ཟིམ་པབ་ཝེ། ཆུ་སྲིན་གྱི་ཕ་ས།

བསོད་ནམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


ཟིམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཟིམ་པབ་ཝེ་ཞེས་པ་ནི་ཨ་ཧྥེ་རི་ཀའི་ལྷོ་ཁུལ་གྱི་སྐམ་སའི་རྒྱལ་ཁབ་ཅིག་ཡིན། ཟིམ་པབ་ཝེའི་ལྷོ་ཁུལ་ལྷོ་ཨ་ཧྥེ་རི་ཁ་དང་མཚེས་མར་བཅར་ཞིང་བྱང་རྒྱུད་ཟིམ་པི་ཡ་དང་འབྲེལ། ཤར་བྱང་མོ་ཟིམ་བྷིག་དང་འདབ་འབྲེལ་དུ་གནས། ཟིམ་པབ་ཝེ་ཞེས་པ་ནི་ས་གནས་དེ་གའི་ཧྲོ་ནའི་(Shona)སྐད་དུ་རྡོ་བའི་གྲོང་ཁྱེར་ཞེས་པར་འགྲེལ།

ཟིམ་པབ་ཝེའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྲོག་ཆགས་ཀྱི་རིགས་རྒྱུད་ཤིན་ཏུ་མང་། དེར་འཛམ་གླིང་ན་དཀོན་པའི་བསེ་རུ་ནག་པོའི་རིགས་ཡོད་པ་དང་། ཀུན་གྱིས་དེ་ལ་གསེར་ནག་པོ་ཞེས་འབོད། གཞན་ཟིམ་པབ་ཝེའི་གཙང་བོ་དང་མཚེའུ་ཡི་ནང་ཆུ་སྲིན་མང་པོ་འཚོ་ཞིང་། ཆུ་སྲིན་གྱི་པགས་རིགས་དང་འབྲེལ་བའི་ལས་རིགས་ཀྱི་འཕེལ་ཁའང་ཤིན་ཏུ་དར་བས་ཀུན་གྱིས་ཟིམ་པབ་ཝེ་ལ་ཆུ་སྲིན་གྱི་ཕ་ས་ཞེས་ཀྱང་འབོད།

དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་ནས་བཟུང་། ཟིམ་པབ་ཝེའི་བྱང་རྒྱུད་ཀྱི་ཟིམ་པིའི་གྲོག་རོང་དུ་རིང་ཚད་ལ་སྨི་1.5ཡོད་པའི་གཏུམ་འབྲུག་གི་འགྱུར་རྡོ་ཅུང་མང་པོ་རྙེད། གནའ་དཔྱད་པ་དག་གིས་ཞིབ་དཔྱད་བྱས་པ་ལྟར་ན། དེ་ནི་ཧ་ལམ་ལོ་ངོ་དུང་ཕྱུར་གཉིས་ནས་ལོ་ཁྲི་6500སྔོན་གྱི་གཏུམ་འབྲུག་ཆེན་པོ་ཞིག་ཡིན་པ་དང་། གནའ་དཔྱད་དེས་ཟིམ་པབ་ཝེའི་གཤིན་ས་དྲོན་མོའི་སྟེང་འོ་འཐུང་སྲོག་ཆགས་ཀྱི་རྒྱུད་འཕེལ་བའི་ལོ་རྒྱུས་བྱུང་སྔ་བ་མཚོན། རྡོ་ཆས་དུས་རབས་ཀྱི་མཇུག་མཐའི་དུས་སྐབས་སུ་ཟིམ་པབ་ཝེ་རུ་རི་དྭགས་རྔོན་གཤོར་ལ་བརྟེན་ནས་འཚོ་བའི་ཆེས་ཐོག་མའི་གདོད་མའི་མི་རིགས་ཏེ་ཁི་དབྱི་སང་མི་བྱུང་ཞིང་། རྗེས་ནས་ཧྲོ་ནའི་སྐད་སྨྲ་བའི་པན་ཋོ་མི་རིགས་གནས་དེར་ཐོན་ནས་ཟིམ་པབ་ཝེའི་མཚར་སྡུག་ལྡན་པའི་རིག་གནས་ལོ་རྒྱུས་བསྐྲུན། གསར་དུ་རྙེད་པའི་གདོད་མའི་ཤུལ་བཞག་དག་ལ་གཞིགས་ན། རྡོ་ཆས་ལག་ཆ་དེ་དག་ནི་ཐང་རྒོད་དང་ནགས་ཚལ། རྩྭ་ཐང་། གཙང་འགྲམ། དྲོད་གྲང་རན་པ་དང་ལོ་ཏོག་འཛོམས་ས། རི་དྭགས་མང་ས་བཅས་སུ་ཁྱབ་ཡོད་པ་དང་། གཞན་ད་དུང་ལུས་ཀྱི་བོངས་ཆེ་བའི་སྲོག་ཆགས་ཀྱི་འགྱུར་རྡོ་ཡོད་པར་མ་ཟད། སྲོག་ཆགས་ཆུང་གྲས་ཀྱི་འགྱུར་རྡོའང་མང་པོ་ལག་སོན་བྱུང་བས། དུས་དེར་ཟིམ་པབ་ཝེ་རུ་འཚོ་བའི་གདོད་མའི་ཚོ་བར་ཚོགས་ཁྱུ་འདུས་སྡོད་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་དུས་ཚིགས་ལྟར་རུ་ས་སྤོར་བའི་སྲོལ་ཡོད་པ་མཚོན། རྡོ་ཆས་བར་བའི་དུས་སྐབས་ཀྱི་ཟིམ་པབ་ཝེའི་རིག་གནས་ལ་སང་གའི་རིག་གནས་ཞེས་བྱ་ཞིང་། རྡོ་ཆས་ལ་མངོན་སུམ་གྱི་འགྱུར་བ་ཞིག་བྱུང་བ་ནི་རྡོ་བས་བཟོས་པའི་ཐོ་བ་དང་གྲི་སོགས་བྱུང་བ་དེར་ངོས་འཛིན།

གཞན་སྤྱི་ལོ་1928ནས་1930བར་ཟིམ་པབ་ཝེ་ནས་བྲག་བརྐོས་ལྡེབས་རིས་འགའ་གསར་དུ་རྙེད་པ་དང་། ལོ་རྒྱུས་ཆེད་མཁས་པ་དག་གིས་ལྡེབས་རིས་དེ་དག་གིས་ཁི་དབྱི་སང་མིའི་འཚོ་བ་གསོན་ཉམས་ལྡན་པར་མཚོན་ཡོད་པར་བཞེད། ལྡེབས་རིས་དག་ལ་ཚོན་གྱི་སྡེབ་ལེགས་ཤིང་བརྗོད་དོན་ཁྱབ་ཆེ་བ། བབ་ཆགས་ཤིང་ཐིག་རིས་གསལ་བའི་ཁྱད་ཆོས་མངའ། ལྡེབས་རིས་སུ་སྲོག་ཆགས་དང་ལྗོན་ཤིང་གི་སྣང་བརྙན་བཀོད་ཡོད་པར་མ་ཟད། སྤྱི་ཚོགས་འཚོ་བ་དངོས་དང་ཆོས་ལུགས་ཆོ་ག་མཚོན་པའི་རི་མོའང་མང་པོ་མཐོང་དུ་ཡོད། ལྡེབས་རིས་དག་ལས་མི་སྒེར་གྱི་རྣམ་པའམ་འཚོ་བ་བྲིས་པ་ཉུང་ཞིང་། དེ་ནི་སྐབས་དེའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བའི་དངོས་ཡོད་དང་མཐུན་པར་སྙམ། གཞན་ལྡེབས་རིས་ལས་མཆོད་འབུལ་གསོལ་འདེབས་སོགས་ཀྱི་ཆོས་ལུགས་ཆོ་གའི་རྣམ་པ་མང་པོ་ཞིག་ཀྱང་མཚོན་ཡོད་པས་ལྡེབས་རིས་དེ་དག་ནི་གནའ་བོའི་ཟིམ་པབ་ཝེའི་རིག་གནས་དང་ཆོས་ལུགས། སྤྱི་ཚོགས། ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་འཇུག་སྒོ་གལ་ཆེན་ཞིག་ཏུ་ངེས།

