ཁ་གསལ་ལག་སོན་མ་བྱུང་། ཞིབ་འཇུག་གནང་ཡོད་ན་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་གཟིགས་པར་མཛོད།
བོད་ཡིག་གསལ་བྱེད་བཅུ་གཉིས་པ་ན་ནི་ནད་ཀྱིས་ན་བའི་དོན་ལ་ཡང་འཇུག་པས་བཀྲ་མི་ཤིས་པར་དགོངས་ནས་འདིར་མདའ་ཤོག་བཅུ་གཉིས་པའི་ཨང་རྟགས་བསྒྲིགས་མེད། གཞན་ཡང་མ་དང་ནས་ཝ་དང་བར་ཏེ་མདའ་ཤོག་བཅུ་དྲུག་ནས་ཉི་ཤུའི་བར་གྱི་ཨང་རྟགས་ནི་ཤོ་པ་མདོ་དང༌། དཔལ་འབར། ལྷོ་རོང་བཅས་ཀྱི་ས་ཁུལ་གྱི་ཡུལ་དམག་ལ་གནང་ཡོད་པ་རེད།
དར་བེ་དོན་རྐྱེན། ཆུ་གླང་སྤྱི་ལོ་1913ལོར་ཏྲེ་ཧོར་དར་རྒྱས་དགོན་པ་དང་བེ་རུ་དགོན་པ་གཉིས་འཁྲུག་པ་བྱས་ནས་བེ་རུ་དགོན་པ་ཕམ་ཉེས་བྱུང་། དེའི་ཕྱི་ལོ་1914ལོར་བེ་རི་དགོན་པས་སི་ཁྲོན་དམག་རྒྱབ་རྩ་ཁྲིད་ནས་དར་རྒྱས་དགོན་པ་དང་འཐབ། བོད་དམག་གིས་དར་རྒྱས་དགོན་པ་ལ་རྒྱབ་སྐྱོར་བྱས་ནས་སྤྱི་ལོ་1917ལོར་བོད་དམག་དཀར་མཛེས་རྫོང་དུ་སླེབས། དམག་འཐབ་བྱས་པས་བོད་དམག་ཕམ། སྡེ་དགེ་ཕུད་པའི་འབྲི་ཆུའི་ཤར་རྒྱུད་ཕལ་ཆེར་སི་ཁྲོན་དམག་གིས་བཟུང་པས་སྤྱི་ལོ་1918པའི་ས་རྟ་ལོར་ཉག་ཁོག་གི་མདོ་སྤྱི་ཆབ་མདོར་སྤོ་དགོས་པར་བྱུང་། བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཆབ་མདོར་བོད་རྒྱ་ཆིངས་ཡིག་དོན་ཚན་བཅུ་གསུམ་བཞག་སྟེ། དཀར་མཛེས་རོང་པ་ཚ་ཡན་ཆད་བོད་ས་གནས་སྲིད་གཞུང་གི་ཁོངས་སུ་གཏོགས་རྒྱུ་དང༌། འབྲི་ཆུ་ཤར་ནུབ་གཉིས་ཀྱི་སྡེ་དགེ་རྒྱལ་པོའི་མངའ་སྡེ་རྣམས་སྔར་བཞིན་སྡེ་དགེ་རྒྱལ་པོས་འཛིན་སྐྱོང་བྱ་རྒྱུ་ལ། མདོ་སྨད་སྤྱི་ཁྱབ་ཀྱིས་སྡེ་དགེ་འཇོ་མདའ་རུ་སྡེ་སྤྱི་ཟེར་བའི་དོན་གཅོད་ཁང་བཙུགས་པ་དང༌། ཐོག་མའི་སྡེ་སྤྱི་ཁྱུང་རམ་མདའ་དཔོན་དང༌། དེ་རྗེས་བཀྲས་མཐོང་མདའ་གྱིས་འགན་བཞེས་ཏེ་རྒྱུན་བཞུགས་མཛད་ཅིང་སྡེ་དགེ་རྒྱལ་པོ་དང་མཉམ་དུ་འཛིན་སྐྱོང་གི་ལས་ཀ་བྱེད་ཅིང་ཡོད་འདུག།
ཀམ་ཐོག་ཆིངས་ཡིག་《སྡེ་དགེ་རྫོང་སྲིད་གྲོས་དཔྱད་ཡིག་》ལས། སྤྱི་ལོ་1932ལོར་བོད་ཟླ་6པར་སི་ཁྲོན་དམག་གིས་བོད་དམག་ཀམ་ཐོག་བར་དེད། ལོ་དེར་ཀམ་ཐོག་གྲོས་མཐུན་ཞེས་པའི་ཆིངས་ཡིག་དོན་ཚན་དྲུག་བཞགགནས་སྐབས་འབྲི་ཆུས་བཅད་མཚམས་བྱས་པའི་འབྲི་ཆུའི་ཤར་རྒྱུད་ཤིས་ཁམས་ཞིང་ཆེན་གྱི་ཁོངས་གཏོགས་དང༌། འབྲི་ཆུའི་ནུབ་རྒྱུད་བོད་སྡེ་པ་གཞུང་གི་ཁོངས་གཏོགས་བྱས། འོན་ཀྱང་འབྲི་ཆུའི་ཤར་ནུབ་གཉིས་སུ་ཡོད་པའི་སྡེ་དགེའི་མངའ་སྡེ་རྣམས་སྔར་སོར་རང་འཇགས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་བྱས་ཐོག །སྡེ་དགེའི་ཤར་རྒྱུད་དུ་ཤིས་ཁམས་སྲིད་དོན་སྐུ་ཚབ་ཀྱི་ས་སྒོ་བཞག །སྡེ་དགེའི་ནུབ་རྒྱུད་ས་ཁུལ་དུ་མདོ་སྤྱི་ས་དབང་གི་ཁོངས་གཏོགས་བྱས། འབྲི་ཆུ་ཤར་ནུབ་གཉིས་ཀྱི་སྡེ་དགེའི་མི་སེར་རྣམས་ཀྱིས་སྡེ་དགེ་རྒྱལ་པོ་ལ་སྔར་སྲོལ་བཞིན་ཁྲལ་དང༌། འུ་ལག་ཅི་ཡོད་སྤྲོད་དགོས་པའི་ཁར། འབྲི་ཆུ་ནུབ་རྒྱུད་པས་བོད་ཁྲལ་དང༌། ཤར་རྒྱུད་པས་རྒྱ་ཁྲལ་སྤྲོད་དགོས་པ་མི་སེར་རྣམས་སྡུག་བསྔལ་བཟོད་མེད་མྱོང་དགོས་པའི་དུས་སྐབས་ཤིག་བྱུང༌། །