ཧྲོ་ན་མི་རིགས་དང་ཨིན་དྷེ་བྷེ་ལེ་མི་རིགས་ནི་ཟིམ་པབ་ཝེའི་རིག་གནས་ཀྱི་རྫོང་སྟུག་ཅིང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་མི་རིགས་གཉིས་ཡིན། མི་རིགས་འདི་གཉིས་ལ་ལོ་རྒྱུས་དང་ལྷ་སྒྲུང་དང་འབྲེལ་བའི་དཔེ་ཆོས་གཏམ་རྒྱུད་དང་། དམངས་ཁྲོད་གཏམ་རྒྱུད། གཏམ་དཔེ། སྙན་ངག་སོགས་ངག་རྒྱུན་རྩོམ་རིག་ཕུན་སུམ་ཚོགས། དུས་སྐབས་སོ་སོར་བྱུང་བའི་རྩོམ་ལུས་མི་འདྲ་བའི་དམངས་ཁྲོད་བརྩམས་ཆོས་འདི་དག་གིས་ཕྱིས་ཀྱི་ཟིམ་པབ་ཝེའི་རྩོམ་རིག་འཕེལ་རྒྱས་ལ་འཕྱར་བ་གྲུ་འདེགས་ཀྱི་ཕན་ནུས་ཐོན། པར་དུ་བཏབ་པའི་ཧྲོ་ནའི་སྐད་ཀྱི་བརྩམས་ཆོས་ཐོག་མ་ནི《ཧྥེ་སོ།》(Feso)ཞེས་པའི་སྒྲུང་ཐུང་དེ་ཡིན་ཞིང་། སྒྲུང་ཐུང་འདིར་ལོ་རྒྱུས་འཆར་ཡན་རིང་ལུགས་ཀྱི་འབྲི་ཐབས་ལ་བརྟེན་ནས་ཧྲོ་ན་མི་རིགས་ཀྱི་དཔའ་རྒོད་ཅིག་གི་སྣང་བརྙན་བཞེངས་བསྐྲུན་བྱས་པ་བརྒྱུད། མི་སེར་སྤེལ་མཁན་གྱིས་ཟིམ་པབ་ཝེ་ལ་བཙན་རྒོལ་མ་བྱས་པའི་ཡར་སྔོན་གྱི་ཧྲོ་ནའི་མི་རིགས་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་རྣམ་པ་མཚོན་ཡོད་པ་དང་། སྒྲུང་ཐུང་འདི་ལས་ཟིམ་པབ་ཝེའི་ངག་རྒྱུན་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དང་སྐད་ཆའི་མཛེས་པ་ཉིང་བསྡུས་ཀྱིས་མཚོན་ཡོད་པར་བཞེད།

ཧྲོ་ནའི་རྡོ་བརྐོས་སྒྱུ་རྩལ་ལས་ཧྲོ་ན་མི་རིགས་ཀྱི་སྣང་སྲིད་ལྷའི་རྣམ་རོལ་དུ་འདོད་པའི་ཆོས་ལུགས་དད་མོས་ཀྱི་སྲོལ་རྒྱུན་འདུ་ཤེས་མཚོན་ཞིང་། ཆོས་ལུགས་དང་འབྲེལ་བའི་བསྟན་དོན་ནི་ཧྲོ་ནའི་རྡོ་བརྐོས་སྒྱུ་རྩལ་གྱི་ནང་དོན་གལ་ཆེན་ཞིག་ཡིན། ཟིམ་པབ་ཝེའི་ལྷ་བྱ་ཞེས་པའི་རྡོ་བརྐོས་སྒྱུ་རྩལ་ནི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཤིག་ཏུ་བརྩི་ཞིང་། དེ་ནི་གནའ་བོའི་ཧྲོ་ནའི་མིས་བསྐྲུན་པའི་རྡོ་བརྐོས་བཟོ་བཀོད་ཅིག་ཡིན་ཞིང་རིང་ཚད་ལ་ལི་སྨི་50ཡོད། རྡོ་བརྐོས་བཟོ་བཀོད་དེའི་ལུས་པོ་གླག་དང་འདྲ་ཞིང་མགོ་བོ་ཕུག་རོན་དང་མཚུངས། འདི་ནི་ད་ལྟའི་བར་རྙེད་པའི་ཆེས་སྔ་བའི་ཧྲོ་ནའི་རྡོ་བརྐོས་ཁོ་ན་དེ་ཡིན་པ་དང་། ལོ་ངོ་500ལྷག་གི་ལོ་རྒྱུས་ལྡན་པའི་རྡོ་བརྐོས་དེ་ཉིད་ཟིམ་པབ་ཝེ་རྒྱལ་ཁབ་ཀྱི་ཁྱད་ནོར་དུ་ངོས་འཛིན།

སྐད་ཁུངས་ལྟར་ན། ཟིམ་པབ་ཝེ་ནི་ཧྲོ་ནའི་སྐད་ཡིན་ཞིང་། དེ་རྡོ་བའི་བཟོ་བཀོད་དམ་རྡོ་བའི་གྲོང་ཁྱེར་དུ་འགྲེལ། འགྲེལ་ཚུལ་འདི་ཟིམ་པབ་ཝེ་ཆེན་པོའི་གནའ་ཤུལ་དང་འབྲེལ་བ་ཡོད་པར་སྙམ། ཟིམ་པབ་ཝེ་ཆེན་པོ་ནི་གཞི་ཁྱོན་ཆེ་ཞིང་རྔམ་བརྗིད་ལྡན་པའི་གནའ་བོའི་རྡོ་བས་བསྐྲུན་པའི་བཟོ་བཀོད་ཆེན་པོ་ཞིག་ཡིན་ཞིང་། དབྱིབས་ཟླུམ་པོར་མངོན་ཞིང་ནང་དུ་ཁང་བ་དང་ཁྱམས་ར་ཡོད། གྱང་གི་མཐོ་ཚད་ལ་སྨི་9དང་མཐུག་ཚད་ལ་སྨི་5ཡོད། ལུང་བའི་གཞོང་རྒྱུད་ཀྱི་སྨི་གྲུ་བཞི་མ་ཁྲི་24ཡི་རྒྱ་ཁྱོན་དུ་རྡོ་བའི་བཟོ་བཀོད་མང་པོ་མཐོང་དུ་ཡོད་པ་དང་། དེ་དག་ནི་དུས་རབས་དྲུག་པ་ནས་བརྒྱད་པའི་བར་བསྐྲུན་པར་བཞེད། ཟིམ་པབ་ཝེ་ཆེན་པོའི་གནའ་ཤུལ་གྱི་ཕྱོགས་གསུམ་རི་བོས་ཡོངས་སུ་བསྐོར་ཞིང་། ཕྱོགས་གཅིག་མེ་ལོང་ཐང་ལ་ལྷུང་འདྲའི་མཚེའུས་བརྒྱན་ཡོད། གནའ་ཤུལ་འདི་ནང་མཁར་དང་ཕྱི་མཁར་གཉིས་ཀྱིས་གྲུབ་ཡོད་པ་དང་། ནང་མཁར་ནི་རི་ངོས་སུ་བསྐྲུན་ཡོད་པས་འཇོང་དབྱིབས་སུ་མངོན་ཞིང་། མཁར་ནང་དུ་སྙུང་དབྱིབས་ཅན་གྱི་མཆོད་རྟེན་དང་ལྷ་ཁང་། ཕོ་བྲང་སོགས་བཞེངས་ཡོད། གནའ་ཤུལ་འདི་དག་ནི་རྡོ་བས་བསྐྲུན་པ་ཡིན་ཞིང་། རྡོ་ལེབ་ཕན་ཚུན་བར་དངོས་པོས་བར་ཆོད་མེད་ནའང་ཚགས་དམ་ཞིང་ཕྱི་ངོས་གྲལ་དག་ཏུ་མངོན།

ཝེ་ཊོ་ལེ་ཡ་རྦབ་ཆུ་ནི་ཟིམ་པི་ཡ་དང་ཟིམ་པབ་ཝེ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། དེ་ནི་དབྱིན་ཇིའི་མྱུལ་དཔྱད་པ་ལི་ཝིན་སི་ཊོན་གྱིས་དབྱིན་ཇིའི་རྒྱལ་མོ་ཝེ་ཊོ་ལེ་ཡའི་མཚན་ལྟར་བཏགས་པ་ཡིན། རྦབ་ཆུའི་འབབ་ཡུལ་དེ་ནི་མ་གཞི་ནས་འཛམ་གླིང་ན་མཐོང་དཀོན་པའི་རང་བྱུང་གི་གྲོག་རོང་ཞིག་ཡིན་ཞིང་། གཡར་གཟར་གྱི་བྲག་ངོས་སུ་དར་དཀར་དཔྱངས་པ་དང་འདྲ་བའི་རྦབ་ཆུའི་ཆུ་རྒྱུན་རིང་མོ་དང་། མུ་ཏིག་ཕྱོགས་བཞིར་འཐོར་འདྲའི་ཆུ་ཐིགས་ཀྱི་རྡོག་པ་རེ་རེ། ནང་སེམས་དངངས་པར་བྱེད་པའི་རྦབ་ཆུའི་འབབ་སྒྲ་སོགས་ཀྱི་རང་བྱུང་གི་མཛེས་པ་དག་སྐྱེ་འགྲོ་ཀུན་གྱི་མིག་གི་དཔལ་དང་སེམས་ཀྱི་ལོངས་སྤྱོད་དུ་གྱུར་ཡོད།

ཟིམ་པབ་ཝེ་ནི་གནའ་ནས་མི་རིགས་མང་པོ་འདུས་སྡོད་ཀྱི་ཡུལ་ཁམས་ཤིག་ཡིན་པས་རོལ་མོ་དང་ཞབས་བྲོ་ལའང་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན། དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་ཞིང་རྨོ་བ་དང་ཕྱུགས་སྐྱོང་བ། རི་དྭགས་རྔོན་པ་སོགས་ངལ་རྩོལ་དང་འབྲེལ་བའི་གླུ་གར་མང་པོ་བྱུང་།
ཟིམ་པབ་ཝེའི་ཆེས་མིང་དུ་གྲགས་ཤིང་ཆེས་ཚབ་མཚོན་རང་བཞིན་དུ་བགྲངས་པའི་རོལ་ཆས་ནི་མོ་བྷེ་ར(Mbira)ཞེས་པ་དེ་ཡིན་ཞིང་། རོལ་ཆོས་འདི་ནི་ཟིམ་པབ་ཝེ་མ་ཟད། ཧྥེ་གླིང་ལྷོ་མ་དང་ཧྥེ་གླིང་ཤར་ལྷོའི་རྒྱུད་ཀྱི་མི་རིགས་ཡོངས་ལ་ཁྱབ་པའི་དམངས་ཁྲོད་ཀྱི་རོལ་ཆོས་ཤིག་ཡིན། མོ་བྷེ་ར་རོལ་ཆོས་ཀྱི་རམ་འདེགས་ལ་བརྟེན་ནས་འཁྲབ་པའི་བྲོ་ལ་རོ་བྷེ་ར་ཞབས་བྲོ་ཞེས་བྱ་ཞིང་། ཞབས་བྲོ་དེའི་ཁྱབ་རྒྱ་ཤིན་ཏུ་ཆེ། ཧྥེ་གླིང་རྒྱལ་ཁབ་དག་གི་གླུ་གར་ཁྲོད་མེད་དུ་མི་རུང་བའི་རོལ་ཆོས་གཞན་ཞིག་ཡོད་པ་དེ་ནི་རྔ་ཡིན་ཞིང་། རྔ་དཀྲོལ་སྟངས་ཐད་ཁྱད་པར་ཆེན་པོ་མེད་པ་དང་། རྔའི་དབྱིབས་ཚུལ་དང་བཟོ་སྟངས་ལ་ས་གནས་སོ་སོར་མི་འདྲ་བའི་ཁྱད་ཆོས་ལྡན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1